ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི་ཨ་ཕྱི་ལགས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དབྱངས་ཅན་ལྡིང་ཁང་།   སྤེལ་དུས། : 2020-05-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ངའི་ཨ་ཕྱི་ནི་ངའི་ཨ་ཕའི་ཨ་མ་ཡིན། ཆོ་མེད་པའི་འགྲེལ་བ་འདི་འདྲ་ཞིག་རྒྱག་དོན་ནི། ཨ་མའི་ཨ་མ་ལའང་ཨ་ཕྱི་ཟེར་བ་ཡིན་པས་ལགས། ཨ་ཕྱི་ཟེར་བའི་འབོད་མིང་འདི་ནི་ཕལ་ཆེར་ཡིག་སྐད་ཅིག་ཡིན་ས་རེད། ཨ་མདོའི་འབྲོག་སྐད་དུ་ཕལ་ཆེར་ཨ་ཕྱི་ལ་འབོད་མིང་མེད་པ་འདྲ། ཨ་མ་ལོ་ལོན་ཟེར་བ་ཞིག་ཡོད་མོད། ཁྱད་པར་ལྟ་བུ་ཞིག་སྦྱར་འདུག་པས་ཚིག་ཡིན་པ་འདྲ། ཨ་མདོའི་རོང་སྐད་དུ་ཨ་ཡེ་ཞེས་ཟེར། ལྷ་སའི་སྐད་དུ་ནི་རྨོ་ལགས་དང་། ཚིག་མཛོད་ཁག་ཏུའང་རྨོ་བོ་དང་རྨོ་མོ་ཟེར་བའི་སོ་ནམ་བྱེད་མིར་འདྲ་ཚོད་ཅིག་བཏགས་ཡོད།

མངའ་རིས་པས་ཨ་ཕྱི་ལ་ཨེ་ཕི་ཡི་ཟེར་བ་རེད། དང་པོ་གོ་མ་ཐག་ངས་རྒྱ་གར་གྱི་སྐད་ལྟ་བུ་ཞིག་མིན་ནམ་བསམས་བྱུང་། མངའ་རིས་དང་རྒྱ་གར་ཕན་ཚུན་ཁད་ཉེ་ཁར་ཚོང་འདུས་སོགས་ཀྱང་གནའ་ནས་ཡོད་ཅིང་། སྐད་རིགས་ལ་ཤན་ཤུགས་འདྲེས་པ་མང་དུ་ཡོད་པས། ང་ལ་ཁག་མེད་དོ། །ཕྱིས་སུ་ག་ལེར་ཞིབ་འཇུག་བྱས་པས། མངའ་རིས་པའི་སྐད་དུ་ཡི་གེ་གཏོར་ནས་བཀླགས་ཉམས་ཀྱི་སྒྲ་ཤུལ་ཤིན་ཏུ་མང་བས་ཡིན་འདུག དཔེར་ན། ངས་ཁོ་ཚོས་ཕྱེད་ཀ་ལ་ཕེ་ཡེད་ཀ་དང་། འཕྱི་པོ་ལ་འཕི་ཡི་པོ་ཞེས་ཟེར་བ་སོགས་ཧ་གོ་རྗེས། ཨ་ཕྱི་ལ་ཨེ་ཕི་ཡི་ཟེར་བ་ལའང་གོ་བ་ལེན་བདེ་པོ་བྱུང་། འོ་ན་ཨ་དེ་ཨེ་ལ་ཇི་ལྟར་འགྱུར་བ་རེད་ཅེ་ན། དེའང་མངའ་རིས་པའི་སྐད་ལུགས་ཀྱི་ཁྱད་ཆོས་ཤིག་སྟེ། ཨ་ཅེ་ལ་ཨེ་ཅེའམ་ཨེ་ཞེ་ཟེར་བ་ལྟར། ཨ་ཕྱི་ལའང་ཨེ་ཕི་ཡི་ཟེར་བ་རེད།

ཨ་མདོའི་སྐད་དུ། ཁུ་བྱུག་ལ་ཁུ་ཡུག་དང་། རྨ་བྱ་ལ་རྨ་ཡ་སོགས་ཟེར་སྲོལ་ཡོད་པར་བལྟས་ན། གོང་དུ་བཤད་པའི་ཨ་མདོའི་རོང་སྐད་དུ་ཨ་ཡི་ཟེར་བ་དེའང་དེ་འདྲ་ཞིག་ཏུ་གྱུར་པ་འདྲ། ཨ་ཡི་ཟེར་བ་ནི་རྒྱ་སྐད་འདྲ་འདྲ་ཞིག་ལ་གོ་ནོར་ཡོད་མོད། རྒྱ་སྐད་དུ་ཨ་ཕྱི་ལ་ཨ་ཡི་ཟེར་གྱིན་མེད་ཚོད།

གང་ལྟར་ཨ་ཕ་ཨ་མའི་ཕྱི་མོ་ཡིན་པའི་མི་དེའི་སྐོར་གྱི་ལྷུག་རྩོམ་ཞིག་འབྲི་བསམས་པ་ཡིན་མོད། ཞར་བྱུང་དུ་འགྲེལ་བཤད་ལྡབ་ལྡིབ་འགའ་ཡང་ཤོར་སོང་བས།རྩོམ་ཡིག་ལ་ཞྭ་གཡོགས་པ་ཞིག་ཏུ་གྱུར་ཡོད་ན་དགོངས་དག

