ཀྲུང་གོ་བོད་ཀྱི་དྲ་བ།

ལམ་ཕྲན།

  རྩོམ་པ་པོ། : ཚེ་རིང་བསོད་ནམས།   སྤེལ་དུས། : 2020-04-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

                              ལམ་ཕྲན།

                                     ཚེ་རིང་བསོད་ནམས།

1.jpg

རྒྱང་རིང་དུ་སྐྱ་ལྷང་ངེར་ཟུག་པའི་བཤུལ་ལམ་ནར་མོ་དེ་ནི། ནམ་ཡང་བདག་པོ་མེད་པའི་སྡོང་སྐམ་ཞིག་དང་འདྲ་ལ། ལུ་གུ་མ་བུས་བརྫིས་པའི་དགའ་སྐྱོ་འདྲེས་མའི་རྒྱུན་ལྡན་གྱི་རྩྭ་ཐག་ཅིག་དང་ཡང་འདྲ། ཕྱི་འགྲུལ་བུ་ཆུང་ལ་རེ་སྒུགས་བྱེད་བཞིན་པའི་མ་རྒན་ཁེར་མོའི་མིག་མདའ་ནར་མོ་དང་འདྲ་ལ། དཔའ་བོ་དཔུང་གིས་འགྲིམ་ཤུལ་ན་རྐང་དྲོད་མ་ཡལ་བའི་རྒྱལ་ཁའི་ལམ་ཆེན་དང་ཡང་འདྲ། །

ལམ་ཕྲན་དེ་མཚམས་རེར་ཇེ་ཆེར་འགྲོ་ལ། མཚམས་རེར་ཇེ་ཕྲར་འགྲོ། སྐབས་རེ་ཐུང་ངུར་འགྱུར་ལ། སྐབས་རེར་མུ་མཐའ་མེད་པར་ཡང་འགྱུར་སྲིད། །

འོན་ཀྱང་། ངའི་མིག་མདུན་དུ་ད་ལྟའི་བར་སྐྱ་ལྷང་ངེར་གནས་ཡོད་པ་ནི་འཁྲུལ་མེད་ཡིན། །

མདོར་ན། ཁྱེད་ནི་ལྗོངས་རྒྱུ་བས་འཚོལ་བཞིན་པའི་མ་རྙེད་ཐབས་མེད་ཀྱི་རྒྱང་འགྲུལ་གྱི་རེ་བ་ཡིན་ལ། དེ་མིན་ན། ཁྱེད་ནི་གནམ་འབྲེལ་གྱི་རྨུ་ཐག་ཅིག་ཡིན་པས། རྟོགས་གེ་བས་ནམ་ཡང་མྱུལ་བཞིན་པའི་མཁའ་ལྡིང་གི་སྒྲོ་གཤོག་དེའང་ཡིན་སྲིད། གང་ལྟར། ལོ་ཟླའི་འཁོར་མོའི་གསེང་ན། ངའི་མིག་མདུན་དུ་ལྡིང་བཞིན་པ་ནི། ནམ་ཡང་འབྲེལ་ཐག་ཆོད་དཀའ་ཞིང་རྒྱང་རིང་དུ་ནར་བའི་ལམ་ཕྲན་སྐྱ་མོ་འདི་ཡིན་ལ། དེ་ལ་བཅར་བའི་གང་ཟག་སུ་ཡི་གོམ་ཁ་དང་བདེ་སྡུག་ལས་མངོན་པའི་འཛུམ་མདངས་དང་དབུགས་རིང་དེའང་ཡིན།

2.jpg

ལམ་ཕྲན་འདི་དང་འབྲེལ་བའི་ནམ་ཟླ་མཐུག་པོའི་དཀྱིལ་ན། མཚམས་མཚམས་སུ་ཐག་རིང་ནས་གྱེར་བའི་རྫི་བོ་བུ་མོའི་གླུ་སྒྲས་ནམ་ཟླར་གསོན་ཤུགས་རེ་སྦྱིན་ཞིང་། ཉམས་དགའ་བའི་རྩྭ་ཐང་གི་ནམ་མཁའ་དེ་ཡིད་ལ་འཁོར་དུ་འཇོག་སྲིད།

རྩྭ་ཐང་ནི་རྒྱུས་མེད་པའི་སེམས་བཞིན།རྒྱང་ཐག་རིང་ཞིང་དཀའ་ཚེགས་ཀྱིས་མནན་པ་ཞིག་ནམ་ཡང་མིན་ཏེ། དགུན་ཁར། གཞན་ལས་མང་བའི་གྲང་ལྷག་དང་ཁ་བའི་བུ་ཡུག་འཚུབ་ཀྱང་། དེ་ནི་རྩྭ་ཐང་གི་ཉམས་ང་མིན་པར། རྩྭ་ཐང་གི་བླ་སྲོག་འདེགས་པའི་སྟོབས་ནུས་ཀྱི་གཞི་མ་ཡིན་ལ། རྩྭ་ཐང་གི་དཔའ་སྟོབས་དང་ཁོག་ཞིང་ལ་ལྡུད་པའི་ངར་ཁ་དང་། ནོར་ལུག་གིས་རྩྭ་ཐང་འཚོ་ཞིང་ནམ་མཁའ་འདེགས་པའི་ལམ་ཁར་མེད་མི་རུང་བའི་བློ་སྟོབས་ཀྱི་རྒྱབ་བརྟེན་ཡང་ཅིས་མ་ཡིན། 

