ཀྲུང་གོ་བོད་ཀྱི་དྲ་བ།

《མིའི་རིགས་ཀྱི་ལོ་རྒྱུས་སྟོང་ཐུན》འོས་སྦྱོར་དང་མྱོང་དཔྱད་ཐོར་བུ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ནག་ཤོད་བསྟན་འཛིན་མཚུངས་མེད།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief (1).jpg

2012ལོར་ཧི་བྷི་རི་ཡི (Hebrew 希伯来语 ) སྐད་ཡིག་གི་ཐོག་ནས་བརྩམས་པའི་ལོ་རྒྱུས་དེབ་ཐེར་ཞིག་འཇིག་རྟེན་འདིར་གསར་དུ་བལྟམས་པ་ནས་བཟུང་། འཛམ་གླིང་ལོ་རྒྱུས་ཞིབ་འཇུག་གི་སྡེ་ཙམ་དུ་མ་ཟད། སྤྱི་ཚོགས་ཀྱི་ལས་རིགས་གང་སར་སྒོ་ཀུན་ནས་གཡོ་འགུལ་ཆེན་པོ་བྱུང་བར་གྲགས། དེབ་ཐེར་དེ་ཉིད་ཐོག་མར་པར་དུ་བསྐྲུན་ཏེ་འགྲེམ་སྤེལ་བྱས་རྗེས། གཅིག་སྣེ་གཉིས་མཐུད་ཀྱིས་སླར་ཡང་མི་རིགས་མང་པོའི་སྐད་ཡིག་ལ་བསྒྱུར་དང་སྒྱུར་མུས་སུ་མཆིས་ཤིང་། དུས་ཡུན་རིང་པོ་མ་འདས་པར་རྒྱལ་ཁབ་ཉི་ཤུ་ཐམ་པའི་དཔེ་སྐྲུན་གྱི་བདག་དབང་ཐོབ། 2017ལོར་རྒྱའི་ལོ་ཙཱ་བ་ལིན་ཅུན་ཧུང( 林俊宏 )གིས་དེ་ཉིད་རྒྱ་ཡིག་ཏུ་བསྒྱུར་ཏེ་ལོ་དེའི་ཟླ་གཉིས་པར་ཀྲུང་ཞིན་དཔེ་སྐྲུན་ལྷན་ཚོགས( 中信出版集团 )ཀྱིས་པར་སྐྲུན་འགྲེམ་སྤེལ་བྱས། མིང་དུ་གྲགས་པའི་ལོ་རྒྱུས་དེབ་ཐེར་དེའི་རྩོམ་པ་པོ་ནི། ཕ་ཡུལ་ལམ་རྒྱལ་ཁོངས་དབྱི་སི་རལ( Israel 以色列 )ནས་ཡིན་པའི་ལོ་རྒྱུས་འབུམ་རམས་པ་ཡོས་ཝོའུ་ནའོ་ཧེ་རེའེ་རི( Yuval Noah Harari 尤瓦尔·赫拉利 )ཡིན་ལ། སྐབས་སུ་བབ་པའི་སྨྱུག་ཐོགས་པའི་བཀླག་བྱ་ནི། རྒྱ་འགྱུར་མ་རྩ་བར་བྱས་ཤིང་དབྱིན་འགྱུར་མ་ཡན་ལག་ཏུ་བྱས་ཏེ། བོད་ཀྱི་ལོ་རྒྱུས་རིག་པའི་ལྟ་དགོངས་འགའ་ཞིག་གིས་ཟུར་ནས་བརྒྱན་པའི་ཤེས་བྱ་ཐོ་རེ་ལོང་ངེ་ཞིག་མྱོང་དཔྱད་ཀྱི་ཚུལ་དུ་དགོད་པ་ལ།

གཅིག མཚན་བྱང་གི་འགྲེལ།

མིའི་རིགས་ཀྱི་ལོ་རྒྱུས་བཤད་པ་ལ། ཐོག་མར“མི”ཞེས་པའི་བརྡ་དོན་དགྲོལ་རྒྱུ་ནི། ལམ་གྱི་དང་པོ་དང་གནད་ཀྱི་དོན་པོ་ཡིན་པ་སྨོས་ཅི་དགོས། དེ་ལ་རང་རེ་བོད་ཀྱི་གཞུང་རྣམས་སུ། སྨྲ་ཤེས་ཤིང་དོན་གོ་བ་མིའི་མཚན་ཉིད་དུ་བཞག་འདུག་པས། སྐབས་སུ་བབ་པའི་གཞུང་དང་སྦྱར་ན། མཚན་ཉིད་དེ་ཡང་དོན་ལ་གནས་པའི་ངེས་པ་ཅུང་ཟད་རེ་འདྲོང་ཡོང་། དེ་ཡང་མིའི་རིགས་ཀྱི་བྱུང་བ་སྤྱི་ལ་མིག་འཁྱུག་ཙམ་བསྲིངས་ན། མི་ཉིད་མི་ཡིན་པའི་མཚམས་སམ་རྟགས་ནི། ངག་གིས་འབྱེད་ལ། མིའི་རིགས་ཀྱི་མེས་པོ་གང་ཞིག་ལ་ངག་བྱུང་བ་དེ་ནས་བཟུང་། ད་གཟོད་འགྲོ་བ་གཞན་གྱི་ཁྱུ་ཚོགས་ནས་ལོགས་སུ་བུད་པ་ཡིན། དེས་ན། མིའི་རིགས་ཀྱི་མེས་པོ་ལྷོ་སྤྲ(南猿人)ལྟ་བུ་ནི། མི་མ་ཡིན་ཏེ། ངག་མ་གྲུབ་པས་སོ། །འོ་ན། མིའི་རིགས་ལ་ངག་གྲུབ་པའི་དུས་ནི་ནམ་ཞེ་ན། ལོ་ངོ་ཁྲི་བདུན་གྱི་གཡས་གཡོན་ཏེ། མཛངས་མིའི(Homo sapiens 智人) གནས་སྐབས་སོ། །ངག་བྱུང་བའི་དུས་དེ་ནས་མིའི་འགྲོ་བ་བྱུང་ལ། མིའི་རིགས་ཀྱི་ལོ་རྒྱུས་ཀྱང་བྱུང་བ་ཡིན།

