ཁྲག་དང་མིག་ཆུའི་ཁུགས་སོ་ནས་བཞུར་བའི་གཏམ་གྱི་རྒྱུན་ཐག

༢.jpg

དང་པོ།

ངས་གཏམ་རྒྱུད་ཀྱི་བརྒྱུད་རིམ་ཞིག་མཆི་མའི་རྒྱུན་དང་བསྡོངས་ནས་བཤད་ན་དེ་ནི་སྨྲེང་སྐྱོ་དང་སྡུག་ཡུས་ཙམ་དུ་འགྱུར་འགྲོ་བ་ངའི་ལོས་ཤེས། ཡིན་ཡང་ན་ཟུག་གི་རི་རབ་བརྩིགས་ནས་སྐྱོ་སྡུག་གི་བྲོ་གར་སློང་མཁན་ནི་ཕལ་ཆེར་ལས་དབང་ཟེར་བ་དེ་ཡིན་འདུག  སྤྱིར་བཏང་ལས་དབང་ནི་ཚེ་སྲོག་ཅིག་འཚར་ལོངས་ནས་ཆེས་མཇུག་མཐར་སླེབས་རག་བར་དུ་མཚམས་མི་ཆད་པར་རེས་མོས་སུ་རྒྱུ་བ་ནི་ཆོས་ཉིད་ཙམ་དུ་གྲུབ་ཚར། དེ་ལོས་ཡིན། འོན་ཀྱང་ལས་དབང་གིས་མི་ཡི་ཚེ་སྲོག་སྐད་ཅིག་ཙམ་དུ་ཁྱུར་མིད་གཏོང་བ་ནི་ངའི་བཟོད་བསྲན་མི་ཐུབ་པའི་སྐྱོ་གར་རིང་མོ་ཞིག་རེད་ཨང་།

གཉིས་པ།

ཤུན་ལྐོག་མེད་པའི་གཏམ་གསལ་བོ་ཞིག་བཤད་ན་ལས་དབང་ཟེར་བའི་གཤེད་མ་ནག་པོ་དེས་ངའི་ཆེས་སྙིང་ལ་ཐིམ་པའི་ཚེ་སྲོག་གཉོམ་པོ་ཞིག་ཁྲིད་དེ་བུད་སོང་། ཚེ་སྲོག་གཉོམ་པོ་དེ་ང་ལ་མཚོན་ན་ཐོབ་ཤོར་གྱི་མིག་ཆུར་སྐམ་ཐག་མི་ཆོད་པའི་ད་ལོའི་དབྱར་གཞུང་འདིའི་དྲན་པ་རིང་མོ་ཞིག་རེད་ཨང་། ་་་   ་་་རེད་ཡ། ང་ད་ལོའི་དབྱར་གཞུང་མ་སླེབས་སྔོན་ལ་རྒྱ་ནག་གི“ཀོང་ཏོང་”ཟེར་བའི་འུར་ཟིང་གི་གྲོང་ཁྱེར་དེར་སོང་བ་ཡིན། ཡིན་ཡང་ང་གྲོང་ཁྱེར་དེར་འབྱོར་ནས་ཟླ་གཉིས་གསུམ་ཙམ་མ་འགྱངས་གོང་ལ་གཏམ་ངན་ཁྭ་ཏའི་ཐན་སྐད་འདྲ་བ་ཞིག་ངའི་རྣ་ལམ་དུ་ལྷང་ངེར་བབས་བྱུང་། གཏམ་ངན་དེ་ང་ཕ་ཡུལ་དང་ཁ་མ་གྱེས་སྔོན་ལ་སྐྱིད་སྐྱིད་བདེ་བདེ་རུ་གནས་པའི་ཕྲན་གྱི་ཨ་ཅེ་སྤྱོད་བཟང་མ་དེར་མི་འདོད་ནད་གྱིས་གཟིར་ཚུལ་དེ་རེད། ངས་གཏམ་ངན་ཏེ་ཐོས་མ་ཐག་ཏུ་རང་སེམས་ལ་བཀག་འགོག་མི་ཐུབ་པར་དངངས་སྐྲག་དང་འཇིགས་སྣང་གིས་ཁེངས་སོང་། ཨ་ཧོ། ཚོར་སྣང་དེས་ཕལ་ཆེར་ང་ལ་གསལ་བརྡ་ཞིག་བཏང་བ་ཡིན་མོད་ངས་ད་དུང་རང་དོན་གྱི་རས་ཡུག་སེར་བོ་དེ་སེམས་སུ་ཉར་ནས་ཧམ་སེམས་ཀྱི་མགོ་བོ་མཐོ་རུ་བརྐྱངས། ཉམ་ཐག་གི་སེམས་པ་རྒྱ་རུ་བཅུག ཡིན་ཡང་གཏམ་དེ་ཐོས་ནས་ཉིན་ཁ་ཤས་མ་སོང་བར་ཨ་ཅེའི་ནད་གཞི་ཇེ་སྡུག་ཏུ་སོང་བའི་གཏམ་ངན་དེ་རླུང་ལྟར་ཤུག་ཤུག་གིས་གྲགས་འོང་། དེ་དང་སྦྲགས་ནས་ངས་ལས་གནས་བསྐྱུར་ཏེ་ཡུལ་ལ་ལོག་འདོད་ཀྱི་སེམས་འདུན་དྲག་པོ་དེས་ང་རང་ཕ་ཡུལ་ཏུ་བརྫངས། ཡིན་ཡང་ང་ཕ་ཡུལ་ལ་འབྱོར་དུས་བདག་གི་ཨ་ཅེ་ཤི་གསོན་གཉིས་ཀྱི་རལ་གྲིའི་སོ་མཚམས་ནས་འཁྲེང་ཞགས་ཀྱི་མིག་ཟུང་བཙུམ་སོང་ཞེས་གོ་ཐོས་བྱུང་། ངའི་གཏམ་དེ་ཐོས་མ་ཐག་ཏུ་གློ་བུར་དུ་ཨ་ཅེ་ཡི་འདས་ཟིན་པའི་ངོ་གདོང་དང་འཛུམ་མདངས། ད་དུང་ལྡེམ་ལྕུག་གི་གོམ་འགྲོས་སོགས་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ཇི་བཞིན་ལྷང་ངེར་སེམས་སུ་འཁོར་བྱུང་།

