ཀྲུང་གོ་བོད་ཀྱི་དྲ་བ།

རིམས་ནད་རྒོད་པའི་ལོ་དང《ཆམ་རིམས་ཆེན་པོ》

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྡོ་དཀར་ཚེ་དཔལ་སྟོབས་ལྡན།   སྤེལ་དུས། : 2020-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རིམས་ནད་རྒོད་པའི་ལོ་འདིར། 《ཆམ་རིམས་ཆེན་པོ》ཞེས་པའི་རིམས་ནད་སྐོར་གྱི་དཔེ་ཆ་དེ་ཉིད་ཀློག་པར་ཤིན་ཏུ་མོས་སོང་། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོར་ཆམ་པ་ཕོག་མ་མྱོང་བ་གཅིག་ཀྱང་ཡོད་མི་སྲིད་མོད། མང་པོ་ཞིག་གིས་ཆམ་རིམས་དང་སྲོག་ཉེན་ཤོར་བ་གཉིས་ལྷན་གཅིག་ཏུ་སྦྱར་ནས་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་། ཏག་ཏག་ལོ་བརྒྱའི་སྔོན་དུ་འགྲོ་བ་མིའི་རིགས་ལ་ཆམ་རིམས་ཆེན་པོ་ཞིག་བྱུང་སྟེ། ཕྲན་ཙམ་གྱིས་སེམས་ཅན་ཀུན་རྐྱེན་ལམ་དུ་ཤོར་སོང་། ཆམ་རིམས་འདི་སི་ཕེན་རྒྱལ་ཁབ་ཏུ་རྒྱུག་ཆེ་བས། ལོ་རྒྱུས་ལས་དེ་ལ“སི་ཕེན་གྱི་ཆམ་རིམས”སུ་འབོད།

ཆམ་རིམས་ཆེན་པོ་དེ་ནི། སྤྱི་ལོ1918ལོའི་དཔྱིད་དུས་བྱུང་ཞིང་། སྤྱི་ལོ1920ལོའི་དཔྱིད་དུས་མཇུག་བསྡུས། ལོ་གཉིས་ཀྱི་རིང་ལ་གོ་ལ་ཧྲིལ་པོར་མི་ཁྲི་ལྔ་སྟོང་ནས་དུང་ཕྱུར་གཅིག་ཙམ་རྐྱེན་ལམ་དུ་ཤོར། བས་མཐར་གནས་པའི་ས་ཆ་ཉུང་ཤས་མ་གཏོགས། སྐབས་དེའི་ཆམ་པའི་རིམས་ནད་ལས་གཡོལ་ཐུབ་པ་གཅིག་ཀྱང་མ་བྱུང་། སྤྱི་ལོ1930ལོར། ཨ་མེ་རི་ཁའི་རྩོམ་པ་པོ་དང་ལོ་རྒྱུས་རིག་པ་བ་གྲགས་ཅན་རྗོནM. བྷར་རེ(约翰 M.巴里John M. Barry)ལགས་ཀྱིས་ལོ་རྒྱུས་ཀྱི་དཔྱད་ཡིག་དང་གྲངས་གཞི་འབོར་ཆེན་གཞིར་བཟུང་ནས་ལོ་ངོ་བདུན་ཙམ་གྱི་དུས་ཡུན་སྤྱད་དེ《ཆམ་རིམས་ཆེན་པོ》(《大流感》)ཞེས་པའི་བརྩམས་ཆོས་གྲགས་ཅན་དེ་ལེགས་གྲུབ་བྱུང་། དེབ་དེ་ལས་ཆམ་རིམས་ཀྱི་འབྱུང་རྐྱེན་དང་དེ་ཉིད་གོ་ལ་ཧྲིལ་པོར་ཁྱབ་པའི་བརྒྱུད་རིམ་སོགས་ཀུན་གྱི་སྤྱན་ལམ་དུ་རྒྱས་པར་བསྟན་པས། རྩོམ་པ་པོ་བྷར་རེ་ལགས་ཀྱི《ཆམ་རིམས་ཆེན་པོ》ནི་ལོ་མང་པོར་ཡོ་རོབ་ཏུ་ཆེས་བྲིན་པའི་དཔེ་ཆར་གྱུར་ཡོད།

《ཆམ་རིམས་ཆེན་པོ》ལས་ཆམ་རིམས་དེ་སི་ཕེན་ལས་གོ་ལ་ཧྲིལ་པོར་མཆེད་པའི་བརྒྱུད་རིམ་ལས། རང་བྱུང་གནོད་འཚེ་དང་མིའི་གནོད་འཚེའི་ཟུར་ནས་སི་ཕེན་གྱི་ཆམ་རིམས་དེ། ལོ་རྒྱུས་སྟེང་ཆེས་གདུག་རྩུབ་ཆེ་བའི་རིམས་ནད་ཅིག་ཏུ་འགྱུར་དོན་ལ་དབྱེ་ཞིབ་གསལ་པོ་བྱས་པར་མ་ཟད། སླད་ཕྱིན་གྱི་ཆམ་རིམས་སྔོན་འགོག་ཐད་བློ་སྒོ་འབྱེད་ནུས་པའི་ཐབས་ལམ་མང་དུ་བསྟན་ཡོད། ལོ་ངོ་བརྒྱའི་རྗེས་སུ། འགྲོ་བ་མིའི་རིགས་ལ་སླར་ཡང་པྲོག་གསར་ཞེས་པའི་རིམས་ནད་ཅིག་གིས་འཇིགས་བསླངས་པ་ནི། སི་ཕེན་ཆམ་རིམས་དང་བསྡུར་ཐབས་མེད་ཀྱང་། ང་ཚོས་འདི་ལ་ཡང་ཡང་བསམ་གཞིག་གཏོང་དགོས་པ་ཞིག་འདུག ལྷག་པར་ནད་ཀྱི་འབྱུང་རྐྱེན་ནི་མི་དང་སེམས་ཅན་གཞན་གྱི་འགལ་འབྲེལ་ལས་འཕེལ་བར་མངོན་པས། མི་དང་རང་བྱུང་། མི་དང་སེམས་ཅན་གཞན་དག་གི་འབྲེལ་བ་ནི། གཅིག་ལ་གཅིག་བརྟེན་གྱི་འབྲེལ་ཐག་ཅིག་ལ་བརྒྱུས་འདུག་པ་ཚོར་དགོས་པ་ལས། གདོད་མའི་རང་བྱུང་ཁམས་ཆེན་པོ་འདུལ་སྦྱངས་བྱས་ཟིན་པའི་ཁེངས་པ་དེ་རྒྱུད་ནས་མ་དོར་ཚེ། མཐར་རང་གཞན་གཉི་ག་ཕུངས་པའི་རྒྱུ་ལས་མ་འདས་སོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།