རྒྱུ་མཚན་དེ་དག་གི་དབང་གིས། གཞུང་དེར་སྣོད་བཅུད་ཀྱི་ཐོག་མའི་གྲོལ་རབས་ལ་ཤོག་ལྡེབ་ཕྱེད་ཀས་འཐུས་པར་བྱས་འདུག་ལ། ལྷག་མའི་ཤོག་གྲངས་བཞི་བརྒྱ་ཉེ་བར་ད་གཟོད་མིའི་རིགས་ཀྱི་ལོ་རྒྱུས་ཏེ། མཛངས་མིའི་བྱུང་བ་བཤད་འདུག་ཅིང་། དེ་ལས། མཐའ་མའི་བརྗོད་བྱ་ནི། མཛངས་མིའི་བསྐལ་པ་སྟོངས་ཏེ་འཕགས་པའི་མི(超人类)འབྱུང་ངམ་ཞེས་འདྲི་རྟགས་ཤིག་གིས་མཇུག་བསྡུས་པར་བལྟས་ན། དེབ་དེའི་བརྗོད་བྱ་མི་ནས་མགོ་བརྩམས་པ་དང་མི་ནས་མཇུག་བསྡུས་པས། ད་གཟོད་དེ་ལ“མིའི་རིགས་ཀྱི་ལོ་རྒྱུས་སྟོང་ཐུན”(A brief history of humankind 人类简史)ཞེས་བྱའོ། །

གཉིས། སྐད་བརྡའི་ཟབ་ཁྱད།

གནད་ལ་གཞིགས་ན། མཛངས་མིའི་སྐད་བརྡ་ཡང་འཇིག་རྟེན་ཐོག་གི་བརྡ་སྤྲོད་ཡོ་བྱད་གཅིག་པུ་མིན་ཏེ། མཐོ་རིམ་སྲོག་ཆགས་དང་དམའ་རིམ་སྲོག་ཆགས། ས་འོག་འབུ་སྲིན་དང་ས་སྟེང་ཀེར་སྒུར། མཁའ་ཡི་འཕུར་འགྲོ་དང་ཆུ་ཡི་འཁྱུག་འགྲོ་སོགས་སྐྱེ་འགག་གནས་གསུམ་ཚང་བའི་སེམས་ཅན་སྤྱི་ལ་རང་རང་གི་ཁ་སྟབས་ལ་གཞིགས་པའི་བརྡ་སྤྲོད་མ་ལག་རེ་གདོད་ནས་གཞི་གྲུབ་འདུག་སྟེ། དཔེར་བརྗོད་ན། སྦྲང་མ་དང་གྲོག་མ་ལྟ་བུའི་འབུ་སྲིན་ལའང་ཆེས་ཞིབ་ཅིང་ཕྲ་ལ་རྙོག་འཛིང་ཅན་གྱི་བརྡ་སྤྲོད་ཐབས་ཀྱིས། བཟའ་བཅའ་གང་དུ་ཡོད་མེད་ཕན་ཚུན་ཤེས་སུ་འཇུག་པ་ལྟ་བུའོ། །དེ་བཞིན་དུ། མཛངས་མིའི་སྐད་ཆ་ནི་སྒྲ་དང་བཅས་པའི་སྐད་ཆ་ཐོག་མའོ་ཞེས་སྨྲ་མི་བཏུབ་སྟེ། སེམས་ཅན་མང་པོས(སྤྲའི་རིགས་སོ་ཅོག་དང་སྤྲེའུའི་རིགས་སོ་ཅོག་གཏོགས )སྒྲ་དང་བཅས་པའི་སྐད་ཆ་འཆད་ནུས་པས་སོ། །དཔེར་ན། སྤྲེའུ་ལྗང( green monkey )ལ་འབོད་བརྡ་གཏོང་ཐབས་མི་གཅིག་པ་འགའ་ཞིག་ཡོད་ཅིང་། དེ་དག་གིས་དོན་ཡང་ཐ་དད་པ་སྟོན་ནུས། སྲོག་ཆགས་རིག་པ་སྨྲ་བས་གཏན་འཁེལ་བྱས་པ་ལྟར་ན། སྤྲེའུ་ལྗང་གི་འབོད་སྒྲ་གང་རུང་ཞིག་གིས། “དོགས་ཟོན་གྱིས། བྱ་གླག་འདུག”ཅེས་པའི་དོན་སྟོན་ལ། སྒྲ་དེར་འགྱུར་བ་ཅུང་ཟད་བྱས་ན། “དོགས་ཟོན་གྱིས། སེང་གེ་འདུག”ཅེས་པའི་དོན་དུ་འགྱུར་བ་ཡིན་ལ། ཞིབ་འཇུག་པས་ཐོག་མའི་སྒྲ་དེ་ཕབ་སྟེ། སླར་ཡང་སྤྲེའུ་ལྗང་གི་ཁྱུ་ཚོགས་དེར་གོ་རུ་བཅུག་ཚེ། དེ་མ་ཉིད་དུ་ཙོག་པུར་བསྡད་དེ་འཇིགས་སྣང་གིས་ནམ་མཁར་ལྟ་བ་དང་། སྤྲེའུ་ལྗང་གི་ཚོགས་པ་དེ་རང་གིས་སྒྲ་གཉིས་པ(སེང་གེ་ཡོད་པའི་ཉེན་བརྡ)གོ་ན། དེ་དག་གིས་ལམ་སེང་ཤིང་སྡོང་ལ་འཛེག་པའི་གནས་ཚུལ་གྱིས། སྐད་ཆ་ནི་མི་ཁོ་ནར་ལྡན་པ་ཞིག་གམ། མིའི་རིགས་ཀྱི་སྐད་ཆ་ཁོ་ན་སྒྲ་ལྡན་ཡིན་པར་འདོད་པའི་ཕྱོགས་སྔ་འགོག་ནུས་ཤེའོ། །