གསུམ་པ།

དེ་ལས་ཀྱང་ངའི་ཆེས་བརྗེད་དཀའ་བ་དང་དྲན་ཚེ་མཆི་མའི་རྒྱུན་ཐག་གཅོད་མི་ཐུབ་པ་ནི་ཨ་ཅེ་ཆུང་དུས་སུ་ང་ལ་བཤད་པའི་སྐད་ཆ་ཁ་ཤས་དང་། ང་ལ་གཏམས་པའི་ཚོར་བ་རིང་མོ་དེ་དག་རེད། སྤྱིར་ཡིན་ན་ཨ་ཅེ་དང་ངེད་གཉིས་འགྲོགས་འདྲིས་ཆེས་རིང་བ་དང་མོ་མོ་ལོ་ཉི་ཤུ་རྩ་གྲངས་ལ་སོན་རག་བར་དུ་ང་ལ་གཏན་ནས་ཁ་གྱེས་མ་མྱོང་། ཡིན་ཡང་བུ་མོ་ཞིག་ལ་མཚོན་ན་“ གོ་རྒས”སུ་འདུག་མི་རུང་ཞེས་པའི་བོད་ཀྱི་རྙིང་ཞེན་གྱི་བསམ་བློ་དེས་བདག་གི་ཨ་ཅེ་གཏན་དུ་བདག་དང་ཁ་བྲལ་ཏུ་བཅུག་སོང་། ད་དུང་མོས་སྔོན་ཆད་ང་ལ་བཤད་རྒྱུར། ནུ་བོ། གལ་ཏེ་ཨ་ཅེ་གནས་ལ་འགྲོ་དགོས་ཚེ་ངེས་པར་དུ་ཁྱོད་ཀྱིས་སྐྱེལ་མ་བྱེད་དགོས། སྐྱེལ་མ་བྱས་པས་མི་ཆོག་པར་ཉིན་འགར་ཨ་ཅེའི་རྩུབ་ནས་སྡོད་ཟེར། ཡིན་ཡང་ང་ཁོ་མོ་ལས་ལོ་ན་ཆུང་སྟབས་བྱིས་པར་བརྩིས་ནས་ཕ་ཨ་ཁུ་རྒྱ་སྟག་འདྲ་འདྲ་དང་མ་སྲུ་མོ་རྨ་བྱ་འདྲ་འདྲ་རྣམས་ཀྱིས་ཁོ་མོ་གནས་ལ་འགྲོ་སྐབས་ང་ལ་སྐྱེལ་མའང་བྱེད་དུ་མ་བཅུག   དེ་དུས་ང་ལ་འཁང་ར་དང་འགྱོད་གདུང་སྐྱེས་མྱོང་ནའང་ངས་ཨ་ཅེ་ལ་དུས་གཏན་དུ་ཐུག་འཕྲད་མི་ཐུབ་པ་རྩ་བ་ནས་དྲན་མ་མྱོང་། འོན་ཀྱང་ད་ལྟ་འགྱོད་གདུང་ལས་འདས་པས་ཕངས་སེམས་དང་སྡུག་ཡུས་ལྷག་མ་ཞིག་སེམས་ཀྱི་རི་རབ་བརྒལ་ནས་ངའི་གློ་དང་སྒྱུ་མའི་འདྲེས་མཚམས་སུ་ཐོན་བྱུང་།