ངའི་ཨ་ཕྱི་ལགས་ནི་ངའི་རྩོམ་རིག་དགེ་རྒན་དང་པོ་དང་། ལོ་རྒྱུས་དགེ་རྒན་ཐོག་མ་དེ་ཡིན་ཟེར་ནའང་མི་ཆོག་པ་མེད། ང་རང་བསམ་བློ་གཏོང་ནུས་མི་ནུས་ཙམ་གྱི་མཚམས་ནས། ཨ་ཕྱི་ལགས་ཀྱིས་ང་ལ་ཁེད(གབ་ཚིག)མང་པོ་བཤད་མྱོང་ཡོད་ལ། མ་ཁེད་ན་རུ(ཁྱིམ་ཚང)བྱིན་ནས་ཁེད་ལན་ཉོ་བ་ལས། ལྟག་སྒོ་འཛུལ་ས་དང་རྩིབ་རྡོ་རྒྱག་ས་ཞིག་གཏན་ནས་མེད། ཁེད་ལན་ཤེས་པར་འདོད་པའི་མཚར་སྣང་དང་འགུག་ཤུགས་ཀྱིས། ངས་ཕ་མ་དང་གཅེན་པོ་སོགས་ལ་ཁྱིམ་ཚང་གཞན་དག་གི་སྐོར་མང་དུ་འདྲི་རྒྱུ་ཐུག དེའི་རྐྱེན་གྱིས། ང་རང་ཧ་ཅང་ཆུང་དུས་ནས་བཟུང་། ངེད་ཀྱི་གྲོང་ཚོར་ཁྱིམ་ཚང་བརྒྱ་ལྷག་ཡོད་པའི་ཁྱིམ་བདག་རྣམས་ཀྱི་མིང་མ་ནོར་བར་བཤད་ཤེས་ཀྱིན་ཡོད། དེང་སང་གི་བྱིས་པ་རྣམས་ཀྱིས་ཁྱིམ་ཚང་གཞན་ཕར་ཞོག རང་གི་ཉེ་ཚན་དུ་གཏོགས་པ་དག་ཀྱང་། ཏན་ཏན་ཞིག་བགྲང་ཤེས་ཀྱིན་མི་འདུག ལོ་སར་ལ་ཉེ་ཚེ། ཨ་ཕྱིས་ང་ལ་དམངས་གླུ་དང་གླུ་ཤགས་སྟབས་བདེ་མང་པོ་སློབ་པ་ཡིན། གླུ་ཤགས་ནི་མི་ལ་སྙད་བརྐོ་ཐབས་ཀྱི་རྣམ་པ་ཞིག་ཡིན་པས། ང་གླུ་ཤགས་རྐྱང་རྐྱང་སྦྱོང་བ་ལ་མོས་པ་ཆེ། གླུ་ཤགས་ནི་སུ་ལ་ག་ཚོད་མང་བ་ཡོད་ན་དེ་ཚོད་ཀྱིས་ཡག་ཏུ་རྩི་ཞིང་། ཕན་ཚུན་རེས་མོས་ཀྱིས་ལན་འདེབས་པ་ལྟ་བུར་ལེན་པ་ཡིན་པས། ལོ་སར་སྐབས་སུ་ང་ཚོ་ལོ་མཉམ་དག་གྲོང་པ་རེ་རེར་གཏུགས་ནས་གླུ་ཤགས་ཤེས་མཁན་རྣམས་ལ་འགྲན་སློང་སྲོལ་ཡོད། སྐབས་དེ་ཤེད་ཅིག་ལ་ང་ལ་གླུ་ཤགས་བཞི་བཅུར་ལོངས་པ་ཞིག་ལེན་རྒྱུ་ཡོད་དེ། ཇ་སུན་ཙམ་ལ་བླངས་ཀྱང་མི་ཚར་མོད། གློ་བུར་དུ་ཡིད་ལ་དྲན་མ་དྲན་གྱི་ཆགས་ཐོགས་མང་ཙམ་བྱུང་མྱོང་ཡོད། ཁེད་དང་གླུ་ཚང་མ་ཚིགས་བཅད་ཡིན་པས། ང་ལ་རྩོམ་འབྲི་བའི་བག་ཆགས་ཐོག་མ་དེ་ཨ་ཕྱི་ལགས་ཀྱིས་གནང་བྱུང་། བག་ཆགས་དེ་འདྲ་ཞིག་ཡོད་པའི་རྐྱེན་གྱིས། ཕྱིས་སུ་རྩོམ་ཡིག་སོགས་འབྲི་བ་ལ་བོད་སྐད་རྣལ་མ་དག་གི་བྲོ་བ་རང་ཆས་སུ་འོང་བ་ཞིག་ཡོད། གལ་ཏེ་འདི་ལ་ལག་ཆགས་ནས་ཆེད་དུ་སྦྱོང་དགོས་ན་ནི་ཧ་ཅང་ཁག་པོ་ཞིག་ཡིན་པ་འདྲ།

