ང་ཚོ་མི་འགྱང་བར་དཔྱིད་ཀྱི་པང་དུ་བག་ཡངས་ངང་རྩེན་ཆོག

སྤྱི་ལུགས་ཀྱི2020ལོའི་ཟླ་དང་པོའི་ཚེས24ནི་ང་རང་ལོ་གསར་གྱི་གནང་བ་རྫོགས་ཏེ།ཕྱིར་ལོག་དགོས་པའི་དུས་བཅད་ཀྱི་ཉིན་ཡིན།དེར་བརྟེན་ངས་སྔ་ཉིན་ནས་བཟུང་དུས་རྒྱུན་མགོ་ལོག་ཏུ་རྒྱུག་བཞིན་པའི་གླ་འཁོར་ཁ་ལོ་བ་གཅིག་གཉིས་ཤིག་ལ་འབྲེལ་གཏུག་བྱས་པ་ཡིན།ཁོ་ཚོས་ཁ་སང་དེ་རིང་ཏོག་གསར་ནད་དུག་གི་རྐྱེན་གྱིས་མྱུར་ལམ་སོགས་བཀག་སྡོམ་དང་གླ་འཁོར་རྣམས་གཏོང་གིན་མི་འདུག་ཅེས་ལབ་བྱུང་བས།སེམས་ནི་དེའི་མུར་དབང་མེད་དུ་འཚབ་བྱུང་།ལས་ཁུངས་ཀྱི་མགོ་བ་ལའང་རླངས་འཁོར་ལག་ཏུ་མི་ཆུད་པའི་གནས་ཚུལ་གླེང་བ་ན།མགོ་བས་ད་དུང་ཉིན་འགར་སྒུགས་དང་ནད་ཡམས་ཀྱི་རྐྱེན་གྱིས་ཉིན་འགས་ཡུན་བསྲིང་སྲིད།གལ་ཏེ་ངེས་པར་དུ་འོང་དགོས་ཚེ།ལས་ཁུངས་ཀྱི་རླངས་འཁོར་བསུ་རུ་མངག་དགོས་པ་ལས་འོས་མེད་ཅེས་ལན་ བཏབ་བྱུང་བས།སེམས་ཅུང་བདེ་ལ་བབས།ཟླ་དང་པོའི་ཚེས25ཉིན་ལ་གྲོགས་པོ་ཞིག་གི་སྐད་འཕྲིན་ནས་ཁོ་ཚོའི་ཕ་ཡུལ་ལ་ཏོག་གསར་རིམས་ནད་སྔོན་འགོག་བྱ་ཆེད།རིག་རྩལ་བྱ་འགུལ་སོགས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་མི་ཆོག་པའི་བརྡ་བཏང་སོང་ཟེར།ངའི་བསམ་པར་དེས་ན་བརྡ་སྦྱོར་འདི་རིགས་མི་འགྱང་བར་རང་གི་ཕ་ཡུལ་ལའང་འབྱོར་བར་ཐེ་མི་ཚོམ་སྟེ།གྲོགས་པོའི་ཕ་ཡུལ་དང་ངེད་ཕ་ཡུལ་གཉིས་ནི་རྫོང་ཁོངས་གཅིག་གི་ལུང་པ་སོ་སོ་ཙམ་ཡིན།མི་མང་ལྷན་དུ་འཛོམས་མི་ཆོག་པ་ཡིན་ན།ཕ་ཡུལ་མི་དམངས་ཞོགས་ཆེ་བའི་སླེ་གྲུག་འགྲན་སྡུར་ཆེན་མོ་དེ་དང་།ཚེས5ནས6གི་སྡེ་མི་ལྷན་གཅིག་གིས་རོལ་བའི་ལོ་གསར་དེ་ཡང་དཀའ་ཁག་ཅིག་ལ་མི་འཕྲད་དམ།དོ་ཚིགས་སྡེ་བ་གཞུང་ལ་ལོ་གསར་བལྡུ་བའི་སྦྱིན་བདག་ནི་རང་གི་ཕུ་བོ་ཆེ་བ་ཚང་ཡིན་ཞིང་།(ན་ནིང་སྡེ་བའི་རྒན་གཞོན་ཚང་མ་གཞུང་ཁང་དུ་འཛོམས་ཏེ་ལོ་གསར་འཐུང་སྐབས།ཕུ་བོས་སང་ལོའི་སྡེ་བའི་ལོ་གསར་ཁོ་ཚང་གིས་ལྡུད་རྒྱུ་ཡིན་ཞེས་ཁས་བླངས་པར།སྡེ་བས་ཀྱང་ཁོའི་སྐེ་རུ་ཁ་བཏགས་འཕངས་ཏེ་བཀའ་དྲིན་དང་རྟེན་འབྲེལ་ཞུས)ན་ནིང་གི་བོད་ལོ་ནས་བཟུང་ཁོ་ཚང་གི་བཟའ་མི་གང་པོས།ཤ་དང་དུ་ཆང་སོགས་གང་མཁོའི་ཉོ་ཆ་བརྒྱབ་སྟེ།གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད།གལ་ཏེ་མི་མང་ལྷན་ཅིག་ཏུ་འཛོམ་མ་ཆོག་ཚེ།ཕུ་བོ་ཚང་གིས་གྲ་སྒྲིག་བྱས་པ་དག་ཆུད་ཟོས་སུ་མི་འགྲོའམ་ཞེས་སེམས་ཁྲལ་ཞིག་དབང་མེད་དུ་སྐྱེས་བྱུང་།དེའི་ཁར་ལོ་གསར་གྱི་གནང་བ་ཡུན་སྲིང་གི་བརྡ་གསལ་ཁ་ཆོད་པ་ཞིག་སྔར་ བཞིན་མ་འབྱོར་སྟབས།རྩ་འཛུགས་ཀྱི་འགྲིག་གི་འོག་ན་ཡོད་པ་ཁོ་བོའི་སེམས་པ་ལྷོད་ལྷོད་ངང་ལ་འབབ་ཐབས་བྲལ།དེ་བས་ཟི་ལིང་ལ་སོང་ན་བཟང་།ཟི་ལིང་དུ་གློ་རྡེག་ཏུ་ལས་གནས་སུ་འབྱོར་དགོས་པའི་བརྡ་འབྱོར་ཡང་།རླངས་འཁོར་འགྲོ་ནི་ཡོད་མེད་རྩད་གཅོད་པར་སྟབས་བདེ་སྙམ།དེ་ནས་ངས་སང་ཉིན་ཟི་ལིང་དུ་འགྲོའམ་ཞེས་ཆུང་མར་དྲིས་པར།མོ་ཡང་འཐད་བྱུང་།འོན་ཀྱང་བུ་ཆུང་ནི་ཟི་ལིང་དུ་འགྲོ་འདོད་མེད་པའི་རྣམ་འགྱུར་བསྟན་བྱུང་བས།ངེད་གཉིས་ཀྱིས་ཀྱང་ཨུ་ཚུགས་མ་བྱས་པར་ཁོའི་འདོད་པར་བསྟུན་པ་ཡིན།འདི་ནི་གཙོ་བོ་ཟི་ལིང་ན་ཁོ་ལ་ན་མཉམ་གྱི་གྲོགས་པོ་ཤིན་ཏུ་ཉུང་བའི་རྐྱེན་གྱིས་ཏེ།སྡེ་བའི་ནང་དུ་ཁོ་ལ་རྩེད་གྲོགས་མང་བ་མ་ཟད།ཁོ་དགའ་བ་བྲོད་པའི་སླེ་གྲུག་རྩེ་ས་ཆེན་པོ་ཞིག་ཀྱང་ཡོད་པས།བཟའ་ཟླ་ངེད་གཉིས་ཀྱིས་བུ་ཆུང་གི་བག་ཡངས་རྩེད་འཇོའི་གོ་སྐབས་འདི་བཙན་གྱིས་འཕྲོག་པར་བློས་མ་ཆོད།

ཟླ་དང་པོའི་ཚེས26ཉིན་གྱི་ནངས་མོར།ཚ་མོས་ཨ་རིའི་སླེ་གྲུག་རྩལ་ལྡན་པ་ཁོ་པེ་འཕུར་གྲུའི་ཆག་སྒོའི་ཁྲོད་ཚེ་དུས་བྱས་སོང་ཞེས་ཐིན་ཞུན་གསར་འཕྲིན་ནས་མཐོང་བ་དེ་བཤད་སོང་བས།ང་རང་ཏལ་ཅིག་གློ་བུར་ཞིག་ཏུ་བཏང་ལ།ཚ་མོས་གཏམ་ངན་འདི་འདྲ་ཚམ་ཚོམ་མེད་པར་བཤད་པར་སྙིང་མི་དགའ་བ་ཞིག་ཀྱང་བྱུང་མོད།ཨོང་མེ་ལམ་ལམ་གྱི་གོ་ཁ་ནས་ཁྱིམ་འཛིན་གྱི་ཕུ་བོ་བཟའ་མི་གང་པོ་དང་ཁ་བརྡ་བྱེད་ཀྱིན་ནངས་ཇ་ཞིམ་པོ་ཁ་ལ་རེག་པ་ན།ཚ་མོའི་ཁ་ནས་གོ་བ་དེ་ཡང་རེ་ཞིག་རང་དང་འབྲེལ་བ་ཆེར་མེད་པ་ལྟར་བརྗེད་པར་གྱུར།དེ་ལྟར་ན་ཡང་།ཉིན་དེ་དག་ལ་རིམས་ནད་ཀྱི་འཇིགས་པ་རྣ་ཐོས་བྱུང་སྟེ།ཡིད་སེམས་བློང་བློང་དུ་འཁྲུགས་པའི་སྒང་ཡིན་པའི་སྟབས་ཀྱིས་ཡིན་ནམ།ཉིན་འགའི་རིང་ལ་ང་རང་གྲུག་གོས་ཨང24ཡི་སླེ་གྲུག་རྩལ་ལྡན་ཟླ་མེད་འདི་གློ་བུར་དུ་ས་ཡི་མིག་ལྡན་ཀུན་གྱིས་མི་མཐོང་བའི་དབྱིངས་སུ་ཡལ་བར་གདུང་བ་དབང་མེད་ཅིག་སྐྱེས་བྱུང་།འཛམ་གླིང་འཛིན་མའི་ཁྱོན་ལ་གྲགས་པ་འབར་བའི་ཆོ་ཏན་གྱི་རྗེས་སུ་སླེ་གྲུག་རྩེ་བའི་རྩལ་ལ་དབང་འབྱོར་ཞིང་། ཟིན་ཐོ་མཐོན་པོ་མངའ་བརྙེས་པ་དང་།འགྲན་སྡུར་གྲངས་མེད་ལས་རྣམ་པར་རྒྱལ་བའི་མཚན་སྙན་དང་གཏང་རག་བདག་གིར་བཞེས་པ་ཁོ་ལོ་ན་ཞེ་གཅིག་ལ་སོན་མ་ཐག་ལ།ཁོ་བཞིན་སླེ་གྲུག་རྩེ་རྩལ་གྱི་ལྷན་སྐྱེས་མངའ་བའི་བུ་མོ་ཆུང་ཆུང་གཉིས་ཀ་དུས་མིན་འཆི་བ་མགོ་ཐོག་ཏུ་ལྷུང་བར་ང་ནི་དབང་མེད་དུ་ཕངས་སེམས་ཀྱིས་མནན་སོང་།འདས་པོ་ཁོ་དང་ང་གཉིས་གླིང་མི་གཅིག