བཞི་བ།

ཨ་ཅེ།  ནུ་བོ་ངས་ཁྱོད་ཀྱིས་འཇིག་རྟེན་དཀར་ངོགས་ནས་ང་ལ་མཇལ་འཛོམས་ཐེངས་གཅིག་གི་བསྐལ་བའང་མི་སྟེར་བར་ཕྱི་མ་ཟེར་བའི་ཆེས་རྒྱུས་མེད་ཀྱི་གནས་ཚང་དེར་བུད་སོང་ཟེར་ན་ངོ་མ་ཡིད་ཆེས་བྲལ་བ་ཞིག་རེད། རྒྱུ་མཚན་ཁྱོད་ད་རུང་མོ་ལོ་སུམ་ཅུའང་སོན་མེད་ལ། ད་དུང་རྩེད་འཚར་དང་ཧབ་ཆར་དགའ་བའི་བུ་མོ་པྲ་ཚག་ཅིག་ཡིན་ཕྱིར། མིང་སྲིང་ལ་བྱམས་ཅིང་རྒན་པར་བརྩེ་བའི་བུ་མོ་གཤིས་དྲང་ཞིག་ཡིན་ཕྱིར། ད་དུང་སེམས་གཏམ་ལྐོག་གྱུར་གྱི་སེམས་སུ་མི་སྦས་བར་རང་གི་ཉེ་མི་དག་ལ་ལྷུག་པར་བརྗོད་པའི་བུ་མོ་ཕྱི་དཀར་ནང་གཙང་ཞིག་ཡིན་ཕྱིར། ངས་ལས་དབང་ཟེར་བའི་གཤེད་མ་ནག་པོ་དེར་ཁྲོ་བས་འཚོས། མི་རྟག་ཚེ་ཡི་འདུ་འགོད་ལང་ལོང་དུ་འཁྲིགས་སྟབས་ཁྱོད་ཀྱིས་ལྟེ་ཁྲག་གི་ས་བོན་གཏོར་ཏེ་ངུ་སྐད་རི་ཀླུང་གི་བྲག་ཅ་མཆེད་སའི་ཕ་ཡུལ་བསྐྱུར་ནས་བུད་སོང་། ཆུང་བྱིས་པའི་དུས་ནས་རྩེ་ར་གཅིག་དང་རྫ་ལུང་གཅིག   རྩེད་ཆས་རྭ་ཅོ་དང་ས་རྡུལ་བྱས་མྱོང་བའི་མིང་སྲིང་ཡོད་ཚད་བཞག་ནས་བུད་སོང་། ཨ་ཅེ། ཨ་ཅེ་ལགས། ཁྱོད་ཀྱིས་བརྩེ་བ་བསྐྱུར་ཀྱང་ཆོག་ལ་དུང་བ་བཀབ་ཀྱང་རུང་།  ཁྱོད་ཀྱིས་རྨི་ལམ་བཅད་ཀྱང་ཆོག་ལ་སྙིང་གཏམ་གཙབ་ཀྱང་རུང་། འོན་ཀྱང་ཁྱོད་ཀྱིས་ང་ཚོར་ཐུག་འཕྲད་ཀྱི་སྐལ་བ་གཅོད་དོན་ཅི།  ཨ་ཅེ་ལགས། ཁྱོད་སོང་ཤུལ་ན་ང་ཚོར་ཕྱིར་དྲན་དང་མནོངས་བརྗོད་ལས་དགའ་འཛུམ་གྱི་སྒལ་ཚིགས་ཆད་འདུག་པ་ཁྱོད་ཀྱིས་ཨེ་ཤེས། ཁྱོད་སོང་ཤུལ་ན་ང་ཚོར་མིག་ཆུ་དང་སྡུག་གཏམ་ལས་སྤྲོ་སེམས་ཀྱི་ཨ་ལོང་ཆད་འདུག་པ་ཁྱོད་ཀྱིས་ཨེ་ཤེས། ཨ་ཅེ་ལགས། ངས་བཤད་བཤད་ཀྱང་སྨྲ་ལྕེ་འགག་མི་འགྲོ་ལ། ང་སྡུག་སྡུག་ཀྱང་ཁྱོད་རང་གང་ནས་ཡང་ཡོང་མི་སྲིད། གང་ལྟར། དོ་ནུབ་ངས་ཨ་ཅེ་ཁྱོད་ཤ་རུས་ཀྱི་གསེང་དུ་སྦས་ཡང་ཁྱོད་ཀྱི་ལུས་རྟེན་རྩ་ཆེན་ཏེ་ས་འཛིན་གྱི་གསེབ་དུ་ཐིམ་སོང་། ད་དུང་ཁྱོད་ཀྱི་རྣམ་ཤེས་དེ་མཐོངས་ཡངས་བའི་ནམ་མཁར་བརྐྱངས་སོང་བས་ང་ལ་ཅི་ཞིག་ཡོད། ང་ལ་ཅི་ཡང་མེད། མིན། ང་ལ་ཨ་ཅེ་ཁྱོད་ཀྱི་འདས་སོང་གི་བྲག་རི་བཤིག་པའི་གཏམ་རྒྱུད་ཀྱི་གླེགས་བམ་ཡོད། ང་ལ་ཨ་ཅེ་ཁྱོད་ཀྱི་གཤིས་བཟང་གི་མཚོ་མོ་བསུབ་པའི་མིག་འབྲས་དྭངས་མོ་དེའང་ཡོད་ལགས། 

19/09/09 ཉིན་ཁ་གྱའི་རྩྭ་ཐང་ནས་རྫོགས་ཤད་བྲིས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།