རིམས་ནད་གཡུལ་ལས་རྒྱལ་བའི་རྣམ་ཤེས་ཀྱི་དགོད་སྒྲ།(གྱེར་འདོན།)

རིམས་ནད་གཡུལ་ལས་རྒྱལ་བའི་རྣམ་ཤེས་ཀྱི་དགོད་སྒྲ།

རྩོམ་པ་པོ། ཨ་སྔགས་ཚེ་རིང་བཀྲ་ཤིས།

གྱེར་འདོན་པ། གངས་ལྷ་སྲས།

微信图片_20200317102933.jpg

ཨ་སྔགས་ཚེ་རིང་བཀྲ་ཤིས།

微信图片_20200317104247.jpg

གངས་ལྷ་སྲས།

དེ་ཡང་ཉིས་སྟོང་ཉི་ཤུའི་ལོ་སྟེ། ལྕགས་ཕོ་བྱི་བའི་ལོའི་གནམ་ལོ་གསར་པའི་ཉིན་བྱེད་ཟེར་བརྒྱ་འཕྲོས་ཤིང་། ས་ཆེན་ཨ་མའི་པང་དུ་མི་ཀུན་གྱིས་འཛུམ་པའི་བཞད་སྒྲ་སྒྲོག་པའི་བཀྲ་ཤིས་དུས་བཟང་དང་ལྷན་དུ། མི་སྡུག་མི་སྙན་པའི་སྣ་ནག་མ་ཞིག་ཀྱང་ཐོལ་གྱིས་སླེབས།

དེ་ནི་རང་རྒྱལ་གྱི་གྲོང་ཁྱེར་ཝུའུ་ཧན་ན་གློ་ཚད་རིམས་ནད་ཅིག་སྟེ། དགུན་གཞུང་གི་སྤང་ངོས་ལ་མེ་སྟག་ལྷུང་བ་བཞིན། རིམ་གྱིས་རྒྱལ་ཕྱི་ནང་གི་ས་གནས་མང་པོར་མཆེད།  འགོས་ཚད་མྱུར་ཞིང་འགོག་སྲུང་དཀའ་བ། ཡོང་ཁུངས་གང་ཡིན་མི་ཤེས་པའི་ནད་དུག་གསར་བ་ཞིག་ཡིན་གཤིས། ཆེད་ལས་མཁས་པས་ཕྲ་མཐོང་འཕྲུལ་གྱིས་བརྟག་ཚེ། ཕྱིའི་རྣམ་པ་རྒྱལ་པོའི་དབུ་ཞྭའི་ཐོག་གི་ཏོག་དང་འདྲ་བའི་རྒྱུ་མཚན་གྱིས། རིམས་ནད་དེ་ལ་ཏོག་དབྱིབས་ནད་དུག་གསར་བ་ཞེས་པའི་མིང་ཞིག་བཏགས།  

དུས་དེ་ནས་བཟུང་ཀུན་ལ་རྒྱུས་མངའ་མེད་པའི་བཏགས་མིང་འདི་ནི་གློ་བུར་དུ་མི་ཀུན་གྱི་ཞལ་ནས་བཟླས་ཚད་དང་སྙིང་ལ་གཙེས་གྲངས་ཆེས་མང་བའི་ཐ་སྙད་ཅིག་ཏུ་གྱུར།

ཝུའུ་ཧན་ཤུགས་རྒྱོབ། ང་ཚོ་ཁྱེད་དང་མཉམ་དུ་ཡོད།

གོས་དཀར་བྱང་སེམས་ཅན་གྱི་ལྷ་རྗེ་བཞི་ཁྲི་གཉིས་སྟོང་ལྷག་ཏང་ཀྲུང་དབྱང་གི་གཅིག་གྱུར་གྱི་བཀོད་སྒྲིག་འོག་ཏུ་ཕྱོགས་བཞི་ནས་དེ་རུ་སྨན་བཅོས་རོགས་དན་དུ་འཛོམས་ཤིང་། གྱ་ནོམ་པའི་དངོས་རྫས་རོགས་སྐྱོར་གྱི་ཕྱག་རིང་ཡང་ཕྱོགས་ཕྱོགས་ནས་དེ་རུ་བསྲིང་། 