རིགས་དང་རྒྱུད་མི་གཅིག དད་མོས་དང་ཤའི་སྐྱི་མདོག་མི་གཅིག་ཐ་དད་ཡིན་ན་ཡང་།ཁོའི་གདོང་ན་རྒྱས་པའི་ཡིད་ཆེས་དང་སྤོབས་པའི་འཛུམ་མདངས་དང་།བཟའ་ཟླ་དང་བུ་ཕྲུག་ལ་བརྩེ་གདུང་ཆེ་བའི་རྒྱུས་ཡོད་དང་སྙིང་ཉེའི་སྐྱིད་མདངས་དེ་མཐོང་བའི་མོད་ལ།ངའི་མིག་མཐའ་དབང་མེད་དུ་བརླན་བྱུང་།ཁོ་གློ་བུར་མེད་སོང་བ་ཡིས་ཁོའི་བཟའ་མི་དང་གཉེན་གྲོགས་མ་ཟད།ས་སྟེང་གི་མི་རྣམས་ཀྱི་སེམས་ལ་གྲོག་ཤུར་གཏིང་ཟབ་མོ་ཞིག་བཟོས་ཡོད་ལ།ལྷག་ཏུ་ཁོ་ལ་དགའ་ཞེན་ཆེ་བའི་སླེ་གྲུག་ལུས་རྩལ་པ་དག་གི་སེམས་སུ་ཕངས་པ་དང་སྐྱོ་གདུང་ཞིག་གིས་བརྩེགས་པ་གདོན་ཅི་ལ་ཟ།

ཟི་ལིང་དུ་ཆས་ཁར་སྐད་འཕྲིན་དུ་ལོ་གསར་གྱི་གནང་བ་ཡུན་སྲིང་གི་ཡིག་ཐོག་བརྡ་སྦྱོར་གསལ་པོ་ཞིག་འབྱོར་བྱུང་བས།ངའི་སེམས་སླར་ཡང་བདེ་ལ་བབས་བྱུང་།དེ་ལྟར་ཆུང་མ་དང་ངེད་གཉིས་ཕ་ཡུལ་རྡོ་སྦིས་ནས་ཟི་ལིང་དུ་ཆས་པ་ཡིན།རླངས་འཁོར་བསྐོར་ཏེ།མར་གཞོང་ལ་སླེབས་ཤིང་།མྱུར་ལམ་ཐོག་སྐོར་རྩིས་ཀྱིས་སོང་བ་ན།དེ་རུ་འགྲོ་མི་ཆོག་པའི་བཀག་སྡོམ་བྱེད་ཀྱིན་གདའ་ལ།ལས་སྒར་སྔོན་པོ་ཞིག་ཀྱང་དེ་རུ་བཏབ་འདུག ལས་སྒར་གྱི་གམ་ནས་བུད་མེད་ལས་བྱེད་པ་ཞིག་ཚུར་ཡོང་ནས་གྲོང་རྡལ་ཞིག་གི་མིང་བཤད་ཅིང་།དེ་ནས་བསྐོར་ཏེ་འགྲོ་དགོས་ཚུལ་སྨྲས་བྱུང་།དེ་ནས་ངེད་གཉིས་གཞུང་ལམ་ནས་ཡ་རྫི་མཁར་བརྒྱུད་ཅིང་།ཟི་ལིང་དུ་འགྲོ་སའི་མྱུར་ལམ་ཁ་དེ་རུ་སླེབས་པ་ན།དེ་ནའང་སྔར་རྒྱུན་དང་མི་མཚུངས་པར་ལམ་གྱི་འགྲམ་དུ་རས་གུར་སྔོན་པོའི་སྒར་འགའ་བཏབ་འདུག འགྲིམ་འགྲུལ་ཉེན་རྟོག་པ་སྐོར་ཞིག་གིས་འགྲིམ་འགྲུལ་ལ་བཀོད་འདོམས་བྱེད་ཀྱིན་མཆིས། ཟི་ལིང་ནས་མར་འོངས་པའི་རླངས་འཁོར་དག་ལ་བརྟག་དཔྱད་ནན་མོ་བྱེད་པ་མཐོང་མོད།ཡར་ཟི་ལིང་ལ་འགྲོ་བའི་རླངས་འཁོར་ལ་ཤར་སེར་སོང་ཆོག་པའི་བརྡ་བརྒྱབ་བྱུང་།ཉིན་དེར་ཟི་ལིང་དུ་འཐེན་པའི་མྱུར་ལམ་འདིའི་སྟེང་འགྲོ་བའི་རླངས་འཁོར་ཤིན་ཏུ་ཉུང་བས།རྣམ་རྒྱུན་དང་ལྡོག་པའི་ཚོར་བ་ཞིག་ངང་གིས་སྐྱེས་བྱུང་ལ།སྐབས་རེར་རྒྱུས་མེད་ས་སྟོང་ནས་འགྲོ་ལྟའི་སྣང་བ་མཚར་པོ་ཞིག་ཀྱང་སྐྱེས་བྱུང་།བདེ་ཁམས་ཀྱི་ས་ཐོག་མཚོ་ཤར་མྱུར་ལམ་གྱི་བརྟག་དཔྱད་ས་ཚིགས་སུ་ཐོན་པ་ན་ཡང་དེ་ལྟར་ཏེ།ཟི་ལིང་ནས་མར་འོངས་པའི་རླངས་འཁོར་དག་བརྟག་དཔྱད་ནན་མོ་དང་། ཟི་ལིང་ལ་ཕྱོགས་ཏེ་འགྲོ་བའི་རླངས་འཁོར་ལ་ཤར་གཏོང་ཆོག་པ་བྱེད་ཀྱིན་འདུག