འོ་ན། མཛངས་མིའི་སྐད་ཆ་ལ་ཟབ་ཁྱད་ཐོན་པ་གང་ཡོད་ཅེ་ན། མཛངས་མི་རྣམས་ཀྱིས་སེང་གེ་དང་བྱ་གླག་ཙམ་ཞིག་བརྗོད་ནུས་པ་ནི། གང་དེའི་ཁྱད་དུ་འཕགས་པའི་ཡོན་ཏན་མ་ཡིན་པར། དངོས་མེད་ཀྱི་ཆོས་འགའ་ཞིག་བརྡ་དང་ཐ་སྙད་ལ་བརྟེན་ཏེ་སྨྲ་ཤེས་ཤིང་དོན་གོ་བར་བྱེད་པ་ནི། ད་གཟོད་གཞན་དྲིང་མི་འཇོག་པའི་གནས་ཡིན། ཤེས་རྟོགས་བྱུང་བ་ལྟར་ན། མཛངས་མི་ཁོ་ནས་རང་གི་མཐོང་ཐོས་མྱོང་གསུམ་རྨང་གཞིར་བྱས་ཐོག རིགས་འདེད་དང་། ཚོད་དཔག དབྱེ་ཞིབ་ཀྱི་ཐོག་ནས་གཏམ་དང་སྐད་ཆ་བྱེད་ནུས་པར་མ་ཟད། རྟོག་བཏགས་སྒྱུ་མའི་ཐབས་ལ་བརྟེན་ཏེ་དངོས་པོའི་གནས་ལུགས་ལས་བརྒལ་པའི་གཏམ་ཡང་བྱ་ནུས་པ་ཡིན། དོན་གྱི་རྡོ་ཁ་དྲིལ་ན། རྟོག་བཟོའི(虚构)ཐབས་དང་ཐབས་བྱུང་ཉེ་བར་བླངས་པའི་སྨྲ་བརྗོད་ནི། མཛངས་མི་ཁོ་ནར་མངའ་བའི་སྐད་ཆ་ཡིན་པས། རང་རེའི་བརྡ་གཞུང་རྣམས་སུ། སྒྲ་ནི་བརྗོད་འདོད་དབང་གིས་འབྱུང་ཞེས་སྐད་བརྡའི་སྐྱེ་གནས་འཆད་སྐབས། འཛམ་གླིང་ཐུན་མོང་གི་སྐད་བརྡའི་རྣམ་གཞག་ལྟར་ལུས་ཀྱི་སྐྱེ་གནས་ཙམ་དུ་མ་ཟད། ཐུན་མོང་མ་ཡིན་པ་ལ། སེམས་ཀྱི་སྐྱེ་གནས་ཏེ། བརྗོད་འདོད་བློ་ནི། རྗོད་བྱེད་སྒྲ་ཐམས་ཅད་ཀྱི་རྩ་བར་བཞག་འདུག་པས། མཛངས་མི་ལ་མངའ་བའི་སྐད་བརྡའི་ཟབ་ཁྱད་དེ་དང་མདོ་རྩ་གཅིག་ལ་འབབ་ངེས་ཡིན།