ནད་དུག་དང་འཐབ་ཅིག །ཚན་རྩལ་གྱི་དྲག་ཆས་སྤྲས་ནས་འཐབ་ཅིག །འདི་ནི་ཀུན་དང་འབྲེལ་ཞིང་ཀུན་ལ་གནོད་པའི་དགྲ་འཁྲུག་ཅིག་རེད། འདི་ནི་ཕྱོགས་ཡོངས་ནས་འགོག་སྲུང་གི་ལས་ལ་དམ་དུ་འཛིན་དགོས་ཤིང་འགོས་ཟིན་པ་རྣམས་མྱུར་དུ་སྐྱོབ་དགོས་པའི་རྒྱལ་ཡོངས་རང་བཞིན་གྱི་མི་དམངས་དམག་འཁྲུག་ཅིག་རེད།  དེ་ལྟར་ལྗིད་ཏིག་ཏིག་གི་བཀའ་འབེབས་གང་ཞིག །རླབས་ཆེན་གཙོ་འཛིན་གྱིས་པེ་ཅིང་གསེར་གྱི་ཕོ་བྲང་ནས་ཡངས་པའི་རྒྱལ་ཁམས་སུ་བསྒྲགས་བྱུང་།

ཝུའུ་ཧན་ནི་མཚོ་རྫིང་ཞིག་ཡིན་པའི་དབང་དུ་བཏང་ན། རྒྱལ་ནང་གི་ས་གནས་གཞན་དག་ནི་དེ་དང་འབྲེལ་བའི་རྫིང་བུ་སོ་སོ་རེད། ས་གནས་དང་ས་གནས། མི་དང་མིའི་བར། གྱ་གྱུའི་ཆུ་ཕྲན་གྱི་རྒྱུ་ལམ་བར་དུ་གཅོད་པར་བྱེད་པ་ནི། རིམས་ནད་འདི་ཀོ་འགོག་སྲུང་གི་ཐབས་ལམ་ཉག་གཅིག་ཡིན་སྟབས། རྒྱལ་ཡོངས་རང་བཞིན་གྱི་མི་རྣམས་འདུ་འཛི་དང་བྲལ་ནས། རང་ཁྱིམ་གོར་མོའི་ནང་དུ་ལྷོད་དེར་བཞུགས་རྒྱུ་ནིའང་བསམ་གཏན་པའི་རྣམ་རྟོག་གི་སྤྲོས་པ་དང་འཐབ་ཕྱིར་ཁེར་རྐྱང་དུ་གནས་དགོས་པ་ཇི་བཞིན། མི་སྒེར་སོ་སོས་རིམས་ནད་འགོག་སྲུང་གི་དམག་འཁྲུག་ནང་ནས་དང་དུ་ལེན་དགོས་པ་ཞིག་དང་། ངོ་མར་བཤད་ན་ལེན་འོས་པ་ཞིག་ཀྱང་ཅི་ལ་མིན།

ཤེས་ནས་སྨྲ་བ་རྣམས་ཀྱིས་འདི་ལྟར་ཡང་ཡང་གདམས་ཏེ། རང་རེའི་ཁྲ་ཆུང་མིག་གིས་མཐོང་དུ་མེད་པའི་ནད་དུག་ནི། མཁའ་དབུགས་ནང་དུ་གཡེང་བའི་ཆུ་ཐིགས་ཕྲ་རབ་ལ་བརྟེན་ནས་མི་ཕན་ཚུན་དབུགས་ཀྱི་རྒྱུ་བའི་བར་དུ་འགོས་པར་བྱེད་པས་ན། ཕྱི་རུ་འགྲོ་དུས་ཁ་ཤུབས་རྒྱག་དགོས་ཟེར། ལག་པ་ནི་ཐུག་རེག་ཅན་གྱི་ལུས་ཀྱི་ཡན་ལག་སྟེ། ནད་དུག་ཕན་ཚུན་འགོས་པའི་རྒྱུ་ལམ་ཞིག་ཡིན་གཤིས། ཕྱི་ལོག་ལ་ཕྱིན་ནས་ནང་དུ་ཡོང་དུས་ངེས་པར་དུ་ལག་པ་བཀྲུ་དགོས་ཟེར།  ནམ་རྒྱུན་ལྟར་ན་འདི་ནི་སེའུ་བཅུ་པ་ལ་འདོམས་པའི་རྒྱུན་ཤེས་ལྟ་བུ་ཞིག་ཡིན་རུང་། རིམས་ནད་ཛ་དྲག་ལང་ལིང་གྱུར་བའི་དམིགས་བསལ་གྱི་དུས་སྐབས་འདིར།  རྒྱུན་ཤེས་ཀྱང་ཡང་ཡང་བཟླ་དགོས་པའི་མན་ངག་གམ་བསླབ་བྱ་ཞིག་ཏུ་གྱུར།