ང་རང་ཆུང་དུས་སུ། རྐང་པ་དང་རྐུབ་སོགས་ལ་ཚེར་མ་ཟུག་ཡོད་པ་བཞིན་སྡོད་ཚུགས་པོ་ཞིག་ལར་ནས་མེད་ཅིང་། སེམས་ཀྱི་རང་བཞིན་ཡང་དམུ་རྒོད་ཀྱི་མཐར་ཐུག་ཅིག་ཡིན་པས། ཕ་མ་གཉིས་ནས་ང་ལ་གཤེ་གཤེ་གཏོང་རྩིས་བྱེད་སྐབས། ཨ་ཕྱི་ལགས་ཀྱིས་ངའི་སྲོག་བསྐྱབ་རྒྱུ་རེད། ཨ་ཕྱི་ལགས་ཆོས་མཇལ་སོགས་སུ་སོང་བ་ཡིན་ན། ངས་ཁྱིམ་དུ་གྲགས་འགུལ་ཆེན་པོ་ཅང་བཟོ་རྒྱུ་མ་རེད།

ཨ་ཕྱི་ལགས་ནས་རྒྱུན་དུ། གནའ་གཏམ་ཡང་མང་པོ་བཤད་པ་ཡིན་པས། དེའི་ཁྲོད་དུ་བློ་རིག་དང་ཐབས་ཤེས། ཡ་རབས་ཀྱི་གནས་ལུགས་སོགས་ཧ་ལས་དགོས་པ་ཇི་སྙེད་བསྟན་ཡོད། རྟག་པར་ཨ་ཕྱི་དང་ཕ་མ་ཁོ་ནའི་གནའ་གཏམ་ལ་མཉན་ན། སུན་སྣང་ཏིལ་ཙམ་རེ་ཡང་ཡོད་དེ། རྩེད་རོགས་ཀྱིས་ངའི་ནང་མིར་དགོངས་པ་ཞུས་ན།ང་རང་ཁོའི་ཁྱིམ་དུ་ཞག་སྡོད་བྱེད་པའི་སྟབས་ཀ་འགྲིག་རྒྱུ་ཡོད། དེ་གར། ཁེད་དང་གནའ་གཏམ་གསར་པར་ཉན་ཐུབ་ཀྱིན་ཡོད་ལ། གལ་སྲིད་གཅིག་པ་ཡིན་ནའང་།བཤད་སྟངས་དང་།གོ་རིམ་ཡོང་ཚུལ་མ་འདྲ་བ་ཙམ་གྱིས་ཀྱང་ཡིད་ཀྱི་དང་བ་འདྲེན་ལུགས་མི་འདྲ་བ་ཡོད། ང་ཐེ་བའི་མི་རབས་འདིར་ཕལ་ཆེར་ལ་འདི་འདྲའི་བརྒྱུད་རིམ་ཞིག་ཡོད་ངེས་པས། ཚང་མར་དམངས་སྲོལ་རིག་གནས་ཀྱི་བག་ཆགས་ཅུང་ཟད་མཐུག་པ་ཡིན།

ཨ་ཕྱི་ལགས་ཀྱིས་ང་རང་དང་ཤིན་ཏུ་ཐག་ཉེ་བའི་རིགས་རུས་ཆོ་འབྲང་གི་མི་རྒྱུད་བཀྲམ་ཚུལ་སོགས་ཀྱང་ང་ལ་རྒྱུ་མ་འདེད་འདེད་ཀྱིས་རྩི་མྱོང་ཡོད་ཅིང་། དེ་ལས་ཅུང་ཟད་རིང་བ་རིག་གནས་གསར་བརྗེའི་སྐོར་དང་། དེ་ལས་ཀྱང་ཅུང་ཟད་སྔ་བ་ལྔ་བཅུ་ང་བརྒྱད་ཀྱི་སྐོར་སོགས་མང་དུ་བཤད་མྱོང་ཡོད། ཨ་ཕྱི་ལགས་ཀྱི་བཤད་སྟངས་དེ་ནི། དེང་སང་གི་སློབ་ཁྲིད་བྱེད་སྟངས་ལྟ་བུའི་གཟབ་ནན་དུ་ཡོད་པ་ཞིག་མིན་ནའང་། ཁོང་པ་ཅག་བརྒྱུད་ཅིང་མྱངས་ནས་ཡོང་བའི་སྡིག་སྡུག་གི་ཚོར་བ་དེ། གསོན་ཉམས་ལྡན་ཞིང་མིའི་བློ་ཁ་དབང་མེད་དུ་གཉོམ་དུང་ངེར་བཟོ་ཐུབ་པ་ཞིག་གོ་རྒྱུ་ཡོད། ང་རང་འདྲི་དགའ་ཆེ་ལུགས་ཀྱིས། ཤི་བོ་ཤི་མོ་མང་དག་ཅིག་གི་མིང་དང་གནས་ཚུལ་སོགས་ཀྱང་། ཨ་ཕྱི་ལགས་ལ་བཤད་འདོད་མེད་པ་བཞིན་དུ། འོ་བརྒྱལ་བཟོས་པ་མང་པོ་ཡོད། འཁྲིས་སུ་ཨ་མས་གོ་ནའང་། ཚེ་མི་ཟད་རྒྱུ་བོ། ཁྱོད་ལ་དེ་ཚོའི་མིང་གིས་ཅི་བྱེད་དམ་སོགས་ཀྱི་དགག་གཞག་གཏོང་བ་ཡིན།  