གནད་དེ་དག་ལེགས་པར་རྟོགས་ཚེ། ད་གཟོད་མིའི་རིགས་ཀྱི་ཤེས་རིག་དང་། དད་མོས། ལོ་རྒྱུས་སོགས་ཀྱི་འབྱུང་སའི་ཁུངས་དང་བྱུང་བའི་དུས་ལ་བཞེད་པ་མི་གཅིག་པའི་རྩོད་པ་རྣམས་རིམ་གྱིས་སྤོང་ནུས་ཏེ། རྟོག་བཟོ་ལ་བརྟེན་པའི་སྐད་ཆ་ནི། མིའི་རིགས་ཀྱི་ཤེས་རིག་ཐམས་ཅད་ཀྱི་ཆུ་མགོ་ཡིན་པས་སོ། །

གསུམ། རྟོག་བཟོའི་སྒྱུ་འཕྲུལ་དང་འདུ་ཤེས་གཅིག་གྱུར།

མཛངས་མི་རྣམས་ཀྱིས་རང་གི་འཁོར་གཡས་གཡོན་དང་། དེ་ལས་བརྒལ་ཏེ་མཛངས་མི་གཞན་དག་དབང་དུ་བསྡུ་བའམ་མཉམ་དུ་བསྡེབ་ཕྱིར། རང་བྱུང་ཁམས་ཆེན་པོར་དངོས་ཡོད་དངོས་མེད་དུ་སྒྲོ་བཏགས་པ་དང་། དངོས་མེད་དངོས་ཡོད་དུ་སྒྲོ་བཏགས་ཏེ། མིའི་རིགས་ལ་ཕན་པ་དང་གནོད་པའི་ལས་བགྱིད་པ་པོ་ལྷ་དང་འདྲེ་ཡི་རྣམ་དབྱེ་རྟོག་པས་བཏགས་པའམ་བཟོས་པའོ། །དེ་ཡང་གོ་བདེར་བཤད་ན། མིའི་རིགས་ཀྱི་རྣམ་དཔྱོད་ག་ལེར་འཕེལ་བ་དང་སྟབས་བསྟུན། མཛངས་པ་ཁ་ཅིག་གིས། གནམ་མམ། རིའམ། མཚོའམ། ནགས་སམ། བྲག་གམ། ཐང་ངམ། ཆུ་སོགས་ལ་ལྷ་དང་། ཀླུ་དང་། གཉན་དང་། བཙན་དང་། དམུ་དང་། བདུད་སོགས་གང་རུང་གང་ཞིག་འཚོ་ཞིང་གཞེས་པ་སྒྲོ་བཏགས་ཤིང་། དེ་དག་དགའ་ཞིང་དགྱེས་ན། མིའི་རིགས་ལ་ཕན་པའི་གྲོགས་སམ་ལྷ་རུ་འགྱུར་བ་དང་། མི་དགའ་བ་ཁྲོས་ན་གནོད་པའི་དགྲའམ་བདུད་དུ་འགྲོ་བ་ཡིན་ཞིང་། དགའ་བ་དང་དགྱེས་པའི་ཐབས་དམ་པ་འདི་དང་། མི་དགའ་བ་དང་ཁྲོ་བའི་སྤང་བྱ་འདི་ཞེས་རྣམ་གཞག་བཏོད་ཅིང་། མཐར་རང་རེ་རྣམས་ཀྱི་སྐྱབས་དང་མགོན་ནི་འདིའོ་ཞེས་སྐྱེ་འགྲོ་གང་ཇི་སྙེད་ལས། རང་གི་ཉེ་གནས་ཤིག་རྣམ་པ་གཞན་དུ་སྒྲོ་བཏགས་ཏེ་གཟེངས་སུ་བསྟོད་པ་དང་། དེའི་རྗེས་སུ་གཞུག་པར་རྒྱ་ཆེར་བསྒྲགས་གཤིས། རིགས་མི་གཅིག་པ་དང་། རུས་མི་གཅིག་པ་དང་། ཕོ་མོ་མི་གཅིག་པ་དང་། ཤ་མདོག་མི་གཅིག་པའི་མི་དང་མིའམ། མི་ཚོགས་དང་མི་ཚོགས་མཉམ་དུ་བསྡུས་ཤིང་བསྡོམས་ནས། སྟོབས་དང་མངའ་ཐང་གཅིག་ལ་བསྒྲིལ་ཐུབ་པ་ཡིན།

ད་ནས་བརྩིས་པའི་མི་ལོ་ཁྲི་ལྔའི་གོང་དུ། སྣོད་ཀྱི་འཇིག་རྟེན་འདིར་མི་རིགས་མི་གཅིག་པ་གང་ཇི་སྙེད་ཅིག་ལས་མཐར་ཉེ་ཨན་དྷིར་ཐའོ་སི་ཡི་རིགས(Neanderthals尼安德特人)དང་། དྷེ་ཉི་སོ་ཝ་ཡི་རིགས(Denisova 丹尼索瓦人)གཉིས་མཛངས་མི་དང་དཔུང་པ་བདར་མཁན་ཡིན་ཡང་། དེ་དག་རྣམས་ཀྱང་དུས་ཡུན་རིང་པོ་མ་ལོན་པར་རབས་ཆད་དེ་འཇིག་རྟེན་འདི་ནས་འདབ་ཆགས་ཀྱི་ཤུལ་བཞིན་རྗེས་མེད་དུ་སོང་། གནད་དེར་རིག་པ་སྨྲ་བ་ཚོར་བཞེད་པ་མི་མཐུན་པ་འགའ་རེ་མཆིས་ཀྱང་། གཙོ་ཆེ་བ་གཉིས་ཏེ། རིགས་རྒྱུད་སྤེལ་རེས་རིག་པ(混种繁衍理论) དང་། བརྗེ་པོ་རིག་པ(替代理论)ཡིན།

