ཀྲུང་གོ་བོད་ཀྱི་དྲ་བ།

ས་སྲོད་ཀྱི་འཆར་ཡན།

    སྤེལ་དུས། : 2020-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

                        ས་སྲོད་ཀྱི་འཆར་ཡན།

                                ཚེ་རིང་བསོད་ནམས།

1.jpg

     མི་ཚེ་ནི་ཁུར་སིམ་གྱི་ནགས་འདབས་ན་བཞུར་བའི་སོས་ཀའི་ཉི་ཟེར་འོག་གི་ཆུ་ཕྲན་ཞིག་དང་འདྲ་ལ། ཞེ་སེམས་ཀྱི་གསང་རྒྱ་གྲོལ་ཞིང་རེ་སྒུག་གི་འདུན་པས་ཁེངས་པའི་དཔྱིད་ཀའི་ལ་ཁའི་ཉི་མ་ལྡེ་བའི་སོས་དལ་གྱི་རྒན་པོ་ཞིག་དང་འདྲ། ཁོང་གིས་འདེད་པའི་འཚོ་བའི་བཤུལ་ལམ་ནར་མོ་དེ་ཡང་ཞིབ་ཏུ་བསམ་ན་ནགས་འདབ་ཀྱི་ཆུ་ཕྲན་དེ་དང་གཉིས་སུ་མེད་ཕྱིར། ཆབ་ཆུའི་སྙན་འཇེབས་དང་ཀུ་ཅོའི་དབྱངས་རྟར་གཏམ་རྒྱུད་དུ་མ་ཞིག་ཡོད་ངེས་ཏེ། དགའ་སྐྱོ་འདྲེས་མའི་སྒྲུང་གཏམ་ཇི་སྙེད་ཅིག་ཀྱང་ཡོད་སྲིད།

      དེ་རིང་། ང་ཡང་དཔྱིད་ཀའི་སོས་དལ་གྱི་ལ་ཁའི་ཉི་འོད་འོག་ཞིང་གྲོང་གི་མུ་ཁ་ན་དེ་རིང་ཁོ་ནར་དབང་བའི་ཡིད་འཕྲོག་མཛེས་རིས་དེས་སྤྲད་བའི་དགའ་བའི་སྣང་སྟོང་དེ་ལ་རོལ་ཞིང་། ནམ་མཁའ་བཞིན་གཡའ་དྭངས་ལ་སྤང་ལྗོངས་ལྟར་གུ་ཡངས་པའི་སོས་དལ་གྱི་སེམས་པ་དེ། དྲི་ཟའི་ལྗོན་པའི་ཡུལ་ལ་དབང་བའི་མིག་མདུན་གྱི་མཛེས་ལྗོངས་དེ་ལས་ཅིས་ཀྱང་གཡོལ་མ་ནུས། ཞི་འཇམ་གྱི་གསེར་འོད་དང་ལུས་སེམས་དྭངས་པའི་དྲི་བཞོན་བུ་མོའི་ཕྱག་ཟུང་གི་བརྩེ་བ་དེ། ང་དང་ང་ལ་དབང་བའི་ཡིད་འཕྲོག་གི་མཛེས་རིས་ཏེ། འཇིག་རྟེན་མཛེས་པའི་རྒྱན་དུ་ཆས་པའི་ལོ་ཡག་གི་གསར་སྐྱེས་ལྗང་བུའི་རླབས་ཕྲེང་ཡང་ཡང་གཡོ་བ་བཅས་ལ། མཛེས་པའི་འཛུམ་གྱིས་ཡང་ཡང་སྐྱོང་ཕྱིར། རྙེད་དཀའ་བའི་ལུས་སེམས་ཀྱི་དགའ་བདེ་དང་ལོངས་སྤྱོད་ཀྱི་སྙིང་པོའང་འདི་ལས་མ་འདས།

