ཀྲུང་གོ་བོད་ཀྱི་དྲ་བ།

དབུས་ལམ་རིང་མོ།

ཡོང་ཁུངས། : ཁྲིམས་ལུགས་ཚགས་པར།   རྩོམ་པ་པོ། : པད་མ་དབང་ཆེན།   སྤེལ་དུས། : 2019-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྡོ་རིང་པད་མ་དབང་ཆེན། མདོ་སྨད་གཅན་ཚར་སྐྱེས། 1998ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། 2007ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཞིབ་འཇུག་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤར་ཏེ།《གངས་རྒྱན་ན་ཆུང་ཚགས་པར》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་སྒྲུབ། 2013ལོར《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ལས་བསྒྱུར་བྱས་ཏེ་ད་ལྟའི་བར་དུ《སྦྲང་ཆར》གྱི་ལྷུག་རྩོམ་ལེ་ཚན་གྱི་རྩོམ་སྒྲིག་པའི་ལས་ཀ་སྒྲུབ་བཞིན་ཡོད།ལས་ཞོར་དུ《ཆབ་ཆའི་མཚན་མོ》དང《གཡེར་མོ་ཐང་གི་རེག་ཟིག》《བཙན་པོའི་བང་སོར་མཇལ་བའི་མཐོང་ཐོས》《འཕྱོ་ཞིང་འཇགས་པའི་རླུང་བུ》《དབུས་ལམ་རིང་མོ》《ང་དང་ལྷུག་རྩོམ་བར་གྱི་ལས་འབྲེལ》《སྣར་ཐང་དགོན་པའི་མཐོང་ཐོས》《བཙན་པོའི་ཞབས་རྗེས》སོགས་ལྷུག་རྩོམ་ལྔ་བཅུ་ལྷག་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་དུ་བཀོད་མྱོང་། 2015ལོར་སྐབས་ལྔ་བའི་ཟླ་ཟེར་རྩོམ་རིག་བྱ་དགའ་ཐོབ།

ང་ཚོས་དབུས་གཙང་ནི་ཆོས་ཀྱི་ཞིང་ཁམས་སུ་བསྙད་པས། སྔོན་ཆད་མདོ་སྨད་ཀྱི་དགོན་སྡེ་ཁག་ཏུ་ཐོས་པ་དོན་གཉེར་བྱེད་མཁན་ཞིག་ཡིན་ཚེ། དབུས་གཙང་ལ་སློབ་གཉེར་དུ་མ་ཕྱིན་ན་དེ་ནི་མི་ཚེ་ཞིག་གི་ཕངས་སེམས་དང་སྐྱེ་བ་ཞིག་གི་གྱོང་གུན་དུ་རྩི་བཞིན་ཡོད་ལ། ང་ཚོས་ལྷ་ལྡན་ནི་ལྷ་ཡི་བསྟི་གནས་སུ་འདོད་པས། བོད་ཀྱི་དད་ལྡན་པ་ཚོས་དབུས་ཁྲ་ཁྲ་མིག་གིས་མཐོང་ཞིང་ཇོ་སེར་པོར་ཐོད་པ་གཏུགས་ན། ཐར་བའི་ལམ་སྣེ་ཟིན་ཏེ་སྐྱེ་བའི་དོན་སྒོ་འགྲུབ་པར་བརྩིས། དེ་བས། མདོ་སྨད་ནས་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་རེ་བའི་ལམ་བུ་མང་བོ་ཞིག་འཐེན་ཡོད་ལ། ཙོང་ཁ་ནས་སྐྱིད་ཤོད་ར་སའི་གཞུང་དུ་དད་པའི་རྐང་རྗེས་མང་བོ་ཞིག་ཕབ་ཡོད། རྐང་རྗེས་དེ་དག་གིས་ལམ་བུ་ཞིག་གྲུབ་ཅིང་ལམ་བུ་དེའི་མིང་ལ་ང་ཚོས་དབུས་ལམ་རིང་མོ་ཞེས་འབོད།