དོན་གྱི་རྡོ་ཁ་དྲིལ་ན། མཛངས་མི་རྣམས་ཀྱི་ཐབས་བརྒྱ་ཇུས་སྟོང་གིས་མི་རྒྱུད་གཞན་དག་མཐར་བསྐྲད་དེ། རང་གི་རིགས་ཀྱིས་འཇིག་རྟེན་འདི་ཉིད་བདག་གིར་བྱས་པ་ཡིན། མཛངས་མིས་འཇིག་རྟེན་ཁ་ལོ་བསྒྱུར་ནུས་པའི་རྒྱུ་མཚན་ཉག་ཅིག་ནི། ཁྱད་དུ་འཕགས་པའི་ངག་སྟེ། སྐད་ཆས་བྱས་པའོ། །

ལར་དུས་སྐབས་དེར་ཉེ་ཨན་དྷིར་ཐའོ་སི་དང་དྷེ་ཉི་སོ་ཝ་ཞེས་པའི་མི་རིགས་གཉིས་ལའང་ངག་ལྡབ་ལྡིབ་སྨྲ་བའི་ནུས་པ་ཡོད་ཀྱང་། ཆེས་སྟབས་བདེར་གྱུར་པའི་འགྲོ་འཆག་ཉལ་འདུག་སོགས་ལས། རྟོག་བཟོའི་ཐབས་ལ་བརྟེན་པའི་དངོས་མེད་རྣམས་དངོས་ཡོད་ལྟར་སྒྲོ་འདོགས་པའི་ནུས་པ་མེད་པར་བཤད། དེའི་ཕྱིར། མི་རྒྱུད་དེ་གཉིས་མཛངས་མིའི་མདུན་ནས་ཕམ་ཁ་ཉོས་ཏེ། འཇིག་རྟེན་ཕྱི་མའི་ལམ་ལ་མི་འདོད་བཙན་གྱིས་འགྲོ་དགོས་པའི་ལས་དེ་བྱུང་བ་ཡིན།

དེ་ཡང་ཅུང་ཟད་རྒྱས་པར་བཤད་ན། ཇི་སྐད་དུ། མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །ཅེས་པ་ལྟར། མཛངས་མི་རྣམས་ཀྱིས་གཅིག་མཐུན་གྱི་ལྷ་དང་གཅིག་མཐུན་གྱི་འདྲེ། གཅིག་མཐུན་གྱི་དགྲ་དང་གཅིག་མཐུན་གྱི་གཉེན། གཅིག་མཐུན་གྱི་ལས་སོགས་རྟོག་བཟོའི་ཐབས་ལ་བརྟེན་ནས་ཕན་ཚུན་བརྡ་འཕྲོད་པར་གྱུར་ཅིང་། བརྡ་སྤྲོད་པའི་ངག་ཁྱད་པར་ཅན་དེས། མཛངས་མི་ཐུན་མོང་གི་ཆོས་ལུགས་ཞེས་པ་གཟོད་མར་བྱུང་སྟེ། མཛངས་མིའི་འཇིག་རྟེན་རི་རྒྱལ་བཞིན་བརྟན་པར་གྱུར།

མཛངས་མི་རྣམས་ཀྱིས་རྟོག་བཟོའི་སྒྱུ་འཕྲུལ་ལ་བརྟེན་ཏེ། འདུ་ཤེས་གཅིག་གྱུར་བྱུང་ཞིང་། འདུ་ཤེས་གཅིག་གྱུར་ལ་བརྟེན་ཏེ་གཞན་ལས་རྣམ་པར་རྒྱལ་བའི་རྣམ་ཐར་དེས། བདག་ལ་བསྩལ་པའི་བློ་སྐྱེད་ནི། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག ཡང་ན་ཚོགས་སྤྱི་ཞིག་རང་ལས་ལོགས་སུ་གྱུར་པའི་ཚོགས་སྤྱི་དེ་ལས་རྣམ་པར་རྒྱལ་བར་འདུ་ཤེས་གཅིག་གྱུར་ཏེ། ཐུན་མོང་གི་བསམ་པའི་ཀུན་སློང་དང་། ཐུན་མོང་གི་དམིགས་པའི་གཏད་སོ་གཅིག་གྱུར་ཡོང་དགོས་པ་ནི་བསམ་བྱའི་གནད་དུ་མཐོང་། དེ་ཡང་རང་རེ་ལ་སྦྱར་ན། དགེ་འདུན་ཆོས་འཕེལ་གྱིས་འདི་སྐད་དེ། ལར་ཆོས་རྒྱུད་འཛིན་པའི་མཁས་པ་མང་པའི་སྐབས་གྲུབ་མཐའ་ནང་གསེས་ཀྱི་ཁྱད་པར་ཕྲ་མོ་རྣམས་ལ་ཡང་གཅིག་གིས་གཅིག་ལ་དགྲ་བཞིན་དུ་བལྟ། ཞེས་པ་དོན་ལ་འདུ་ཤེས་གཅིག་གྱུར་མེད་པའི་ཉེར་འབྲས་སོ། །གཅིག་གིས་གཅིག་ལ་དགྲ་བཞིན་དུ་བལྟ་བའི་རྣམ་སྨིན་ནི། ཕན་ཚུན་འཚེ་བ་དང་གནོད་པ་སོགས་མ་རུངས་པའི་བགྱི་བ་ཅི་རིགས་པ་བརྩམས་ཏེ། ཀུན་ལ་མཁོ་ངེས་སུ་གྱུར་པའི་ཞི་བདེ་དང་ལྷིང་འཇགས་ཀྱི་འཚོ་གནས་གཏོར་བརླག་ཏུ་གཏོང་བ་ཡིན།