བརྙན་འཕྲིན་དང་འཕྲིན་སྟེགས་སོགས་གཙོ་རྒྱུགས་བརྡ་འཕྲིན་ལས་ཉིན་རེར་རྒྱུས་ལོན་བྱས་པ་ལྟར་ན། ནད་དུག་ཕོག་པའི་མི་གྲངས་ཁྲི་ཐོག་ཁྲི་རུ་འཕར་ཞིང་། མི་འདོད་ལྔ་ལམ་དུ་ཕྱིན་པ་ཡང་སྟོང་ཐོག་སྟོང་དུ་བརྩེགས། རྔམས་སྐྲག་དང་སྐྱོ་གདུང་གི་བར་གསེང་དུ་གཏམ་བཟང་མེད་པའང་མ་ཡིན་ཏེ། ལྷ་རྗེ་དང་རོགས་འདུན་པ་ཁྲི་མ་འབུམ་གྱིས་ནུས་རྩལ་ཡོད་དགུ་སྤྲུགས་ཏེ་སྨན་བཅོས་བྱས་པ་ལས། འཆི་བདག་གཤིན་རྗེའི་འཕྲང་ལས་ཐར་མཁན་ཡང་ཉིན་རེ་ལས་ཉིན་རེ་ལྡབ་འགྱུར་གྱིས་མང་དུ་ཕྱིན།

རེད་ཡ། ནད་དུག་གདུག་རྩུབ་ཇི་ལྟར་ཆེ་རུང་། འགོག་སྲུང་གི་དཀའ་ངལ་གང་ལྟར་ལྕི་རུང་། ཝུའུ་ཧན་གྱི་དབུ་འཕང་སྒུར་ག་ལ་སྲིད།

རྒྱུ་མཚན་ནི། གོང་རིམ་ན་ཏང་སྲིད་བཟང་པོའི་སྐྱབས་གནས་ཡོད་ལ། འོག་ནས་རྒྱལ་ཡོངས་མི་དམངས་རྡོག་རྩ་གཅིག་ཏུ་སྒྲིལ་བའི་རོགས་དན་ཡོད་པ། ཁྱད་པར་དུ་འཚོ་མཛད་སྨན་པ་དག་ལ་རིམས་ནད་གཡུལ་ལས་རྒྱལ་བའི་སྤོབས་སེམས་དང་མཐུ་ནུས་ཡོད་པས་ན། མི་རིང་བ་རིམས་ནད་གཡུལ་ལས་རྒྱལ་བའི་རྒྱལ་རྔ་ལྡིར་ལྡིར་གྱི་སྒྲ་ཆེན་དེ་གྲོང་ཁྱེར་ཝུའུ་ཧན་ནས་གྲགས་ངེས།

དེའི་དུས་སུ། ཐེངས་འདིའི་ནད་དུག་འཐབ་འཁྲུག་གི་ནང་དུ་གཅེས་པའི་ཚེ་སྲོག་ཕུལ་བའི་གོས་དཀར་ལྷ་རྗེ་ཇི་སྙེད་ཡོད་པ་དག་ནས་ཀྱང་། ཡ་གི་དག་པའི་ཞིང་ཁམས་ནས་འཛུམ་པའི་བཞད་སྒྲ་སྒྲོག་བཞིན། ང་ཚོ་དང་མཉམ་དུ་དཔའ་ཞིང་བརྟུལ་ཕོད་ཅན་གྱི་གྲོང་ཁྱེར་ཝུའུ་ཧན་ལ་རྟེན་འབྲེལ་གྱི་ལྷ་དར་འཐེན་ངེས།

 ༢༠༢༠ལོའི་ཟླ༢ཚེས༦ཉིན་བྲིས།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།