2.jpg

    ད་ལྟ། ང་ནི་མཛེས་ལྗོངས་འདི་ཡི་ཚེ་སྲོག་ཡིན་ལ། མཛེས་ལྗོངས་འདི་ཡི་ལོངས་སྤྱོད་མཁན་ཡང་ཡིན།

    དེ་རིང་འཇམ་མཉེན་གྱི་ཉི་ཟེར་ཤིན་ཏུ་མཛེས་ལ། སྣུམ་ཁྲིག་ཁྲིག་གི་ལྗང་བུའི་རླབས་གཉེར་གྱི་ཕྲེང་བའི་གསེང་ན་ལང་ཚོའི་གླུ་གར་ལ་རྩེན་པའི་ཕྱེ་ལེབ་ཟུང་ནི། སུམ་རྩེན་མཁན་པོའི་སོར་རྩེ་ལས་ཕྱུང་བའི་སྒྱུ་རྩལ་གྱི་སྒྱུ་མ་ཞིག་ཡིན་ངེས་ཏེ། ང་ཡི་རྒྱང་ཉུལ་གྱི་མིག་ཟུང་དང་མལ་ཁ་རུ་འཁོབ་མ་ཐུབ་པའི་འདུན་པ་དྭངས་མ་དེ། སྒྱུ་འཕྲུལ་གྱི་སྣང་རྟོག་གསོན་པོ་འདི་ཡིས་དྲི་བཞོན་བུ་མོས་དགའ་བས་སྐྱོང་བའི་དྲི་ཞིམ་གྱི་འདབ་བརྒྱ་གྲོལ་བ་ཇི་བཞིན་དབང་མེད་དུ་དེ་ཡི་ཕྱོགས་ལ་གཡོས།

    ཁུ་སིམ་སིམ་གྱི་སྣང་བ་འདི་ལ་དབང་ཞིང་མཛེས་སྡུག་གི་རྣམ་གཡེང་འདི་ལ་རོལ་བཞིན་པ་ནི། སྙན་དངགས་ཀྱི་རང་སྒྲ་ཡིན་ལ་མ་ཡུམ་གྱི་ཁོག་ཞིང་ཡང་ཡིན། དགའ་བའི་བུ་མོའི་བརྩེ་བའི་མིག་ལས་འཛུམ་པའི་མཛེས་སྡུག་གི་རི་མོ་ཡང་ཡིན། དུང་བའི་སེམས་ལས་མཆེད་པའི་ཆེས་ཐོག་མའི་དྭངས་གཙང་གི་དྲན་གདུང་དེའང་ཡིན།

3.jpg

   དེར་བརྟེན། ང་ཡི་ཤ་དང་རུས་པའི་མཐིལ་ལ་སིམ་པའི་མཐོ་སྒང་གི་གངས་རིའི་རྒྱུད་ལས་བཞུར་བའི་ཆབ་ཆུའི་འཕར་སྒྲ་ནི། ང་ཡི་ལང་ཚོའི་གསོན་ཤུགས་ཡིན་ལ། ཚེ་སྲོག་གི་གླུ་དབྱངས་ཀྱང་དེ་བས་ཡིན། 