ཕྱི་རོལ་ན་དཀོན་ཞིང་རྩྭ་ཐང་ལ་ནམ་ཡང་མི་ནུབ་བ་ནི། འབྲི་མོའི་རྗེས་མཇུག་འཚོ་བའི་བེའུའི་དགའ་མཆོང་དང་། གཡང་མོའི་ཞོར་ལ་འཕར་བའི་ཉམས་དགའ་བའི་ལུ་གུའི་རྩེད་མཆོང་། སྔོ་ལྗང་གི་སྤང་མཐིལ་ན་རྣམ་པར་བཀྲ་བའི་མིང་ཤེས་མི་ཤེས་བའི་སྣ་མང་གི་མེ་ཏོག། དེ་བཞིན་གསར་སྐྱེས་ཀྱི་ཞོགས་པ་རེ་རེའི་གནམ་སའི་བར་ལ་འཁྲིལ་བའི་ན་བུན་གྱི་འདབ་མའི་དཀྱིལ་ལ་ནམ་ཡང་འཚེར་བཞིན་པ་ནི། རེ་བས་ནོམ་པའི་ཉི་གཞོན་གྱི་ཟེར་མདངས་ཏེ། མ་ཡུམ་གྱིས་ནམ་ཡང་འདེགས་པའི་དྲོ་སྐྱིད་ཀྱི་འཛུམ་མདངས་དེ་ཡིན་ལ། དྲི་ཞིམ་འཐུལ་བའི་ཁོད་ཡངས་ཀྱི་སྤང་ལྗོངས་དང་ནོར་ལུག་གི་སྐར་ཚོགས་བཀྲ་བའི་གསེང་ན། ནམ་ཡང་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ལུག་རྫི་བུ་མོའི་དབྱངས་རྟ་དེའང་ཡིན། 

རྩྭ་ཐང་དུ་ཅང་ཤེས་ཀྱི་གོམ་ཁ་བདེ་ཞིང་འགྲིམ་ལམ་ཡངས། རྩྭ་ཐང་དུ་ནམ་ཡང་འོ་དྲི་ཞིམ་ལ་ཆབ་ཆུ་དྭངས། 

འོན་ཏེ། དེ་ནི་རྩྭ་ཐང་གི་དགེ་མཚན་མ་ཡིན་ཏེ། རྩྭ་ཐང་ནི་སྨྲ་བརྗོད་ལས་འདའ་བའི་ཡིད་ཀྱི་ཞིང་ཁམས་སྟེ། གློ་བུར་དུ་གདོང་ཐུག་བྱུང་ཞིང་ཡིད་དབང་འཕྲོག་པའི་མཆོར་སྒེག་གི་མཛེས་མ་བཞིན། ཕྱི་མིག་གིས་ཡང་ཡང་ལྟ་དགོས་ཞིང་། ཡིད་ནས་ནམ་ཡང་བརྗེད་ཐབས་བྲལ་པ་ཞིག་ཀྱང་ཡིན། 

3.jpg

རྩྭ་ཐང་ནི་ནམ་མཁའ་དང་ཐག་ཉེ་ལ། ནམ་མཁའ་བཞིན་ཁོག་ཡངས། རྩྭ་ཐང་ནི་ལྷག་བསམ་དང་ཁ་ཁྱད་མེད་དེ། ལྷག་བསམ་བཞིན་འདུ་བ་གཙང་། 

དེར་བརྟེན། ལུག་རྫི་བུ་མོ་ནི་རྩྭ་ཐང་གི་བླ་སྲོག་ཡིན་ཕྱིར། རྩྭ་ཐང་ལ་འབྲེལ་བ་ཉག་ཅིག་ནི། ང་ཡི་མིག་མདུན་ན་ལྡིང་བའི་ལམ་ཕྲན་དེ་ཡིན་པས། ལམ་བུ་དེར་འཁྲིལ་ཞིང་རབ་རིབ་ངང་མངོན་བཞིན་པ་ནི། རེ་བ་དང་སྐྱེ་སྟོབས་ལས་མཆེད་པའི་ཚེ་སྲོག་གི་འོད་ཟེར་དེ་ཡིན་ལ། འོད་ཟེར་དེའི་དཀྱིལ་ནས་ང་ལ་ཕྱོགས་ཤིང་འཛུམ་བཞིན་པ་ནི་རྩྭ་ཐང་གི་བདག་མོའི་མངོན་ཞིང་དུང་བ་ལས་བཞད་པའི་མཚར་སྡུག་གི་སྤང་རྒྱན་གྱི་ཞལ་རས་དེ་ཡིན།  

 དེས་ན། འདས་ཟིན་པའི་རྐང་རྗེས་མ་འཚོལ་ལ། ད་ཡོད་ཀྱི་བསླུ་བྲིད་ལ་མ་སྲེད་དེ། ཉམས་དགའ་བའི་རྩྭ་ཐང་གི་ཕྱོགས་ལ་ལམ་ཆུང་དེ་མནན་མགོ་བརྩམས། །                                                                                                                                 ༢༠༢༠་༣་༣༠ནུབ།༢་༤༩ལ།

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།