ཕྲན་གྱིས་འཛམ་གླིང་དཔེ་ཀློག་གི་ཉིན་མོར་རང་དང་མཉམ་པ་ཀུན་ལ་འོས་སུ་སྦྱོར་བར་སྤྲོ་བ་ནི་རྗེ་ཤར་གདུང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་གིས་མཛད་པའི《དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་བ་མོས་ལྡན་ཡིད་ཀྱི་བདུད་རྩི》དང་ཨ་རིའི་རྩོམ་པ་པོ་གྲགས་ཅན་ཝེ་ལན་ཧྥུའུ་ཁོ་ན་ཡིས་བརྩམས་ཤིང་ལི་ཅན་ཧུང་མཆོག་གིས་བསྒྱུར་གནང་མཛད་པའི《འུར་ཟིང་དང་ཆོམ་སྒྲ》གཉིས་ཡིན།《དཔེ་ཆོས་རིན་ཆེན་སྤུངས་པའི་འགྲེལ་བ་མོས་ལྡན་ཡིད་ཀྱི་བདུད་རྩི》ནི་མཉམ་མེད་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་ཐུགས་སྲས་བུ་ཆེན་རྒྱལ་བ་འབྲོམ་སྟོན་པའི་ཐུགས་སྲས་རྒྱལ་སྲས་པོ་ཏོ་བ་རིན་ཆེན་གསལ་གྱིས་ཐོར་བུ་ཐོར་བུར་གསུངས་པ་རྣམས་གཅིག་ཏུ་བསྡུས་ནས་དོན་གྱི་ལམ་རིམ་བེའུ་བུམ་སྔོན་པོ་དང་དཔེའི་ལམ་རིམ་དཔེ་ཆོས་རིན་ཆེན་སྤུངས་པར་གྲགས་པ་གཉིས་ལས་དཔེའི་ལམ་རིམ་དུ་འབོད་པ་གང་དེའི་འགྲེལ་བ་ཡིན་ལ། དེབ་འདི་དཔེ་ཆོས་རིན་ཆེན་སྤུངས་པའི་མགོ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ་ནས་མཇུག་གི་དོན་དང་སྨོན་ཚིག་བཅས་དོན་ཚན་སོ་གཅིག་དང་ཞར་དུ་རྟེན་འབྲེལ་བསྟོད་པའི་འགྲེལ་བ་ལེགས་བཤད་ནོར་བུ་བང་མཛོད་བཀོད་དེ་བསྡོམས་པས་དེབ་གཉིས་ཀྱི་བདག་ཉིད་དང་ཤོག་གྲངས776གིས་གྲུབ་ཡོད། སྤྱིར་ན་རྗེ་པོ་ཏོ་བ་ཚང་གིས་དཔེའི་སྒོ་ནས་དོན་བསྟན་ནས་གསལ་བར་བྱས་ཡོད་ནའང་དེང་གི་ཆར་དེ་ཡང་བློས་ཆུམ་དཀའ་བས་ན་རྗེ་ཤར་གདུང་མཆོག་གིས་བློ་ཁ་དམན་པ་དག་ལ་དམིགས་ནས་ཐ་སྙད་དང་མིང་བརྡ། དཔེ་ཆོས་སོ་སོར་གང་ལ་གང་འཚམ་གྱིས་སྐབས་ཀྱི་ལོ་རྒྱུས་དང་སྦྱར། འབྲེལ་ཡོད་གཞུང་ལུགས་དང་སྦྲགས། མིང་བརྡའི་དྲང་དོན་གཉིས་ཀ་ཁ་གསལ་ཡིད་ལ་འབབ་པ་ཞིག་མཛད་ཡོད་པས་ང་འདྲའི་དཔེ་ཀློག་མང་པོ་བྱེད་མི་ཐུབ་པ་རེ་གཉིས་ཀྱིས་རང་རྒྱུད་ལ་བོད་ཀྱི་རིག་གནས་ཀྱི་བག་ཆགས་ཙམ་རེ་འཇོག་ཨེ་ཐུབ་སྙམ་པ་ཀུན་ལ་ཤིན་ཏུ་ཕན་པར་སྙམ་པར་མ་ཟད། ངག་ལ་འབྱམས་ཤིང་དེབ་ཏུ་བཀོད་པ་ཉུང་བ། ཁ་རུ་རླུང་ལྟར་ཡན་ཡང་སེམས་ལ་མག་མོག་ཏུ་སྣང་བའི་མིང་བརྡ་དང་ཐ་སྙད་མང་པོ་ཞིག་ཀྱང་བློའི་བུམ་པར་གསོག་ཐུབ་པར་དམིགས་ནས་འོས་སུ་སྦྱར་བ་ཡིན། སྒྲུང་གཏམ《འུར་ཟིང་དང་ཆོམ་སྒྲ》ནི་ང་ལས་ཀུན་པོར་གསལ་ཆ་ཡོད་པས་ཞུ་མ་དགོས་མོད། མདོར་ཙམ་ཞུས་ན་སྒྲུང་གཏམ་ཧྲིལ་པོ་ཁག་བཞི་རུ་དབྱེ་ཆོག་སྟེ། ཁག་དང་པོ་ནི1928ལོའི་ཟླ4པའི་ཚེས7ཉིན་ཏེ་རྗོད་པ་པོ་ཞོ་པུན་གྱི་ཤེས་པའི་རྒྱུན་ལ་བརྒྱུས་ནས་བྲིས་ཡོད་ལ། ཁག་གཉིས་པ་ནི1910ལོའི་ཟླ6པའི་ཚེས2ཉིན་ཏེ་ཧོན་ཏིས་རང་སྲོག་གཏོང་བའི་སྐབས་ཀྱི་དྲན་འཕྲུལ་དང་ཉིན་དེར་འཕྲད་པའི་དོན་དག་བྲིས་ཡོད། ཁག་གསུམ་པ་ནི་1928ལོའི་ཟླ4པའི་ཚེས6ཉིན་ཏེ་ཅེ་སིན་གྱི་སྤྱོད་ལམ་དང་སེམས་ཀྱི་འགྱུར་བ་བརྗོད་ཡོད་ལ། ཁག་བཞི་པར་མི་ནག་གི་གཡོག་མོ་དིས་འར་ཞིས་གཙོར་བཟུང་ནས1928ལོའི་ཟླ4པའི་ཟླ་མགོའི་གནས་ཚུལ་དང་འདས་ཟིན་པའི་ལོ་ངོ་སུམ་ཅུ་ལྷག་གི་འདས་དོན་ཉིན་བཞིའི་ནང་དུ་འདུ་བར་བྱས་ཡོད་ཅིང་། དེ་ལྟར་བསྡུ་བའི་གོ་རིམ་ཁྲོད་རྩོམ་པ་པོས་ཤེས་པའི་འདུ་འགོད་དང་།མིང་ཐེ་ཆི། བརྗོད་གཞིའི་མཐོང་སྣེ་སོགས་སྒྲུང་གཏམ་གྱི་ཐབས་ལམ་མང་པོའི་སྒྱུ་རྩལ་གྱི་དར་སྐུད་བྲན་ཏེ་སྒྲུང་གཏམ་གྱི་དོན་བརྗོད་སྒྱུ་རྩལ་ལ་རྣམ་པ་གསར་པའི་ཁམས་ཤིག་བསྐྲུན་ཡོད་པས་གསར་རྩོམ་ལ་འཇུག་པ་ཀུན་ལ་ཐབས་ཀྱི་ཕྱོགས་ནས་གནད་དུ་ཆེ་བར་སེམས་པ་དང་སྒོས་སུ་བསྒྱུར་པ་པོ་ལི་ཅན་ཧུང་མཆོག་གིས་བརྩམས་ཆོས་ཀྱི་མ་ཡིག་གི་པར་གཞི་དང་བསྟུན་ནས་བརྩམས་ཆོས་མྱོང་རོལ་གྱི་ལྡེ་མིག་ཏུ་སྒྲུང་གཏམ་གྱི་ཟུར་དུ་སྒྲུང་གཏམ་ཁྲོད་ཀྱི་དོན་རྐྱེན་བྱུང་བའི་ལོ་ཚིགས་རེའུ་མིག་དང་། དུས་ཚོད་ཀྱི་གོ་རིམ་གྱི་རེའུ་མིག་བཀོད་ཡོད་པར་མ་ཟད།གཞུང་གི་ནང་དུའང་མ་ཡིག་པར་གཞིར་བསྟུན་ཤེས་ཀྱིས་ཡི་གེའི་ཚོན་མདོག་དང་ཆེ་ཆུང་མི་འདྲ་བའི་ཐབས་ལམ་སྤྱད་ནས་འཇུག་བདེ་བར་བྱས་ཡོད་པས་བརྩམས་ཆོས་གྲགས་ཅན་ལ་འཇུག་བློ་ཡོད་ཅིང་མྱོང་རོལ་གྱི་བློ་མིག་ཞན་པའི་ང་ལྟ་བུ་དག་ལ་སྨན་དུ་ཆེ་བསམས་ནས་འོས་སུ་སྦྱོར་བ་དང་ཆབས་ཅིག་ལོ་ཙཱ་བ་གང་དེས་བསྒྱུར་གནང་མཛད་པའི་ཉི་མ་སྟོང་གི་གཟི་འོད་དང་རི་ཚོགས་ཀྱི་འབོད་སྒྲ་སོགས་ཀྱང་གསོས་སུ་སྦྲན་པའོ། །