ཀྲུང་གོ་བོད་ཀྱི་དྲ་བ།

《ཆོས་ལུགས་འཚོ་བའི་དམའ་རིམ་གྱི་རྣམ་པ》ཞེས་པ་ངོ་སྤྲོད་རགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབའ་སྨད་རྒྱལ་ལོ་ཚེ་རིང་།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཏུར་ཀེན(mileDurkheim, 杜尔干)ཁོང་ནི་དུས་རྟག་པར་དམིགས་བསལ་གྱི་འཚོ་བའི་སྣང་ཚུལ་ཁག་ཅིག་ལ་སྤྱི་ཚོགས་རིག་པའི་རིགས་ལམ་སྤྱད་དེ་གོ་རིམ་ལྡན་པའི་ཞིབ་འཇུག་དང་། བརྟག་ཐབས་སྨྲ་བའི་ཐབས་ལ་མཁས་པའི་སྤྱི་ཚོགས་རིག་པ་བ་ཞིག་རེད། དེ་ཡང་།《ཆོས་ལུགས་འཚོ་བའི་དམའ་རིམ་གྱི་རྣམ་པ》(LesFormesjlmentairesdelaViereligieuse,宗教生活的初级形式 )ནི་ཁོང་གི་སྤྱི་ཚོགས་རིག་པའི་གྲགས་རྩོམ་ཞིག་རེད།

《ཆོས་ལུགས་འཚོ་བའི་དམའ་རིམ་གྱི་རྣམ་པ》ཞེས་པའི་དེབ་ཀྱི་ཡིག་ཆ་མང་ཆེ་བ་ནི་དུས་རབས་བཅུ་དགུ་པ་ནས་ཉི་ཤུ་པར་དབྱིན་ཇིའི་མཁས་དབང་ཨོ་སི་ཁྲུ་ལི་ཡར(Australia)སོང་སྟེ་ས་དེའི་ཡུལ་ཁམས་ལ་རྟོག་ཞིབ་དང་སྙན་ཞུ་བྲིས་པ་ལས་བྱུང་། དེ་བཞིན་ཨ་རིའི་དྲན་དབང་གིས་མེ་གླིང་བྱང་མའི་ཨེན་ཏི་ཨན་པ(美印第安人)དང་ཨའེ་སི་ཀེའུ་མོལ་ཟི་པར(爱斯基摩人)རྟོག་ཞིབ་བྱས་པའི་ཡིག་ཆ་དཔྱད་གཞིར་བཟུང་སྟེ་གྲུབ་པ་ཞིག་ཀྱང་ཡིན་ནོ། །

དེབ་འདི་ནི་ཏུར་ཀེན་གྱིས་པོ་ཏ་ཏའི་དུས་སྐབས་སུ་གཏན་འཁེལ་བྱས་པའི་སྤྱི་ཚོགས་ཀྱི་གཞི་ཁུངས་སྨྲ་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པར་སྨྲ་ལ། དེ་ནི་སྤྱི་ཚོགས་ཀྱི་དོན་དངོས་ལ་བརྟེན་ནས་འགྲེལ་བཤད་བྱེད་པའི་མཚོན་བྱེད་ཅིག་ཡིན་ཞེས་སྨྲ་རུང་། བརྩམས་ཆོས་དངོས་ནང་མཚོན་པའི་བསམ་བློ་ནི་སྤྱི་ཚོགས་རིག་པའི་གྲུབ་མཐའ་ཡིས་སྤྱི་ཚོགས་ཀྱི་འདུ་ཤེས་དང་། ཡོངས་ཁྱབ་ཀྱི་སྣང་ཚུལ། གདོད་མའི་བསམ་གཞིག་བྱེད་ལུགས། དུས་དང་བར་སྟོང་དབྱེ་འབྱེད་བྱེད་པ་ལ་རྨང་གཞི་ལྟ་བུར་གྲུབ་བོ། །

དེབ་འདི་ནི་སྤྱི་ཚོགས་རིག་པའི་སྐོར་གྱི་གྲུབ་འབྲས་ཡག་ཤོས་ཤིག་རེད། དེས་ང་ཚོས་ཆོས་ལུགས་ཀྱི་འཚོ་བའི་འབྱུང་ཁུངས་དང་། ནུས་པ་ག་འདྲ་ཡིན་མིན་ཐད་དུ་གོ་བ་ཇི་ལྟར་ལེན་པར་ཤེས་བྱ་གསར་པ་མཁོ་འདོན་དང་། ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། གྲགས་རྩོམ་འདི་བྱུང་བ་ནས་རིག་གཞུང་ལས་རིགས་ཀྱི་ཚུར་སྣང་ལ་ལན་ཆ་ཆེན་པོ་བྱུང་ཡོད།

དེབ་འདིའི་ཆེས་ཡག་པའི་ལེའུ་ནི་ལེའུ་དང་པོ་དང་།གཞུང་དངོས་དང་བྱ་དངོས་ཡོད་ཚད་ལ་བློ་རིག་སྨྲ་བ་དང་། རང་བྱུང་ཁམས་ལ་དད་གུས་བྱེད་པ་སོགས་ཀྱི་གནད་དོན་ཧ་ཅང་ཁ་གསལ་བ་དང་གོ་བདེ་བ། སྒྲིག་གཞི་ཡག་པ། གོ་རིམ་ཡོད་པ། དངོས་ཡོད་ཀྱི་གནས་ཚུལ་ནི་འདི་འདྲ་ཞིག་རེད་སྙམ་པའི་ངེས་ཤེས་ཤིག་རང་རྒྱུད་དུ་སྐྱེས་པས་ཡིད་འགུག་གི་ཆའང་ལྡན། ལྷག་པར་དུ་བོད་ཀྱི་ཆོས་ལུགས་དང་འབྲེལ་ཏེ་བཀླགས་ན་ཁ་འཕྲོད་པར་འདོད། བོད་ནི་ནང་བསྟན་དར་བའི་མི་རིགས་ཤིག་ཡིན་པའི་ཆ་ནས་དེབ་འདི་དང་རྐྱ་འཐབ་ནས་བཀླག་ཐུབ་ན་ངོས་ཟིན་གསར་པ་འབྱུང་བར་ཕན་ནོ་སྙམ་མོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།