བཞི། ཞིང་ལས་གསར་བརྗེའི་བསླུ་བྲིད།

ཡོངས་གྲགས་ལྟར་ན། ཞིང་ལས་ཐོན་སྐྱེད་ནི་མིའི་རིགས་དཔལ་ཡོན་གྱི་སྤྱི་ཚོགས་སུ་གནས་འགྱུར་བྱུང་བའི་དམིགས་བསལ་གྱི་ལོ་རྒྱུས་དཀྱོག་མཚམས་ཤིག་ཏུ་འདོད་ལ། འཛམ་གླིང་འཛིན་མའི་ཕང་པར་གནའ་བོའི་ཤེས་རིག་གི་བྱེད་པ་པོ་ཕལ་ཆེར་ཞིང་ལས་ཐོན་སྐྱེད་དོན་དུ་གཉེར་མཁན་གྱི་མེས་པོ་དག་ཡིན་པར་བཞེད། དེ་ལྟར་ལགས་མོད། ཉང་ཉི་མ་འོད་ཟེར་གྱིས་ཇི་སྐད་དུ། ཉེས་པ་ཐམས་ཅད་ཀྱི་རྩ་བ་གསོག་འཇོག་ཡིན་ཞེས་པ་ལྟར་རང་རེའི་ཆོས་འབྱུང་དེབ་ཐེར་ཕལ་ཆེར་དུ། ཞིང་ལས་ཐོན་སྐྱེད་དབུ་བརྩམས་པ་དེས། མིའི་རིགས་ལ་རྐུ་དང་རྫུན་དང་གཡོ་དང་ཁྲམ་དང་སེར་སྣ་དང་ཕྲག་དོག་དང་ང་རྒྱལ་སོགས་རྩ་ཉོན་དང་ཉེ་ཉོན་གྱི་བློས་ཀུན་ནས་བསླངས་ཏེ་རྩོད་ལྡན་གྱི་བསྐལ་པར་གནས་འགྱུར་བྱུང་བར་བཤད། གནད་དེ་ཡང་སྐབས་སུ་བབ་པའི་བཀླག་བྱའི་གཞུང་གིས་ལེགས་པར་བསྒྲུབ་ནུས་ཏེ། ཞིང་ལས་ཐོན་སྐྱེད་མ་དར་བའི་ཡར་སྔོན་ཏེ། རྡོ་ཆས་གསར་རྙིང་སྐབས་ཀྱི་བྱ་འཚོལ་བྱི་འཚོལ(采集时期)ལམ། རྗེ་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་གི་ལུགས་ལྟར་ན། འཚོལ་འགྲོའི་གནས་སྐབས་བྱུང་ལ། དུས་སྐབས་དེའི་མི་རྣམས་བདེ་ཞིང་སྐྱིད་ཁར་བཟའ་བཅའི་སྣ་ཁ་འཛོམས་པ་དང་། ས་བབ་གནམ་གཤིས་ཀྱི་འགྲོས་ལྟར་ཡུལ་དུས་ངེས་མེད་ལ་གནས་སྤོ་བ་དང་སྐྱེས་འདེགས་པའི་རྩོལ་བ་ཉེ་བར་བླངས་པས། ཡམས་ནད་ཀྱི་འཚེ་བ་མེད་པར་གྱུར། དེའི་ཕྱིར། ཆེད་མཁས་པ་མང་པོས་དུས་སྐབས་དེ་ལ། གདོད་མའི་འབྱོར་ལྡན་སྤྱི་ཚོགས(最初富裕社会) ཞེས་འབོད་ལ། རང་རེའི་ལུགས་ལྟར་ན། དེ་ནི་བསྐལ་པ་རྫོགས་ལྡན་གྱི་གནས་སྐབས་སོ། །རྟོག་དཔྱོད་པ་ཁ་ཅིག་གིས་འཚོལ་འགྲོའི་སྤྱི་ཚོགས་ནི། ཞི་བདེའི་དག་ཞིང་ཡིན་མོད། ཞིང་ལས་ཐོན་སྐྱེད་གསར་དུ་དར་བའི་དུས་དེ་ནས་བཟུང་། མི་རྣམས་ཀྱིས་སྒེར་ལ་དབང་བའི་འབྱོར་བ་བསགས་པས། ད་གཟོད་དམག་འཁྲུག་དང་བརླང་སྤྱོད་ཀྱི་བགྱི་བ་བྱུང་ཞེས་དང་། ཞིང་ལས་ཐོན་སྐྱེད་ཀྱིས་མིའི་རིགས་ལ་བཟའ་བཅའི་འབོར་ཚད་མང་དུ་ཕྱིན་ཡང་། དེ་ཙམ་གྱིས་བཟའ་འཐུང་ལེགས་ཤིང་འཚོ་བ་བག་ཕེབས་པས་མ་ཁྱབ་པར། དེ་ལས་ལྡོག་སྟེ། མི་གྲངས་ཀྱི་ཀློང་བརྡོལ་ཅིང་ཡམས་ནད་ཀྱི་རྩ་བ་སྨིན་པ་དང་། ས་རྐོ་རྡོ་སློག་གི་དབུ་བརྩམས་པས་འབྱུང་བཞིའི་འདུ་འཕྲོད་དོ་མི་སྙོམ་པ། སྐྱིད་འདོད་ལོག་འཚོ་ཅན་ཇེ་མང་ནས་ཇེ་མང་དུ་ཕྱིན་ཏེ་གྲལ་རིམ་དང་རིགས་རུས་མཆོག་དམན་གྱི་རྣམ་དབྱེ་སོགས་བཏོད་པས། ཞིང་ལས་གསར་བརྗེ་ནི་ལོ་རྒྱུས་ཐོག་གི་བསླུ་བྲིད་འབའ་ཞིག་ཡིན་པར་གྲགས།