    དེའི་ཕྱིར། ང་དང་ང་ལ་དབང་བའི་དཔྱིད་ཀྱི་དཔལ་མོས་ཕྱུག་པའི་ཡིད་འོང་གི་ཡུལ་ལྗོངས་འདི་ལ་བརྩེ་བས་འཁྱུད་པའི་འོད་ཟེར་གྱི་སྙན་དངགས་དེ་ནི། ང་ཡི་སྙིང་ཁོང་གི་གླུ་དབྱངས་ཡིན་ཏེ། མཛའ་ན་མོའི་ཕྱིར་སློག་གི་འོད་ཟེར་གྱིས་ཕྱུག་པའི་མིག་མདའ་རྣོན་པོ་བཞིན། སེམས་ཁོངས་ཀྱི་རྟོག་འགྱུ་ཅི་རིགས་འདུས་པའི་འདུ་བྲལ་གྱི་དགའ་སྐྱོ་དང་སྐྱིད་སྡུག་གི་མཆི་ཞགས། དེ་བཞིན་ང་ལ་དབང་བའི་རྐང་ལམ་ཕྲ་མོ་དེ་དང་། བཤུལ་ལམ་ནར་མོ་དེ་ལ་འཁྲིལ་པའི་ཆགས་ཞེན་དང་། དགའ་འཁོན་གྱི་རྟོག་པ་ཅི་རིགས་ཀྱི་ཡི་གེས་རྐང་ལམ་ཀྱག་ཀྱོག་འདི་ལ་སྙན་དངགས་ཀྱི་དགའ་སྐྱོའི་སྒྲུང་གཏམ་གང་མང་འཁོད་དེ། ཁུར་སིམ་སིམ་གྱི་ཞིང་གྲོང་གི་ཉི་མ་དང་རེ་བས་ཁེངས་པའི་ཆུ་ཞིང་ལེབ་མོ། གསེར་མདོག་གི་ཉི་འོད་དང་དེ་ལ་འཁྲིལ་བའི་ལྗང་མྱུག་གི་ཕྲེང་གཉེར། ལྗང་མྱུག་ལ་འཐམ་པའི་ནོར་ལུག་དང་གནམ་སའི་མཐའ་ལ་འགྲིམ་པའི་ཆབ་ཆུ་སྔོན་མོ། ད་དུང་། རྩེ་མོ་གངས་ལ་ཐུག་ཅིང་སྣེ་མོ་རྒྱ་མཚོར་འབྲེལ་བའི་རྐང་ལམ་ཕྲ་མོ། དགུང་སྔོན་གྱི་སྤྲིན་དཀར་དང་དེ་ལ་ལྡིང་བའི་ཐང་དཀར་རྒོད་པོ་སོགས་ཀྱིས་དེ་རིང་གི་ཁུར་སིམ་སིམ་གྱི་ཡུལ་གྲུ་འདིའི་བཀོད་པ་སྒྱུ་རྩལ་མཁན་པོའི་སོར་རྩེ་ལས་མཆེད་པའི་སྙན་དངགས་དང་། ཚེ་སྲོག་གི་གླུ་དབྱངས་ཇི་བཞིན་ས་སྲོད་ཀྱི་ནམ་དུས་འདི་མཛེས་ཤིང་ལྟ་ན་སྡུག

    ཡིད་བདེ་ཞིང་མཛེས་སྡུག་གི་རྣམ་པས་ཕྱུག་པའི་ས་སྲོད་ཀྱི་ཁུར་སིམ་སིམ་གྱི་ཞིང་ཁ་འདི་རུ། ངའི་མིག་ལམ་དུ། མདུན་ཕྱོགས་ཀྱི་ལྗང་ཐིང་ཐིང་གི་ཞིང་སའི་མཐའ་ན་གཡོ་བའི་འཁྲུལ་སྣང་གི་རྟོག་བཟོའི་གཤོག་ཟུང་རྐྱང་བའི་གསལ་མིན་མོག་མིན་གྱི་ནག་གཟུགས་ཤིག་གིས་ས་སྲོད་ཀྱི་ཉི་ཟེར་བཏེགས་ཏེ། འོད་ལམ་ལམ་ངང་ངའི་རྐང་ལམ་འདེད་བཞིན་ཁོ་བོའི་ཕྱོགས་སུ་བཅར་བཞིན་འདུག རིམ་བཞིན་རིམ་བཞིན་འཁྲུལ་སྣང་གི་འཛུམ་གཉེར་གཡོ་བའི་མུ་ཁ་ན་གོམ་ཁ་ལྡིང་བའི་མགྲོན་པོ་དེ་ང་དང་ཁད་ཇེ་ཉེ་ཇེ་ཉེར་བྱུང་།