ཁྱིམ་གྱི་དོ་ཆའི་དམའ་ས་ན། ཨ་ཕྱི་ལགས་ཀྱི་སྒམ་ཡོད། སྒམ་དེའི་ཕྱི་ངོས་ལ་བལྡགས་ནའང་ཀ་ར་བྲོ་བ་ཞིག་ཡོད། ཨ་ཕྱི་ལགས་ཀྱིས་སྒམ་གྱི་སྒོ་འབྱེད་ཐེངས་རེ་རེར་ང་ལ་དངོས་གྲུབ་མི་ཉུང་བ་རེ་འཐོབ་རྒྱུ་ཡོད། ངས་ཆུང་དུས་སུ་སྒམ་དེ་ནི་ཡོད་རྒུ་འཛོམས་པའི་བང་མཛོད་ཅིག་ཏུ་བསམས་མྱོང་ཞིང་། ང་ལའང་སྒམ་དེ་འདྲ་ཞིག་ཡོད་ན་ཅི་མ་རུང་སྙམ། ཨ་ཕྱི་ལགས་ཅ་ལག་ཉར་ཚགས་ལ་ཤིན་ཏུ་དགྱེས་པོ་ཡོད་པས། དེའི་ནང་དུ། ཆུ་ཚོད་ཀྱི་རིགས་དང་། མཛུབ་དཀྲིས་ཕྲ་རྒྱན་ཅན། གདུ་བུ་སྣ་ཚོགས། མགོ་རས་ཅི་རིགས། ཟ་འོག་གི་གོས་སྣ་ལྷབ་ལྷུབ། སྲམ་གྱི་དྲ་རས་ཐད་ཐེད། ཀྲད་གོར་དང་། ལྟེབ་གྲི། སྐུད་པའི་གྲུ་གུ། གློག་ཞུ་དང་། གློག་མྱིག གློག་རྡེའུ་སོགས་དང་། ད་དུང་ང་ལ་གསང་བར་གྱུར་པའི་ནོམ་པ་ཡ་མཚན་ཡང་མང་མོད། དེ་དུས་ངའི་མིག་འཕྲུལ་ས་དང་། སེམས་འཆོར་ས་ནི། རྒུན་འབྲུམ་སྐམ་པོ་དང་། ཀ་ར་ཡང་ཐང་། བྱེ་མ་ཀ་ར་དང་། ལྕང་སིལ་ནག་ལུག་རྣམས་ཡིན། ཕྱིས་སུ་ཨ་ཕྱི་ལགས་ཀྱི་སྒམ་དེ་འདྲ་ཞིག་བདག་ལའང་ཡོད་པར་གྱུར་ཅིང་། ཨ་ཕྱིའི་སྒོར་ཁུག་དྲེག་པ་ཅན་དེ་དང་། ཀ་ར་ཉར་སྣོད་ཀྱི་ལྕགས་སྒམ་གྲུ་བཞི་མ་དེ་ཚོ། ད་དུང་ཨ་ཕྱིས་ཚེམ་དྲུབ་གནང་སྐབས་ཀྱི་ཀྲད་ཀོར་བཅས་ངའི་སྒམ་དེའི་ནང་དུ་བསྲེལ་ཡོད་ལ། དེར་མ་ཟད། ངའི་ཆུང་དུས་ཀྱི་སྐྱིད་སྣང་གཡའ་དག་པ་དེ་དག་ཀྱང་སྒམ་དེའི་ནང་ལ་བཞག་ཡོད།

ལོ་སར་སོགས་སུ། ཨ་ཕྱི་ལགས་ལ་ལེགས་སྐྱེས་འབུལ་མཁན་ཧ་ཅང་མང་། དེ་དག་ཧ་ནི་བོ་ཆེ་ཆུང་འོས་འཚམ་གྱིས་བསྡུ་གསོག་རྒྱག་མཁན་རྟག་པར་ང་བྱེད་ལ། དབང་ཆ་དེ་འདྲ་ཞིག་ཡོད་ཤུགས་སུ། ལྐོག་ཟ་མཉམ་མི་འཇོག་པ་རེའང་བྱེད་རྒྱུ་རེད། འོན་ཀྱང་རུལ་སུངས་ཀྱི་ཚད་ལ་འགྲོ་མ་མྱོང་། ང་རང་སློབ་གྲྭ་གྲོལ་ཐེངས་རེ་རེར། ས་ནས་མིན་རུང་གནམ་ནས་ཡིན་རུང་། སྒོར་མོ་འགའ་རེ་ཡོད་པར་བྱས་ནས། ཨ་ཕྱི་ལགས་ལ་ཤིང་ཏོག་དང་། སིལ་ཁུ་རེ་ཉོ་ངེས་པ་ཡིན་ཏེ། ནམ་ཡང་ལག་སྟོང་ངང་ཨ་ཕྱི་ལགས་ལ་ཐུག་རྒྱུ་ཞིག་དཔེ་མི་སྲིད། རང་དང་གློ་བ་ཉེ་བའི་མི་དག་ལ་ལེགས་སྐྱེས་ཆེ་མ་ཆུང་གསུམ་རེ་སྟེར་རྒྱུ་ནི་དེང་སང་ཡང་བདག་ལ་གོམས་གཤིས་མ་སྟོང་ཙམ་ཞིག་ཡོད།