ཡང་ན་འདི་ནི་ངེད་གཉིས་ཀྱི་རླངས་འཁོར་འདིའི་ཨང་བྱང་ཟི་ལིང་གི་ཡིན་པའི་སྟབས་ཀྱིས་ཡིན་ཡང་སྲིད།གང་ལྟར་ཉིན་དེར་བཟའ་ཟླ་ངེད་གཉིས་ལམ་བར་དུ་དལ་འགྱང་མེད་པར་ཟི་ལིང་དུ་བདེ་བླག་ཏུ་སོན། ཡིན་ནའང་ལམ་བར་གྱི་མིག་མཐོང་དང་།ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་ཀུན་ན་མི་དང་རླངས་འཁོར་གྱི་རྒྱུ་འགྲུལ་ཉུང་སྟེ་སྟོང་ལྷང་ལྷང་དུ་མངོན་པ་དེ་དང་།གཞིས་ཁུལ་གྱི་སྒོ་ཆེན་ཁ་ན་ཕར་འགྲོ་ཚུར་འོང་གི་རླངས་འཁོར་དང་མི་ལ་ཐོ་འགོད་སོགས་ཀྱིས་ཚོད་འཛིན་དང་འགྲིག་བཅའ་བཞིན་པ་འདིས་ངེད་བཟའ་ཟླ་གཉིས་ལ་ཏོག་གསར་ཞེས་པའི་རིམས་ནད་འདི་ནི་སྣང་མེད་ཡེ་ནས་མི་རུང་བའི་ངེས་ཤེས་ཤིག་དང་འཚུབ་ཆ་ཞིག་སྐྱེ་བར་བྱས་སོང་།

ཉིན་དེ་ནས་བཟུང་རྣ་ཐོས་དང་མིག་མཐོང་ཡོད་ཚད་ཏོག་གསར་རིམས་ནད་འདིའི་སྐོར་འབའ་ཞིག་སྟེ།ས་ཆ་གང་ན་ཡང་གཞུང་ལམ་དང་མྱུར་ལམ་ལ་འགག་བཙུགས་ཏེ་རླངས་འཁོར་ཤར་གཏོང་བྱེད་པ་བཀག་འདུག་པ་མ་ཟད།མི་ཚང་མ་ཁྱིམ་དུ་སྡོད་པ་ལས་གང་སར་འགྲོ་མི་ཆོག་གི་འགྲིག་ལམ་བཅས་ཡོད་པ་དེ་རེད།གྲོང་དང་གྲོང་ཁྱེར་དེ་ལྟར་ཡིན་ལ།ཐ་ན་རི་ཁུག་གི་སྡེ་བར་ཡང་དེ་བཞིན་དུ་འགྲིག་ལམ་དེས་སྡོམ་ཀྱིན་པ་ཐོས་བྱུང་།ངའི་དེ་སྔོན་གྱི་སེམས་ཁྲལ་དེ་ཡང་དོན་དངོས་སུ་གྱུར་པའོ། །ཕུ་བོ་རྒན་པ་ཚང་གིས་སྡེ་མི་ལྷན་འཛོམས་ཀྱིས་ལོ་གསར་ལ་རོལ་བར་མཐུན་རྐྱེན་སྦྱར་བ་དོན་ཐོག་ཏུ་སྨིན་པར་རེ་བ་ཆེ་ལ།སེམས་ཤུགས་ཀྱང་བཏོན་པ་སྨོས་ཅི་དགོས་མོད།ད་ནི་རྒྱལ་ནང་དང་རྒྱལ་ཕྱི་གང་ལའང་མཆེད་ཀྱིན་པའི་ནད་དུག་འདིས་བགེགས་བྱས་སོང་བས།ཕུ་བོ་ཁོ་ཚང་མ་ཟད་གཅུང་ང་རང་ཡང་ཕངས་སོང་།དེར་མཐུད་དེ་ད་དུང་རྣ་ཐོས་བྱུང་བ་ཞིག་ནི།མི་མང་འདུ་བ་འགོག་ཆེད།ཐ་ན་སྡེ་བའི་སླེ་གྲུག་རྩེ་རའི་ནང་གི་སླེ་གྲུག་ཆ་སྟེགས་ཀྱང་བསྒྱེལ་བ་གོ་བས།འདི་ལྟར་བྱས་པ་ཚད་ལས་ཅུང་བརྒལ་བ་མིན་ནམ་ཞེས་ཀྱང་སྙམ་བྱུང་།སླེ་གྲུག་ཆ་སྟེགས་མེད་ཚེ།རང་གི་བུ་ཆུང་དང་ཁོའི་ན་མཉམ་གྲོགས་པོ་ཡོངས་ལ་རྩེད་འཇོ་རོལ་ས་ཡང་མེད་སོང་ཞེས་ཡིད་ཕངས་པ་ཞིག་བྱུང་ལ།བུ་ཆུང་ནི་ལག་ནས་ཅི་ཞིག་ཕྲོགས་སོང་བ་ལྟར་ངོ་མདངས་ཤོར་བ་དེ་ངའི་མིག་ལམ་དུ་གཟུགས་ཅན་བཞིན་འཆར་འོང་།ད་རེབ་ཀྱི་རིམས་ནད་འདི་མི་དང་མིའི་བར་ལ་ཤིན་ཏུ་འགོ་སླ་བ་ཞིག་སྟེ།ཁ་རླངས་དང་མཆིལ་ཟེགས།ལག་ཐུག་ཙམ་དང་། ཐ་ན་ནད་འདིས་བཟུང་བ་གང་དང་སྐར་ཆ་འགར་ལྷན་དུ་བསྡད་པ་ཙམ་གྱིས་ཀྱང་ནད་དུག་ལུས་ལ་འབྱར་ཏེ།སྲོག་ལ་འཚེ་བ་བྱེད་ཅེས་གོ་བས།(ཕྱིས་སུ་ད་དུང་གཞང་ལམ་ནས་ཀྱང་འགོ་ཡོང་ཞེས་ཆེད་མཁས་སྨན་པས་བརྗོད་ཀྱིན་འདུག