ལྔ། ཚན་རིག་གསར་བརྗེའི་རྗེས་ཀྱི་འཕགས་མི།

དུས་རབས་བཅུ་བཞི་པ་ནས་བཅུ་དྲུག་པའི་སྐབས་སུ། ཡོ་རོབ་ས་གཞི་ཆེན་པོའི་ཞིང་སར་ལྷ་མི་གཙོ་མི་གཙོ། དད་པ་མི་གཙོ་གནས་ལུགས་གཙོ། ཡིད་ཆེས་མི་གཙོ་རྒྱུ་མཚན་གཙོ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་མྱོང་བ་དེ་ལ། ཀུན་གྱིས་མགྲིན་གཅིག་ཏུ་རིག་རྩལ་བསྐྱར་དར་ཞེས་བྱ། རིག་རྩལ་བསྐྱར་དར་གྱི་སྒོ་ཡོལ་འཛམ་གླིང་ཤར་ནུབ་ཀྱི་རི་ཁྱིམ་དང་ཁང་བུ་དག་ཏུ་ཕྱེ་བ་ནས་བཟུང་། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གོམ་སྟབས་འོད་ཀྱི་མྱུར་ཚད་ལྟར་ལྡབ་བརྒྱ་འགྱུར་སྟོང་འགྱུར་གྱིས་མགྱོགས་ནས་མགྱོགས་སུ་ཕྱིན་པས། ད་ཆ་སུས་ཀྱང་གདོད་མའི་འབྱོར་ལྡན་སྤྱི་ཚོགས་སམ། བསྐལ་པ་རྫོགས་ལྡན་གྱི་སྣོད་བཅུད་རུམ་དུ་ཕྱིར་ལྡོག་མི་ནུས་པའི་མཚམས་ལ་སླེབས་ཡོད། ཚན་རིག་གསར་བརྗེའི་ཉེར་འབྲས་ལ་བརྟེན་པའི་རིག་གནས་ཀྱི་འཕེལ་འགྱུར་ཡང་། གནམ་གྱི་སྐར་ཚོགས་ས་ཡི་རྩྭ་རྩི་ལྟར་ཤེས་བྱའི་རྣམ་གྲངས་གཅིག་ནས་དུ་མ་དང་།སྟབས་བདེ་ཅན་ནས་རྙོག་འཛིང་ཅན། རྩིང་ལ་རགས་པ་ནས་ཞིབ་ཅིང་ཕྲ་བར་རྒྱས་ཏེ། ཉིན་གཅིག་གི་དུས་ཡུན་ལ་གསར་དུ་དར་བའི་ཤེས་བྱའི་གནས་རྣམས། མི་གཅིག་གིས་ཚེ་གང་པོར་སྤྱད་དེ་བསླབ་ཀྱང་མཐར་མི་ཕྱིན་པའི་ཚོད་དུ་སླེབས་ཡོད་ལ། རྩིས་དང་ཡི་གེ་ལ་དབང་འབྱོར་བའི་མི་རིགས་དང་རྒྱལ་ཁབ་གང་དེ། ཚན་རིག་ལག་རྩལ་ལ་བྱང་ཆུབ་པ་དང་། ཚན་རིག་ལག་རྩལ་ལ་བྱང་ཆུབ་པའི་མི་རིགས་དང་རྒྱལ་ཁབ་གང་དེ། དཔལ་འབྱོར་ལ་བརྟེན་པའི་འཚོ་ཚིས་ཀྱི་བདག་པོར་འགྱུར་ལ། དཔལ་འབྱོར་གྱི་གསེར་ཁྲི་བདག་གིར་བཟུང་བའི་མི་རིགས་དང་རྒྱལ་ཁབ་གང་དེས། སྐད་དང་ཡི་གེ་ལྟེ་བར་བྱས་པའི་ཤེས་རིག་གང་ཇི་སྙེད་དབང་དུ་བསྒྱུར་ཏེ། “འཆི་མེད་ཚེ་ཡི་རིལ་བུ”བཞེས་པ“མང་བཀུར་རྒྱལ་པོ”ཡི་རྣམ་ཐར་བསྐྱང་ངེས་ལ། མང་བཀུར་རྒྱལ་པོ་རྣམས་ནི། ད་གཟོད་གློག་གི་སྒྱུ་འཕྲུལ་ལ་མངའ་བརྙེས་པའི་འཕགས་པའི་མི་རིགས་དང་། “ཐམས་ཅད་མཁྱེན་པར”འགྱུར་ངེས་གཤིས། མེད་པོ་རྣམས་ནི་ཇེ་མེད་དང་། ཡོད་པོ་རྣམས་ནི་ཇེ་ཡོད་འགྱུར་ལ་ཐེ་ཚོམ་ཅི།

