གྱེས་ཁའི་སྐྱེམས་ཆང་།

ཐག་ཉེ་ཐག་ཉེ་ཞིག་ནས་ཁྱེད་ཚོའི་ཕྱོགས་སུ་རྣ་བ་བླགས་ཏེ་ཉན་ཐེངས་རེར། མྱི་ལོ་གསུམ་གྱི་དུས་ཚོད་ཡོད་ཚད་གཙང་བོའི་བཞུར་འགྲོས་ལྟར་དལ་གྱིས་བཞུད་འགྲོ་ལ། ལོ་ཟླ་ནི་དེ་ལྟར་མིག་རྡེབ་དབང་ཙམ་གྱིས་བགྲང་བྱ་གསུམ་བུད་སོང་། ད་ནི་དུས་ཚོད་ཀྱིས་ང་རང་བསྒུག་སྲིད་ཀྱང་། འཛུམ་དམུལ་དམུལ་དུ་ཡོད་པའི་ཁྱེད་ཅག་གིས་ང་ལ་བསྒུག་མི་སྲིད་པས། འདི་ལྟར་བསམ་ཞིང་བསམ་ན་བདག་སེམས་ཀྱི་བྲང་ཁོག་ཏུ་ཆུ་འཁྱགས་ཕོར་གང་བྱོ་བ་དང་ཅི་འདྲའི་མཚུངས་ཨང་།

ལོ་ངོ་གསུམ་གྱི་རྗེས་སུ། ལོ་ངོ་གསུམ་གྱི་ཡར་སྔོན་ལ་ཕྱིར་དྲན་བྱེད་པ་ནི་འདས་སོང་ལ་ལག་འཇུ་བྱེད་པ་དང་འདྲ་སྟེ། ལག་འཇུ་གློད་ཐེངས་རེར་བཞུད་ཟིན་པའི་མིག་ཆུ་དང་དགོད་སྒྲ། ཐོབ་ཤོར། བརྩེ་དུང་སོགས་སྐྱ་རེངས་བཀྱགས་པ་བཞིན་ནང་སེམས་སུ་ཝ་ལེར་ཤར་ཡོང་། ད་ལྟ་དྲན་ན་ཅི་འདྲའི་ཡི་གར་འོང་བ་ལ། མི་ཚེ་ནི་མ་གཞི་ནས་འདི་ལྟར་ཕྱིར་འདང་གི་ཁྲོད་ནས་མགོ་བརྩམས་ཤིང་ཕྱིར་འདང་གི་ཁྲོད་ནས་མཇུག་བསྡུ་དགོས་པ་ལྟར་སྣང་ཡང་། དོན་དུ་མི་ཚེའི་ཁྲོད་དུ་ཕྱིར་འདང་བྱེེད་རིན་མེད་པའི་དོན་དག་ཧ་ཅང་མང་བོ་ཡོད་པ་མ་ཡིན་ནམ། དེ་བས། ལས་ཀྱིས་བྲིས་པའི་བགྲང་བྱ་གསུམ་གྱི་དུས་ཚོད་མཐའ་དག་གླེང་རིན་ཡོད་པ་ཞིག་ཏུ་གྱུར་བ་ནི། ད་གདོད་ང་ཚོ་སློབ་གླིང་འདིར་འཛོམས་པའི་དོན་སྙིང་ཆེ་ཤོས་དེ་ཡིན།

དབྱར་ཁ་ནི་གོ་མེད་ཚོར་མེད་དུ་སླེབས་པ་ཇི་བཞིན། ང་ཡང་འདི་ལྟར་གོ་མེད་ཚོར་མེད་དུ་མཐར་ཕྱིན་ལ་ཉེ། མཐར་ཕྱིན་ལ་ཉེ་དུས། ངས་སྙིང་ཉེ་གང་དེར་ཁ་བྱང་ལ"སྙིང་སྡུག་ལགས། ང་འགྲོ་རན་སོང"ཞེས་པའི་ལྷུག་རྩོམ་ཞིག་ཏུ། ''མ་འོངས་བའི་འཚོ་བར་སུས་ཀྱང་ཚོད་དཔག་བྱེད་ཐབས་མེད་ནའང་། ཁྱེད་རང་ཡོད་པས་ངའི་སེམས་པ་དྲོད་ཀྱིས་གཏམས་ཡོད། ཁྱེད་ནི་ངའི་སེམས་པའི་བསྟི་གནས་དང་རྣམ་ཤེས་ཀྱི་ལོག་མལ་ཉག་གཅིག་ཡིན''ཞེས་བྲིས་པ་ནང་བཞིན། ཁྱེད་ཅག་ནི་ངའི་གཡས་ནས་བསྐྱོར་ཞིང་གཡོན་ནས་འདེགས་མཁན་དེ་ཡིན་པས། ཁྱེད་ཅག་ནི་ནམ་ཡང་ངའི་འཁྲེང་སེམས་ཀྱི་མིག་ཟུང་ཐོགས་ས་དང་ཞེ་འདང་གི་མེ་ཏོག་འཁྲུངས་ས་ཡིན།

ད་དུང་། མང་བོ་མང་བོ་ཞིག་བཤད་འདོད་ནའང་མགོ་ཇི་ལྟར་རྩོམ་དགོས་པ་དང་མཇུག་ཇི་ལྟར་བསྡུ་དགོས་པ་མི་ཤེས་པས། འདི་ལྟར་བཤད་འཕྲོར་མི་འཇོག་ག་མེད་བྱུང་སོང་། གང་ལྟར་འཚོ་བའི་ཐག་སྣེ་འཇུས་ཉིན་ནས་དེ་ཉིད་འཐེན་ཤེས་ལྷོད་ཤེས་གཉིས་ཀ་གྱིས་དང་། ཁྱོད་རང་ནར་སོན་རྗེས། མང་པོ་ཞིག་རང་ཤུགས་ཀྱིས་རྟོགས་འོང་ངེས། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།