དངོས་གནས་ཐོས་པ་ཙམ་གྱིས་ནད་དེ་ནི་ཆོ་འཕྲུལ་སྟོན་མཁས་ཀྱི་གདོན་འདྲེ་མཐུ་ཆེ་ཞིག་ཡིན་འདྲའི་ འཇིགས་སྣང་སྟེར)དུག་སེལ་དང་རིམས་འགོག་གི་ཆ་རྐྱེན་ཞན་པའི་རི་ཁུག་ལ་མཚོན་ན་དེ་ལྟར་བྱེད་པ་ཡང་དགོས་ངེས་ཤིག་ལོས་ཡིན་འདོད། ཉིན་དེ་དག་ལ་མི་ཚང་མའི་གླེང་གཞི་གཙོ་བོ་ནི་ཁ་ཐུམ་དང་ཕ་ཝང་གཉིས་ལས་མ་འདས།ཁ་ཐུམ་བཙོངས་ཚར་ཏེ་ལག་ཏུ་ཆུད་དཀའ་ཚུལ་བརྗོད་པ་དང་།ཡང་ཁ་ཐུམ་འཚོང་མཁན་ཡོད་ཀྱང་།བརྙན་ཟློས་ཤིག་ནས་མི་ཞིག་གིས་གཞན་གྱིས་སྤྱད་ཟིན་ཁ་ཐུམ་གད་སྙིགས་སུ་དོར་བ་ཕྱིར་རྒུམ་བཞིན་པ་མཐོང་བ་ན།གཟབ་གཟབ་དོགས་དོགས་ཀྱིས་ཁ་ཐུམ་ཡང་རང་དགར་ཉོ་མི་ཕོད་པར་བྱས།གོ་ཐོས་ལ་ཏོག་གསར་ནད་དུག་འདི་ཕ་ཝང་གི་ཐོག་ནས་མཆེད་པར་བཤད་ཅིང་།ཕ་ཝང་ནི་དུག་གི་ཕུང་པོ་ཞིག་དང་།བོད་ཀྱི་རིག་གནས་དང་འབྲེལ་བ་དམ་པ་ཡང་དེ་དུས་གཞི་ནས་རྟོགས།ངའི་བསམ་པར་ལུས་དང་མགོ་བོ་བྱི་བར་འདྲ་ལ།ལྤགས་འདབ་ཅན་དང་བྱིའུ་སོ་ཅན་འདི་རྨིག་ཐོགས་དང་སྡེར་ཐོགས་སོགས་བཟའ་བར་འཛེམ་པའི་བོད་པ་ཚོས་ཟ་མ་དགོས་བལྟས་པ་ཙམ་གྱིས་འཇིགས་རུང་རྣམ་རྟོག་སློང་བྱེད་ཅིག་ཏུ་རྩི་ངེས་ན་ཡང་།གནམ་ལ་འཕུར་བ་དང་ས་ལ་འཛུལ་བ་ཡོད་དོ་ཅོག་ཟས་སུ་བསྟེན་པའི་ལྟོ་རྐྱལ་ཚོས་ལྤགས་བྱིའུ་འདི་ཡང་ཁ་སྒོ་རུ་བརྫངས་མཐར།དེའི་ནད་དུག་ཀྱང་ལྤགས་བྱིའུ་སྐྱི་འདབ་རྒྱོང་རྒྱོང་དང་ཤྭ་འོད་བརྡོལ་བརྡོལ་བཞིན་ཡུལ་ལུང་གང་སར་མཆེད་དེ།ཡུལ་ལུང་གི་བདེ་བ་འཇོམས་ཤིང་མིའི་ཚེ་སྲོག་ལ་གཟན་པ་འདི་རེད་སྙམ།དུས་རབས་གོང་མའི་ས་སིའི་གློ་ཚད་ཀྱང་རི་སྐྱེས་སྲོག་ཆགས་ཟས་སུ་སྤྱད་པ་ལས་བྱུང་བ་ཡིན་ན།ཅིའི་ཕྱིར་དེ་ལས་བསླབ་བྱ་མི་ལེན།ས་ཡི་གོ་ལ་འདིར་བྱུང་བའི་མི་ཤི་ལུང་སྟོང་དུ་གྱུར་པའི་ཆག་འཇིག་མང་པོ་ཞིག འཐབ་འཁྲུག་དང་མུ་གེ་ལས་གཞན་ནད་ཡམས་ཀྱིས་བསྐྱེད་པ་ཡིན་པ་སྔོན་གྱི་བྱུང་བར་བཀོད་ཡོད་ལ(དཔེར་ན་སྤྱི་ལོའི་སྔོན་གྱི430ནས427བར་གྷི་རིག་གི་གླིང་ཕྲན་ཨ་ཐན་སིར་བྱུང་བའི་རིམས་ནད་ལྟ་བུ།རིམས་ནད་དེས་མི་ཤི་ནས་གྲོང་ཕལ་ཆེར་སྟོང་ལ་ཁད་དང་།རོ་སྦས་མཁན་མེད་པས་གྲོང་པའི་སྲང་ལམ་ཁྱབ་ཅེས་གསལ)།ཉེ་བའི་ལོ་ལ་བྱུང་བའི་བྱ་ཡམས་སོགས་ཀྱང་སྲོག་ལྡན་ཉམ་ཆུང་དག་དང་འབྲེལ་བ་དོན་དངོས་ཀྱིས་ར་སྤྲད་ཡོད་ན།ད་དུང་སྔར་བཞིན་གཅིག་ལ་གཅིག་བརྟེན་གྱི་སྐྱེ་དངོས་ཀྱི་རྒྱུན་ཐག་དུམ་བུར་གཏོར།སྡིག་པའི་ལས་ཀྱིས་འབྱུང་བའི་ཁམས་ཀྱི་འདུ་བ་འཁྲུགས་པར་བྱས།རྒྱུ་དང་འབྲས་བུ།རྟེན་ཅིང་འབྲེལ་བའི་ཆོས་ཉིད་ལ་རྡོག་བརྫིས་བཏང་བས།མཐར་བྱས་པ་ཆུད་མི་ཟ་བར་རྣམ་སྨིན་ལྕི་མོ་མིའི་རིགས་ཀྱི་ལུས་སྟེང་ལ་འཁོར་བཞིན་པ་མངོན་སུམ་འདི་ཡིན་པས།ང་ཚོ་མི་རུ་འབོད་པ་ཚོས་དངོས་གནས་རང་བྱུང་ཁམས་ཆེན་པོའི་མདུན་དུ།སྔར་བཤགས་ཕྱི་སྡོམ་བྱ་དགོས་འདོད།ཡང་ན་འདི་ནི་ཁོ་བོ་དང་ཁོ་བོ་ལྟ་བུ་དག་གི་བྱིས་བློ་རྣམ་དག་ཁོ་ན་ཡིན་ཡང་སྲིད་དེ།ཕ་ཝང་དང་འཕྱི་བ་སོགས་རྨིག་ཐོགས་དང་སྡེར་ཐོགས་སྐོར་ཞིག་ད་ཡོད་ཁྲིམས་ཀྱིས་སྲུང་བྱའི་གཏན་འཁེལ་དུ་བཀོད་མེད་ཅེ་ན།ང་ཚོ་བློ་བདེ་བདེ་ངང་ལ་ཇི་ལྟར་འདུག་ཐུབ།ཡང་ཁྲིམས་ཀྱིས་ནགས་རྒྱ་དང་།ཀླུང་རྒྱ།རི་རྒྱ་ཇི་ལྟར་བསྡམས་ཀྱང་།རིག་པ་རི་བོང་ལས་མྱུར་ཞིང་།དམར་ལ་སྤྱང་ཀི་ལས་ཞེན་པ།མིག་ཟུང་གླག་ལས་མྱུར་བའི་མི་རྣམས་ཁྲིམས་ཀྱིས་མི་ཁེབས་པའི་སྲུབས་སུ་འཛུལ་ཏེ།གླགས་མི་འཚོལ་བའི་ངེས་པ་མེད་དེ།ང་ཚོ་མི་ཟེར་བ་འདི་ཁྲིམས་བཙན་པོས་བསམ་ངན་དང་སྦྱོར་ངན་གྱི་མགོ་བོ་གནོན་པའི་མཚུངས་སུ།རྒྱུ་འབྲས་དུས་སྨིན་གྱིས་འཛེམ་བྱ་དང་སྤང་བྱ་སོགས་ཀྱི་བསླབ་བྱ་གཏང་རྒྱུ་ཡང་མི་དང་རང་བྱུང་ཁམས་འཆམ་ཞིང་མཐུན་པའི་ཐབས་དམ་པ་རེད་སྙམ།

སྐད་འཕྲིན་ཐོག་ནས་རང་རེའི་ལྷ་སའི་ལོ་ཐོ་སོགས་ན།ཕག་ལོ་ལ་ཀླུ་ནད་ལྡང་ཞིང་ཚད་རིམས་ཀྱིས་ཉེས་ཞེས་མ་འོངས་ལུང་བསྟན་གྱི་ཚུལ་དུ་བཀོད་འདུག་པ་མཐོང་བ་ན།སྔོན་བྱོན་དམ་པ་ཚོའི་བློ་གྲོས་དང་ཕྱག་རྒྱུན་ལ་ངོ་མཚར་དཔག་མེད་ཅིག་སྐྱེས་པའི་མཚུངས་སུ།དམ་པ་གོང་མའི་ཕྱག་རྒྱུན་དང་ཤུལ་ནོར་མང་པོ་ཞིག་ནི་ཐོག་ལ་ས་རྡུལ་གྱིས་གཡོགས་པའི་ནོར་བུ་ཙམ་མམ་ས་འོག་རིན་ཆེན་གཏེར་དུ་ལུས་འདུག་ཅེས་ཕངས་སེམས་ཤིག་ཀྱང་ཤོར་སོང་།གལ་ཏེ་ནོར་བུ་དང་རིན་ཆེན་འདི་དག་མངོན་ཆུང་བག་ལ་ཞ་བའི་ཚུལ་དུ་མི་ལུས་པར་འོད་ལམ་མེ་བ་ཕྱོགས་དང་ཕྱོགས་སུ་འཕྲོ་བར་བྱས་ཚེ།ས་སྟེང་གི་འགྲོ་བ་མིའི་རིགས་ལ་ཕན་པ་དང་དགེ་བའི་ལས་ཅི་འདྲ་ཞིག་བསྒྲུབ་ཐུབ་པ་ལ།སྐད་འཕྲིན་ཐོག་ནས་ད་དུང་དགོད་བྲོ་བ་ཞིག་མཐོང་བ་ནི།རེབ་འདིའི་རིམས་ནད་འདིའི་མིང་འདོགས་སྟངས་ཐད་ལ།སྔོན་ཆད་ས་སི་གློ་ཚད་ཀྱི་སྐབས་བཞིན་བོད་ཀྱི་རིག་གནས་པའི་སྡེ་རུ་གཅིག་གྱུར་མིན་པའི་རྩོད་གཞི་བྱུང་བ་དེ་རེད།མང་ཤོས་ཀྱིས་ཏོག་དབྱིབས་ནད་དུག་ཅེས་བཀོལ་ན་ཡང་།འགའ་ཤས་དེ་ལ་མ་འཐད་པར་པྲོག་དབྱིབས་ནད་དུག་ཅེས་བོས་ན་འོས་ཞེས་ཁུངས་ལུང་བཙན་པོ་སྒྲུབ་བྱེད་དུ་འགོད་མོད།འགའ་རེས་ཀུ་རེའི་ཚུལ་དུ་བགྲོ་རྒྱུ་རིམས་ནད་སྔོན་འགོག་ཇི་ལྟར་བྱ་རྒྱུ་མི་བགྲོ་བར་དགོས་མེད་ཀྱི་མིང་བརྡ་གླེང་ཞེས་དགག་ཅིང་།ཚིག་ཤུགས་སུ་དེ་ནི་མདུན་དུ་ལྷགས་པའི་ཚུར་རྒོལ་གྱི་དགྲ་ཡི་དཔུང་ལ་ཇི་ལྟར་ཕར་རྒོལ་གཏོང་བར་བློ་མི་འཐེན་པར།དགྲ་སྡེའི་གཟུགས་བྱད་ལ་དཔྱད་པ་གཏོང་བ་དང་ཁྱད་མི་འདུག་ཅེས་བསྟན་འདུག