ཨ་ཕྱི་ལགས་ལོ་ན་བགྲེས་སུ་སོང་བ་དང་བསྟུན་ནས། མིག་ཤེས་ཀྱི་མཐོང་ཤེད་ཀྱང་ཇེ་རྟུལ་དུ་སོང་ཞིང་། ང་རང་སློབ་གྲྭར་བཅའ་སྡོད་བྱེད་པའི་སྐབས་ཤིག་ལ། ཨ་ཕྱི་ལགས་ཀྱི་མིག་བཀབ་འདུག་ཅེས་ཧ་ཅང་ཡ་ང་བའི་གནས་ཚུལ་དེ་གོ་བས། མཚན་མོ་མང་པོ་ཞིག་ལ་ང་རང་ཁ་རོག་གེར་ངུས་མྱོང་། ལོ་གཅིག་གི་དབྱར་གནང་དགུན་གནང་ཙམ་ལ། བདག་གིས་ཨ་ཕྱི་ལགས་ཆབ་གསང་དང་ཕྱག་སྐོར་སོགས་ལ་འགྲོ་བར། ལག་པ་འཇུས་ཏེ་ཁྲིད་རོགས་བྱས་པ་དང་། ང་རང་ལོང་བར་མ་གྱུར་ཡང་། ཨ་ཕྱིའི་ཚོར་བ་ཅི་ཡིན་བདག་གིས་དངོས་སུ་ཤེས་པ་འདྲ་ཞིག་ཡོད་པས། དུས་ཚོད་རེ་རེའི་གནམ་གཤིས་འགྱུར་སྟངས་དང་། སྤྲིན་པའི་འཁྲིགས་སྟངས། རླུང་བུས་རྩི་ཤིང་སྒུལ་སྟངས་དང་། གྱང་ཁའི་བྱེའུའི་ཁ་གྲངས། ལམ་ཁའི་འཕྲུལ་འཁོར་གྱི་མགྱོགས་བུལ། ཕྱི་དྲོའི་ཕྱུགས་ཟོག་ལྷས་ལ་འཁོར་སྟངས་སོགས་ཧ་ཅང་ཞིབ་ཚགས་ཡོད་བསམས་པ་རེ་ཨ་ཕྱི་ལགས་ལ་ཇི་མ་ཇི་བཞིན་དུ་བཤད་མྱོང་ཡོད་ཅིང་། འགྲུལ་བ་སོགས་སླེབས་ནའང་། དེ་དག་གི་སྐད་ཆའི་འབྲུ་དང་། རྣམ་འགྱུར། འཛུམ་མདངས། འགུལ་ལུགས་འཕག་སྟངས། གཉེར་མ་སྡུད་སྟངས་སོགས་ལ་མཉམ་བཞག་བཞག་གིས་འགྲུལ་བ་རྣམས་སོང་རྗེས་སུ་རྒྱབ་བཤད་ལྟ་བུ་ཞིག་ཨ་ཕྱི་ལགས་ལ་བཤད་སྲོལ་ཡོད། དེའང་སྐད་ཆ་རེ་རེའི་གོ་རིམ་དང་སྦྲགས་ནས། སྐད་ཆ་འདི་བཤད་དུས། ཁོ་ཚོས་འདི་བྱས་སོང་། སྐད་ཆ་ཀན་བཤད་དུས། ཁོ་ཚོས་ཀན་བྱས་སོང་སོགས་བདག་གི་གཟབ་ནན་གྱི་ཚུལ་འདིས་ཨ་ཕྱི་ལགས་ལ་མཐོང་བའི་མིག་ཚབ་ཅིག་གི་གོ་དང་། ང་རང་ལའང་བྱ་དངོས་ཞིབ་འཇུག་དང་། རྩོམ་འབྲིའི་ཞིབ་ཆ་སོགས་ལ་ཕན་པ་རྒྱ་ཆེན་གྱི་གོ་ཆོད་པས། དམའ་འབྲིང་གཉིས་པའི་སྐབས་ཙམ་ལ། རྫོང་ཡོངས་ཀྱི་རྩོམ་ཡིག་འགྲན་སྡུར་ཨང་དང་པོ་དེ་བདག་ལ་ཐོབ། དེ་བས་ཀྱང་དགའ་འོས་པ་ཞིག་ལ། ཕྱིས་སུ་ནང་ཚགས་མོས་མཐུན་གྱིས་ཨ་ཕྱི་ལགས་ཀྱི་སྤྱན་ལ་གཤག་བཅོས་ཀྱི་དགེ་བ་བརྩམས་ཏེ། རིང་པོར་མ་ཐོགས་པར། འཇིག་རྟེན་གྱི་ཁ་དོག་དང་། གཡོ་འགུལ་གྱི་རྣམ་པ་དེ་སླར་ཡང་ཨ་ཕྱི་ལགས་ཀྱི་མཐོང་སྣང་གསོན་པོའི་ལོངས་སྤྱོད་དུ་ཤར།

འཕྲུལ་ཆས་དག་རྙིང་སོང་ན། ཆག་སྐྱོན་དང་རྒུད་པས་བདག་གིར་བཞེས་སྲིད་པ་ལྟར། མི་ཞིག་རྒས་ཚར་དུས་ཀྱང་། དབང་པོ་དང་ལུས་སྟོབས་ལ་ལ་ཉེ་དེ་ཙམ་མེད། ཨ་ཕྱི་ལགས་ཀྱི་རྣ་བའི་ནུས་པ་ཇེ་ཞན་དུ་གྱུར་པ་དེས། ང་ལ་སིམ་གདུང་གཉིས་ཀྱི་ཚོར་བ་སྦྱིན། ནང་མིས་ལབ་བཞིན་པའི་སྐད་ཆ་དག་ཨ་ཕྱིས་གསལ་པོ་ཞིག་མ་གོ་ན། བསྐྱར་དུ་འདྲི་ཞིང་། བསྐྱར་དུ་དྲིས་ན། ཁོ་ཚོས་ཅང་མ་རེད་ཟེར་ལ། ཅང་མ་རེད་ཅེས་བཤད་པས། ཨ་ཕྱི་ལགས་ལ་བྲེལ་བ་སྔར་བས་ཆེ་བ་ཞིག་ཡོང་གིན་ཡོད། སྐབས་འདི་དག་ལ་ངས་ནང་མིས་བཤད་པ་དག་ཡང་བསྐྱར་ཨ་ཕྱི་ལགས་ཀྱི་རྣ་རྩ་ལ་གསལ་ཐིང་ངེ་བ་ཞིག་ཟློ་སྲོལ་ཡོད་པས། ལྷ་ས་པ་དང་ཨ་མདོ་པའི་བར་ལ་ལོ་ཙཱ་བྱེད་དགོས་པ་ལྟ་བུ་ཞིག་བདག་གིས་དེ་དུས་ནས་བྱས་པ་ཡིན། དེའང་གོམས་ལོབས་སུ་སོང་ནས། དེང་སང་མི་རྣམས་ལ་གསལ་བཤད་ཅིག་བྱེད་སྐབས། མགོ་རུས་དྲུས་པ་ལྟ་བུ་རེ་མ་བྱས་ན་རང་གི་བློ་དེ་ཙམ་མི་བདེ་བ་ཡོད།

ཨ་ཕྱི་ལགས་ཀྱི་འཇུ་སྟོབས་ཀྱང་ཞན་པས། ཟས་འཕྲོད་མ་འཕྲོད་རེ་བྱུང་ན་རྟག་ཏུ་མཁྲིས་སྐྱུག་བྱེད་ཅིང་། དེ་ལ་དཔྲལ་བ་ལག་པས་བསྐྱོར་ན་ཇེ་བདེར་འོང་བ་ཞིག་ཡོད་དེ། མངའ་རིས་ནས་བུ་མོ་ཞིག་ར་བཟི་དྲགས་ནས་སྐྱུག་པ་མང་དུ་བསྐྱུགས་པར་ཡང་། ངས་ཐབས་ཤེས་དེ་བཏང་བ་ཡིན་ལ། མོས་ང་ལ་དེ་འདྲ་སུས་ལབ་བྱུང་།བདེ་པོ་ཞེ་པོ་འདུག་ཅེས་པས། ངའང་ཅུང་ཟད་ར་རོ་བར་ཡོད་སྟབས། དེ་མུར་ཨ་ཕྱི་ལགས་དྲན་ཞིང་། མིག་ལྕིབས་བརླན་གྱིས་ཟིན་པ་ལྟ་བུ་ཞིག་བྱུང་།