4.jpg

    འོ། དེ་ནི་ཐག་རིང་འགྲིམ་པའི་མགྲོན་པོའམ་གནས་སྐོར་བ་ཞིག་རེད།

    ངས། ཁུར་སིམ་སིམ་གྱི་མཛེས་སྡུག་གི་སྤང་ཁ་འདི་ནས་ཡིད་ལ་བཅར་བའི་གློ་བུར་བའི་མགྲོན་པོ་དེ་བསུས་ཤིང་། སྟོང་ཞིང་མཛེས་སྡུག་གི་བརྩེ་བས་ཁྱབ་པའི་མུ་ཁ་དེ་ནས། དྲི་ངད་རྒྱང་ལ་འཐུལ་བའི་ཇ་དང་ཁ་ཟས་སོགས་ཁོང་ལ་ཕུལ་བ་ཡིན། ལམ་འགྲོ་བས་བཟའ་བཏུང་ཚར་ཞིང་ལུས་ངལ་སོས་རྗེས། དྭངས་གཙང་གི་འཛུམ་ཟེར་འཁྱིལ་བའི་ཐལ་མོ་དང་ལྷན་དུ་དྲན་རྟེན་ཞིག་དང་བཅས་ཏེ། གསེར་མདོག་གི་ཉི་འོད་ཀྱིས་བཀྲུས་པའི་སྔོ་ཐིང་ཐིང་གི་ཞིང་ཁའི་མུ་ཁ་ན་སླར་ཡང་ས་སྲོད་ཀྱི་ཉི་ཟེར་འདེགས་བཞིན། སྔོ་ལྗང་གི་རྒྱ་མཚོ་ན་ལྡང་ཞིང་རིམ་བཞིན་རྒྱང་རིང་གི་ཉི་ཟེར་ལ་ཐིམ་

སོང་།

    ངས། སླར་ཡང་སྙན་འཇེབས་ཀྱི་བསིལ་རླུང་གི་གླུ་དབྱངས་ཉན་ཞིང་། གནམ་སའི་བར་ལ་མཛེས་སྡུག་གིས་ཕྱུག་པའི་ཡིད་ཀྱི་ལོངས་སྤྱོད་དེ། དྲི་བཞོན་བུ་མོའི་དབྱངས་རྟའི་འགྲོས་དང་བསྟུན་ནས་མཛེས་སྡུག་གི་གར་སྟབས་གླིང་ལ་དགའ་བ་སྟོང་གི་གླུ་ཡིས་སྒྱུར་བཞིན་པའི་འབྲུ་རིགས་སྣ་ལྔའི་སྔོ་ལྗང་གི་ལྗང་བུའི་བྲོ་གར་ལ་གཡེང་། དེ་ནི་སང་གི་རེ་བ་དང་མདུན་སྐྱོད་ཀྱི་ལམ་ཁ་སྦྲུམ་པའི་ཨ་ཁུ་རྒན་པོ་རྣམས་ཀྱི་ཡིད་སེམས་ན་མཛེས་ཤིང་། ཨ་མ་རྒན་མོའི་ལག་མཐིལ་ན་འཁྱིལ་བའི་བདེ་སྐྱིད་ཀྱི་བཀོད་པ་སྟེ། རབ་མཛེས་དཔྱིད་ཀའི་ཞིང་སའི་རྣམ་པ་ཡིན་ལ། གློ་བུར་དུ་དྲི་ཟའི་བུ་མོ་ཁྲི་མ་འབུམ་གྱིས་དྲི་ཞིམ་པད་མའི་འདབ་བརྒྱ་དགོད་པའི་ངོས་སུ་མཉེན་ལྕུག་གི་སྟངས་ཀ་དང་སྙན་འཇེབས་ཀྱི་དབྱངས་རྟས་ཡིད་དབང་འཕྲོག་པའི་བྲོ་གར་ལ་རྩེན་པ་དང་གཉིས་སུ་མེད། མཛེས་སྡུག་གི་སྒྱུ་འཕྲུལ་ལ་གཡེང་བའི་ངའི་འཆར་ཡན་དེ། ད་ལྟའི་དུས་སྟོན་གྱི་མཛེས་སྡུག་འདི་ལས་གཡོལ་བ་མ་གཟོད་ལ། ལོངས་སྤྱོད་ཀྱིས་ཡོངས་སུ་ཚིམ་ཞིང་མྱོས་པའི་ང་ཡི་དྭངས་གཙང་གི་སེམས་ཁོང་དེའང་དེ་ལས་གཡོལ་བ་མ་ཕོད་པས། ལ་ཁའི་སྣུམ་ཟེར་འཐུལ་བའི་གསེར་མདོག་གི་ཉི་མ་གཞོན་ནུས་དེ་རིང་མཇུག་མཐའི་འོད་ཟེར་གྱི་དར་གོས་དེ། ང་ལ་མུན་པའི་མཐིལ་ལ་བདེ་བའི་རྨི་ལམ་ཞིག་གིས་བསྐྱེལ་ཆེད་དལ་གྱིས་གཡོག་བྱུང་ལ། ང་དང་ང་ཡི་ལོངས་སྤྱོད་ལ་བདེ་བའི་སྨོན་པ་དང་བཅས་ཏེ། མཛེས་སྡུག་གི་བཞིན་ལ་ལང་ཚོའི་མདངས་ཀྱིས་བརྒྱན་ནས་གཟོད་དཀའི་གྱེས་བྲལ་གྱི་གོམ་ཁ་ལ་དུང་བའི་སྤྱན་མདའ་ཡང་ཡང་སློག་བཞིན་དལ་བ་དལ་བུར་ཆུ་ལྷའི་ལྟོ་རུ་ཐིམ་སོང་།