ཡང་འདང་ཞིག་བརྒྱབ་ན་མིང་བརྡ་གཅིག་གྱུར་ཡོང་དཀའ་བ་འདི་ཕྱོགས་རིས་འཐེན་འཁྱེར་དང་རང་ལྟ་མཁྲེགས་བཟུང་ཁོ་ནའི་རྐྱེན་དུ་མི་ཟད་དེ།ཕུགས་འདེད་ཀྱིན་དཔྱད་ན་དགོད་ བྲོ་བའི་གནས་ཤིག་ཡེ་ནས་མིན་ནོ། །

སྒོ་རུ་དེ་འདྲ་འགུལ་མི་ཆོག་པར་འཕྱི་བ་ཁུང་འཛུལ་གྱི་འཚོ་བ་རོལ་དགོས་པ་འདི་དཔེ་ཀློག་དང་རྩོམ་འབྲི།ཆོས་དད་པ་རྣམས་ལ།རྐྱེན་ངན་དྲག་པོས་ཆོས་ལ་འཕྲད་པ་དེ། །མི་འགྱུར་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ་ཞེས་གསུངས་པ་བཞིན།རྐྱེན་ངན་གྲོགས་སུ་ཤར་བ་ཡིན་མོད།དུས་རྒྱུན་སྒོ་རུ་ཉུལ་རྒྱུ་དང་ཟ་ཟི་རྣམ་གཡེང་ལ་གོམས་པ་རྣམས་ལ།མནར་གཅོད་ཅིག་ཅི་ལ་མིན་ཏེ།ཉི་མ་ཇི་ལྟར་འཕུད་རྒྱུ་མི་ཤེས་པ་དང་གནས་གཅིག་ཏུ་སྡོད་མ་བཟོད་པས་ཁོ་ཚོ་སེམས་འཚིག་ཅིང་།ཟ་ཉལ་ལ་བརྟེན་ཏེ་ཉིན་འཕུལ་དགོང་འཕུལ་བྱས་པས།རེ་རེ་ལུས་ལ་ཤ་ཚིལ་རྒྱས་ཏེ་ཕག་ཚོ་གསོག་གི་ལོས་ཡོད་སྙམ་མོད།ཉིན་རིང་མོ་ཞིག་སོང་བ་ན།དཔེ་ཀློག་ལ་དགའ་བའི་ཁོ་བོ་ཡང་འདི་ལྟར་ཁང་མིག་ཏུ་མཚམས་བཅད་སྒོམ་སྒྲུབ་ཀྱི་ལྟ་བུའི་ངང་ལ་སྡོད་མ་བཟོད་པས།ཉིན་ཞིག་ཆུང་མ་དང་མཉམ་དུ་སྡོད་ཁང་ནས་བུད་དེ།གཞིས་ཁུལ་གྱི་སྒོ་ཁར་ཉུག་ཏུ་འགྲོ་རྩིས་བྱས།འོན་ཀྱང་ང་ལ་ཁ་ཐུམ་མེད་པས(ཉིན་དེ་དག་ལ་ཁ་རུ་གླན་བྱེད་ཀྱི་རས་ལེབ་འདི་རིམས་ནད་འགོག་སྲུང་ཙམ་མིན་པར།ལམ་ཡིག་ལྟ་བུ་ཞིག་ཏུའང་གྱུར་འདུག)།ཆུང་མ་སྒོ་རྩིས་ཚོང་ཁང་དུ་ཁ་ཐུམ་ཡོད་མེད་འདྲི་རུ་ཕྱིན།དེ་ནས་ང་ཐོག་ཁང་གི་ཉེ་འགྲམ་དུ་འཆམ་པ་ཡིན།ཡིན་ཡང་ཁ་ཐུམ་བརྒྱབ་པའི་མི་གཅིག་གཉིས་ཤིག་གིས་ཁ་ཐུམ་མེད་པའི་ང་མཐོང་བ་ན།ཚུར་ལྟ་བའི་མིག་ལ་འཛེམ་དོགས་ཀྱི་ཟེར་མ་རྣོན་པོ་ཞིག་གིས་ཁེངས་འདུག་པས།ང་ཕྱིར་ཁང་པའི་ནང་ལྡོག་པར་བསྐུལ་བྱུང་།

ཁང་མིག་ཏུ་འཛུལ་ཏེ་སྡོད་པའི་ཉི་མ་ནི་འཁྱོལ་དཀའ་ན་ཡང་།ཏོག་གསར་རིམས་ནད་ཀྱིས་མཁར་སྒོ་བརྒྱབ་པའི་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་རྣམས་ཀྱི་མགོར་ལྷུང་བའི་ཆག་འཇིག་དང་འཇིགས་སྐྲག་དང་བསྡུར་ན།ང་ཚོ་འདི་ལྟར་ཁང་པར་འཛུལ་དགོས་པ་འདི་སྡུག་དང་མནར་གཅོད་ཅིག་ཏུ་རྩི་རྒྱུ་ཅི་ལ་ཡོད།ཝུའུ་ཧན་དུ་ཉིན་རེར་ནད་ཀྱིས་ཟིན་ཚད་དང་ནད་འདིས་ཚེ་སྲོག་དམར་པོ་ཁྱུར་མིད་གཏོང་བའི་གྲངས་ཀ་མཐོང་ཞིང་།གྲངས་ཀ་དེའི་ཕག་གི་བྱ་ཚང་རླུང་གིས་གཏོར་ལྟའི་མི་ཡུལ་གྱི་སྐྱོ་གར་དེ་དག་དྲན་ཚེ་སེམས་བློང་བློང་དུ་བཟོ།སྐྱེས་པ་ཞིག་གིས་ལུས་སྒུར་སྒུར་པུས་མོ་སར་འཛུགས་བཞིན་ཨ་མ་ཞེས་སྨྲེ་ངག་འདོན་པ་དེ་དང་།བུ་མོ་ཆུང་ཆུང་ཞིག་རོ་སྲེག་ཁང་དུ་འཁྱེར་བའི་ཨ་མའི་བེམ་པོའི་རྗེས་སུ་རྒྱུག་པའི་ཚུལ་སོགས་བརྙན་དང་ཡི་གེར་བཀོད་པ་དག་མཐོང་ཚེ།རྒྱང་ཐག་ཤིན་ཏུ་རིང་བའི་ས་ཡི་ང་ལ་ཡང་འཆི་བ་མི་རྟག་པ་དང་།ནམ་འཆི་ཆ་མེད་ཀྱི་ངེས་ཤེས་གསལ་པོ་ཞིག་དང་།ཚེ་སྲོག་ལ་མཆོག་དམན་མེད་པའི་གདུང་བའི་ཤུགས་དང་བཅས་མིག་མཐའ་ཡང་བརླན་གཤེར་གཤེར་དུ་གཏོང་།ལྷག་པའི་བསམ་པས་སྐད་ཆ་སྨྲ་བར་དོན་མེད་བཀའ་བཀྱོན་ཕོག་ཅིང་།མཇུག་མཐར་ཕོ་ལོ་སོ་ལྔའི་ཚེ་སྲོག་ནད་བཅོས་སྲོག་སྐྱོབ་ཀྱི་སླད་དུ་བསྔོས་པའི་གོས་དཀར་ལྷ་རྗེ་འདི་དང་འདི་ལྟ་བུ་དག་དྲན་ཚེ།སེམས་ལ་ན་ཟུག་དང་ཕངས་པ་བཟོད་མེད་སྐྱེ་འོང་།ཡང་འཇིག་རྟེན་འདིར་བྱ་སྤུ་རླུང་འཁྱེར་ལྟ་བུའི་སྐྱེས་བུ་བགྲང་ལས་འདས་ན་ཡང་།གསེར་གྱི་ལྷུན་པོ་ལྟར་བརྟན་ཞིང་བརླིང་བའི་སྐྱེས་བུ་རེ་གཉིས་འཁྲུངས་པ་ཡང་ང་ཚོར་སྙིང་ཕུར་རྡེབ་པའི་ཡིད་ཆེས་དང་རེ་བ་སྕོལ་ཞིང་།ཁོ་ཚོའི་ལྷག་བསམ་དང་སྙིང་སྟོབས་ནི་གཞར་ཡང་མི་འཇིགས་པའི་དཔའ་བའི་མཚན་མ་སྟེ།ང་ཚོའི་དད་གུས་ཀྱི་བླ་རུ་བརྗིད་དོ། །

རིམས་ནད་ཇི་ལྟར་རྒོད་ན་ཡང་།རྟིང་མའི་རྒྱལ་ཁ་མིའི་རིགས་ལ་ཐོབ་པ་དངོས་བྱུང་གི་ལོ་རྒྱུས་ཡིན་ཕྱིར།ནམ་ཞིག་གི་ཚེ་ན་ལྷ་ཚོགས་བདུད་ལས་རྒྱལ་བ་བཞིན།ནད་གདོན་འདི་མི་ཡི་ཐབས་དང་ཤེས་རབ།དཔའ་མཛངས་དང་བློ་གྲོས་ཀྱིས་བྱེ་མར་འཐག་སྟེ།སྟོང་བའི་དབྱིངས་སུ་འཐིམ་ངེས་ལ།སྐབས་དེར་སྒྲ་གཅན་གྱིས་བཟུང་བའི་ཟླ་བ་སླར་ཡང་དུང་མདོག་གིས་ཕྱུག་ཅིང་། སྤྲིན་ནག་ཕག་གི་ཉི་མ་ཡང་ཞལ་འཛུམ་མེར་དྲོད་ལམ་ལམ་གྱི་ཁུ་བ་མི་ཡུལ་དུ་བྱོ་སྟེ།ག་ས་གར་དཔྱིད་ཀྱི་སྔོ་ལྗང་ཤར་བ་དང་།ཡུན་རིང་བོར་ཁང་མིག་ཏུ་འཛུལ་བའི་མི་རྣམས་ཀྱང་ཁྱིམ་ནས་ཐོན་ཏེ།བརྩེ་བའི་མི་དང་ལག་ནས་འཇུ་བའམ་མཐུན་པའི་གྲོགས་དང་དཔུང་བ་གཤིབ་སྟེ།གནམ་སྔོན་པོའི་གདུགས་འོག་དང་།ས་དོག་མོའི་གདན་སྟེང་དུ་བག་ཡངས་ཀྱིས་རྒྱུ་ཆོག་ལ།མི་ཡུལ་ཁམས་ལ་ལྟད་མོ་ལྟ་བཞིན་རང་གི་བགོ་སྐལ་དུ་ཐོབ་པའི་བསོད་ནམས་ཡོད་རྒུ་ཅི་དགར་ལོངས་སུ་སྤྱད་ཆོག་སྙམ་མོ། །    

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།