ཨ་ཕྱི་ལགས་ནི་བོད་མི་བྱིངས་ལྟར་དད་པ་དག་སྣང་ཆེ་ས་ཞིག་ཡིན་ལ། གྲུབ་མཐའ་རིས་མེད་ཅིག་ཀྱང་ཡིན། རྒྱུན་སྤྱོད་ཁ་ཏོན་དུ་བོན་པོའི་སྙིང་པོ་རྣམ་གསུམ་སོགས་ཟློ་བར་བྱེད་མོད། སྒྲོལ་མ་དང་དམིགས་བརྩེ་མ་སོགས་ཀྱང་འཆག་མེད་དུ་འདོན་པ་ཡིན། ང་རང་ཡིག་ངོ་ཆོད་ཙམ་གྱི་དུས་ལ། ཨ་ཕྱི་ལགས་ལ་བོན་པོའི་ཡིག་བརྒྱ་སློབ་མྱོང་ཡོད། དེ་ནས་བཟུང་ངས་ཀྱང་ཡིག་བརྒྱ་འདོན་ཤེས། ང་རང་ཧ་ལས་པ་ཞིག་ལ། ཨ་ཕྱིས་ཕྲེང་བ་དཔག་མེད་དུ་བགྲང་ལུགས་ཀྱིས། སེན་མོའི་དཀྱིལ་དུ་ཧ་ཉག་ཡིད་དུ་འོང་བ་ཞིག་ཡོད། དེ་དུས་ངས་རང་གི་སེན་མོ་གྲི་ཆུང་གིས་གཞོགས་ནས་དཀྱིལ་ཀོང་ཀོང་ཅན་ཞིག་ཏུ་བཅོས་མོད། དེ་ཙམ་ཡག་པོ་མ་བྱུང་། སྒོ་ཕྱུགས་སོགས་བོར་སོང་ན། ཨ་ཕྱིས་བྱང་མི་འགྱུར་བའི་སྐར་མ་ཨ་བརྟན་ལ་འོ་མ་མཆོད་སྲོལ་ཡོད། སྐར་མ་ཨ་བརྟན་ནི་དེང་སང་བདག་གིས་སྐར་མའི་རྒྱུ་ལམ་པར་ལེན་དུས་སྐར་ལམ་སྒོར་མོའི་དཀྱིལ་དུ་མི་འགྱུར་བར་སྣང་བ་དེ་རེད། སྐར་མ་ཨ་བརྟན་དང་སའི་གོ་ལའི་བར་ཐག་ལ་འོད་ལོ་བཞི་བརྒྱ་ལྷག་ཙམ་ཡོད་ཅིང་། ཨ་ཕྱིས་སྐར་མ་ཨ་བརྟན་ལ་འོ་མ་མཆོད་པ་དེ་སྐར་མ་ཨ་བརྟན་གྱིས་ལོ་ངོ་བཞི་བརྒྱའི་རྗེས་སུ་མ་གཏོགས་མི་ཚོར་ནའང་། ཆོ་ག་དེ་ལས། ང་ཚོས་སྒོ་ཕྱུགས་དག་ལམ་སང་རྙེད་ཀྱིན་ཡོད་པ་ཡིན། དེ་དུས་ཁ་པར་མེད་པས། ནང་མི་སོགས་བྱེས་སུ་སོང་ནས་འགོར་ཐལ་ན། ཐལ་དུ་བག་ཕྱེ་བསྲེགས་ནས་སེར་ག་གད་སྟངས་སོགས་ལ་དེ་ལུགས་ཀྱི་རྟེན་འབྲེལ་དང་བར་ཆད་ཀྱི་འགྲེལ་བཤད་གོ་རྒྱུ་ཡོད།

བྱིས་པ་དང་བགྲེས་སོང་གཉིས་ཀྱི་སེམས་ཁམས་གཅིག་པ་ཡིན་ཟེར་བ་དེ་ངོ་མ་བདེན་པ་རེད། ཨ་ཕྱི་ལགས་དགུང་ལོ་བརྒྱད་ཅུ་ཙམ་བཞེས་ཚུན་ནས། ལས་ཀ་བྱེད་རྒྱུར་སྔར་ལས་ལྷག་པའི་དགའ་པོ་བྱུང་བ་དང་། མོ་རང་གི་གཟུགས་གཞིའི་དགྱེ་སྒུར་སོགས་ཀྱང་ཤིན་ཏུ་ཐང་ཐང་ཡིན་ཞེས་མི་ལ་འཁྲབ་སྟོན་ལྟ་བུ་རེ་བྱེད་པ་ཡིན། མོ་རང་གི་ལས་ཀའི་འབྲས་བུ་ལ་གཞན་གྱིས་བསྟོད་བསྔགས་རེ་བྱས་པ་ཡིན་ན། གཤིས་ཀྱིས་དགའ་བ་སྐྱེ་བཞིན་ཡོད། ཡིན་ནའང་། ཕ་མ་གཉིས་ནས་དེ་ལ་དེ་ཙམ་གྱིས་མོས་མཐུན་མི་བྱེད། མཚམས་མཚམས་སུ་ཨ་ཕྱི་ལགས་ཀྱིས་ལས་ཀ་ཙག་ཙིག་བྱེད་པ་ལ་བཀག་འགོག་ཀྱང་བྱེད་པ་ཡིན། ང་ལ་མཚོན་ན། དབྱར་དགུན་གྱི་གུང་སེང་དག་ལ། སྦྱོང་ཚན་འབྲི་ཞོར་དུ། ཨ་ཕྱི་ལགས་ལ་དཀའ་ལས་མེད་ཅིང་། སྙིང་པོའང་དེ་ཙམ་མེད་པའི་ལས་ཀ་མང་པོ་བཀོད་སྒྲིག་བྱས་མྱོང་། ཁྱིམ་ལ་གད་བདར་བྱེད་པའམ། དོ་ཕྱགས་པ། ང་རང་གི་ཚི་ལེན་སོགས་ཀྱི་སྲུབས་གཏོར་ཏེ་ཡང་བསྐྱར་ཨ་ཕྱི་ལགས་ལ་ཚེམ་སྐུལ་བ་སོགས་ཨ་མས་མཐོང་ན། ཚེ་མི་ཟད་རྒྱུ་བོ། ཁྱོད་ཀྱིས་ཨ་མ་ལོ་ལོན་ལ་ངལ་གསོ་རུ་ཆུགས་དང་། སྐྱག་ཕྲུག་འདི་ཡག་པོ་སྡོད་ཐུབ་ཀྱིན་མི་འདུག་སོགས་ཅུང་ཟད་སྡིགས་པར་བྱེད་མོད། ཨ་ཕྱི་ལགས་ལ་གྲུབ་འབྲས་ཀྱིས་ཚིམས་ཡོད། ངལ་གསོ་སེམས་ནས་ཐོབ་དགོས་པའི་བདག་གི་འཆར་གཞི་ཆུང་ཆུང་འདིའི་དགོས་པ་དམིགས་ཡུལ་སོགས་ཨ་མས་ནམ་ཡང་ཤེས་ཐུབ་ཀྱིན་མེད། ཡིན་ནའང་། ང་རང་བྱིས་པ་ཡིན་དུས་ཀྱི་རྣམ་འགྱུར་ཡ་མ་ཟུང་ལ་ཨ་ཕྱི་ལགས་གད་མོ་མང་པོ་ཤོར་མྱོང་བ་ནང་བཞིན། བྱིས་པ་ལྟ་བུའི་ཨ་ཕྱི་ལགས་ཀྱི་བྱ་བྱེད་དེ་དག་ལ་ང་རང་ཡང་གད་མོ་མང་དུ་ཤོར་མྱོང་ཡོད།