6.jpg

དོ་ནུབ། ངས་མུན་པ་འགྲིམ་ཆེད། དོ་ནུབ། ངས་རྨི་ལམ་ཞིག་འཇོག་ཆེད། དོ་ནུབ། ང་མུན་པ་ལ་ཐིམ་ཆེད། དོ་ནུབ། ངས་སང་གི་ལྐོག་གྱུར་གྱི་སྐྱ་རེངས་དེ་བསུ་ཆེད། ཡ་ཐོད་ཀྱི་སྐར་ཆེན་དེ་སྔས་མགོའི་འོག་ཏུ་རྨི་ལམ་གྱི་གདན་ལ་གཏིང་། དོ་ནུབ་འཚུབ་ཆ་ཆེ་ལ་འཇམ་ཤ་དོད། དོ་ནུབ་སྒྲུང་གཏམ་མེད་ལ་ཤོད་སྲོལ་ཡང་མང་། དོ་ནུབ་ནམ་མཁའ་སྨག་ལ་སྐར་ཚོགས་ཤིན་ཏུ་བཀྲག དོ་ནུབ། ཁུར་སིམ་སིམ་གྱི་སྔས་མགོ་དང་རུམ་བར་ལ་འཁྲིལ་བའི་རྨི་ལམ་གྱི་དགོད་སྒྲ། གྲོང་སྡེའི་སྲང་ལམ་ལ་མྱུལ་བའི་རྒྱུག་ཁྱི་ཡི་ཟུག་སྐད་རེ་རེ་ནི། མུན་པའི་གྲུབ་ཆ་ཡིན་ལ་ཐོ་རེངས་ཀྱི་ར་མདའ་ཡང་ཡིན།

     ང་། ཁུར་སིམ་མེར་ཉལ་འདོད་ལ། གླུ་དང་དབྱངས་ཀྱི་རལ་གྲིས་ནམ་ཟླ་མཐུག་པོ་འདི་ཡང་དབྲལ་འདོད། 

    དུས་ནམ་ཡང་…

རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།