མཇུག་སྡུད།

དེ་ལྟར་ཡིག་འབྲུ་རེ་རེའི་ལ་ཐུར་དང་། ཤོག་ལྡེབ་རེ་རེའི་ཉིན་སྲིབ་ནས། ཤེས་བྱ་གསར་པའི་རོ་བཅུད་རྫོགས་མཐའ་མེད་པར་ལེན་རྒྱུ་ཡོད་པས། སྣོད་དང་འཚམ་ཞིང་དུས་ལ་འདོམས་པ། ལུང་ནས་ཟིན་ཞིང་རིགས་པས་འཐད་པ། ཡུན་དུ་འཕྲོད་ཅིང་ཉམས་སུ་ལེན་བདེ་བའི་དཔེ་དེབ་དེ་ཉིད་ལག་ཏུ་ཐོགས་ཚར་ན། རང་མལ་དུ་འཇོག་མི་བྲ་བའི་ཚོར་བ་ཞིག་རང་བཞིན་གྱིས་རྒྱུད་ལ་སྐྱེ་ངེས་ཏེ། རིག་ཚན་མང་པོའི་གཞུང་ལུགས་ལ་རྒྱབ་རྟེན་བྱས་ཐོག རིག་ཚན་སོ་སོའི་ཞིབ་འཇུག་གི་དཔྱད་འབྲས་ཀྱིས་ཟུར་ནས་བརྒྱན་ལ། ལོ་རྒྱུས་ཀྱི་གཤིས་དང་བར་ཐག་ཇེ་ཉེར་བསྟུངས་ནས། དངོས་པོ་གང་ཡང་རུང་བ་ཞིག་གི་འཕེལ་འགྱུར་གྱི་ཆོས་ཉིད་དང་ལྷན་ཅིག་ཏུ། ཁྱོད་ཀྱང་མིའི་རིགས་ཀྱི་དུས་གསུམ་ལ་འགྲུལ་བཞུད་ཐེངས་ཤིག་བགྱིས་པའི་སྣང་བ་འབྱུང་ངེས་པ་སོགས་ནི་དེབ་ཐེར་དེའི་ཟབ་ཁྱད་དོ། །དེས་ན། དཔེ་ཀློག་གིས་མི་ཡི་ཚེ་ཚད་རིང་དུ་བསྲིང་ནུས་པ་ཡིན་ཞེས་པའི་གཏམ་གྱི་བདེན་ཁ་འདི་ཡིས་སྟེར་ནུས་ཏེ། ཁྱོད་ཀྱིས་དཔེ་ཆ་དེ་ཉིད་བཀླགས་པ་བརྒྱུད། རང་ཉིད་སྤྲ་མི་ནས་བརྒྱུད་པའི་མཛངས་མི་ཞིག་ཡིན་པའི་ངེས་ཤེས་འདྲོངས་ལ། གནའ་དུས་ཀྱི་རིག་ཤེས་གསར་བརྗེའི(认知革命)དཀའ་ཚེགས་དང་བདེ་སྐྱིད། དེ་རྟིང་གི་ཞིང་ལས་གསར་བརྗེའི(农业革命)ངལ་བ་དང་ཡི་ཆད། ད་ལྟའི་ཚན་རིག་གསར་བརྗེའི(科学革命)རེ་ལྟོས་དང་འགྲན་རྩོད་སོགས་བསྐལ་པ་སྟོང་གི་བྱུང་བ་ཇི་སྙེད་རང་རྒྱུད་ཀྱིས་མངོན་སུམ་དུ་མྱངས་པའི་སྣང་བ་འབྱུང་བས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།