ཨ་ཕྱི་ལགས་ནི་བདག་གི་མ་སྐྱེས་ཨ་མ་ཡིན། ཨ་ཕྱི་ལགས་ཀྱི་རང་བཞིན་དང་། ལྷག་བསམ་སོགས་ཀྱིས་ང་ལ་ཤན་ཤུགས་འགོས་ཡོད་ཅིང་། ཨ་ཕྱི་ལགས་ཀྱི་ངང་རྒྱུད་དང་།དག་སྣང་གིས་ཀྱང་ང་ལ་གོ་བསྐོན་ཐེབས་ཡོད། ངས་དེང་སང་ཡང་། ཁྱིམ་ཚང་ཞིག་ལ་བོད་མིའི་ལྟ་སྤྱོད་ཀྱིས་བསྐྱངས་པའི་བགྲེས་སོང་ཞིག་ཡོད་ཚེ། ཁྱིམ་ཚང་དེ་ནམ་ཡང་ཡག་ཐག་ཆོད་ཅིག་ཡིན་ངེས་པའི་ཁ་ཚོན་གཅོད་ཀྱིན་ཡོད། བདག་གི་ཨ་ཕྱི་ལགས་ནི་ལོ་ཡི་གྲངས་ཀས་ལོངས་པའི་བགྲེས་སོང་ཙམ་ཞིག་མ་ཡིན་པར། ཞི་བ་དང་འཚེ་མེད་མཚོན་པའི་རིག་གནས་ཀྱི་རྒྱུད་རྒྱུ་འབྲན་པའི་ཕོ་ཉ་ཡིན་ལ། མི་རབས་ཤིག་གི་དར་རྒུད་ལ་ས་མཁན་བྱེད་པའི་མཁས་པ་ཡིན།

སྔོན་ཆད་བོད་རྒྱ་གང་རུང་གི་རྩོམ་ཡིག་སྦྱོང་ཚན་དག་ཏུ། ང་ཡི་ཨ་ཕ་དང་། ང་ཡི་སློབ་གྲོགས་ཟེར་བ་སོགས་མང་དུ་འབྲི་མྱོང་ཡོད་དེ། ང་ཡི་ཨ་ཕྱི་ཟེར་བ་ཞིག་བདག་གིས་ཕལ་ཆེར་འབྲི་མྱོང་མེད། དེ་དུས་འབྲི་མ་ཤེས་པས་ཀྱང་ཡིན་སྲིད། དེང་སང་འབྲི་ཤེས་ཟེར་བ་ནི་མིན་མོད། ད་མི་འབྲི་ནམ་འབྲི་ཨང་།

ངས་ཨ་ཕྱི་ལགས་ལ་རྩོམ་ཞིག་ཆད་པ་མ་ཟད། དངོས་སུ་བཀའ་དྲིན་ཞིག་ཀྱང་ཞུ་མྱོང་མེད་དེ། ད་དུང་ཨ་ཕྱི་ལགས་འཇིག་རྟེན་འདི་དང་ཁ་བྲལ་ནས་ཕེབས་དུས་ཀྱང་། ང་རང་ངོ་ཐུག་ཐུབ་མེད་མོད། དེ་ལྟ་ནའང་། ཨ་ཕྱི་ལགས་ནི་ནམ་ཡང་གུས་པོའི་སེམས་ཁོངས་སུ་བཞུགས་ཡོད་པ་ཡིན། ཁྱེད་དང་ཁྱེད་ཀྱི་ཨ་ཕྱི་ལགས་ཀྱང་གྲོགས་པོ་ཡག་ཤོས་ཤིག་ཡིན་པའི་ཡིད་ཆེས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།