ལྷ་སར་མཁའ་ལམ་དང་ལྕགས་ལམ། གཞུང་ལམ་མེད་པའི་སྔ་རོལ་ཏུ། ང་ཚོར་དབུས་ལམ་རིང་མོ་ཞེས་པའི་ལམ་བུ་ཞིག་ཡོད། དབུས་ལམ་རིང་མོ་ནི་ད་ལྟའི་མཁའ་ལམ་དང་ལྕགས་ལམ་ལྟ་བུའི་ཉིན་ལམ་དང་ཞག་ལམ། ཚ་ལམ་ཙམ་གྱི་ལམ་ཐག་ཅིག་མ་ཡིན་པར། དབུས་ལམ་རིང་མོའི་འགྲུལ་བཞུད་ནི་རིང་ན་ལོ་ལམ་དང་ཐུང་ན་ཟླ་ལམ་ཡིན་ལ། དབུས་ལམ་རིང་མོ་ནི་རྫ་རི་དང་བྲག་རི་བརྒྱུད་ནས་འགྲོ་དགོས་པས་ཚ་གྲང་གི་མནར་གཅོད་དང་བཀྲེས་སྐོམ་གྱི་སྡུག་བསྔལ་བཟེད་དགོས་ལ། ཐང་སྟོང་དང་ལུང་སྟོང་བརྒྱུད་ནས་འགྲོ་དགོས་པས་གཅན་གཟན་གྱི་འཚེ་བ་དང་ཇག་ཚོགས་ཀྱི་འཇིགས་པར་ཡང་འཕྲད་སྲིད། དེ་བས། རྫ་རི་དང་བྲག་རི་ཁྲོད་ཀྱི་དབུས་ལམ་དེ། སྤང་རི་དང་ནགས་རི་ཁྲོད་ཀྱི་དབུས་ལམ་དེ། གཙང་བོ་དང་ཆུ་མོའི་སྟེང་གི་དབུས་ལམ་དེ། རྡོག་པོས་ནོན་མཁན་ཚོར་སྙིང་སྟོབས་ཤིག་དགོས་ལ། གོམ་པས་འཇལ་མཁན་ཚོར་ཆོད་སེམས་ཤིག་མཁོ་བ་ཡིན།

མདོ་སྨད་ཙོང་ཁ་ནས་དབུས་ལ་འགྲོ་མཁན་དག་གྱི་ཐང་མཁར་ནས་ལམ་དུ་ཆས་ཏེ་སྟོང་སྐོར་ཁོག་ནས་ཚ་ཕོག་རྒྱག་དུས། ཉི་ཟླ་ཉག་གར་ངལ་གསོ་བྱས་ཏེ་རིག་སྨོན་གཞུང་ལ་མིག་ཟུང་ཕྱོགས་དུས། ཁྲི་ཤོར་རྒྱལ་མོ་རྗེས་སུ་བསྐྱུར་ཏེ་སྐྱ་རེངས་སྔོ་རེངས་མདུན་ནས་བསུ་དུས།འབིས་ཁོག་ལེབ་ཁོག་ཐོལ་གྱིས་བརྒལ་ཏེ་བྱང་ཐང་ཆེན་མོ་གོམ་པས་འཇལ་དུས། དེ་དག་ལ་ཡིད་ཀྱི་དྲན་པ་གཅིག་དང་སེམས་ཀྱི་འདུན་མ་གཅིག་ལས་མེད་ཅིང་། ཇོ་ཤཱཀ་རྣམ་གཉིས་སེམས་ཀྱིས་མཇལ་ཏེ་ཤི་གསོན་གཉིས་ཀྱི་སྐྱིད་སྡུག་ཞུ་དུས། དགའ་བ་དང་སྨེང་བ། སྐྱོ་བ་དང་སྡུག་པ། དུངས་པ་དང་སྤྲོ་བ། རེ་བ་དང་སྨོན་པའི་སེམས་ཚོར་རླབས་བཞིན་འཕྱུར་ཏེ་ཆར་བཞིན་འབབ་ངེས་ཤིང་། དེ་ནི་དད་ལྡན་པ་ཞིག་ལ་མཚོན་ན་དབུས་ལམ་རིང་མོའི་མཐའ་མཇུག་གི་སྤྱི་སྡོམ་ཡིན་ལ། ཐོས་པ་འཚོལ་མཁན་ཞིག་ལ་མཚོན་ན་དབུས་ལམ་རིང་མོའི་ཐོག་མའི་གླེང་གཞི་ཡིན།

དབུས་ལམ་རིང་མོའི་སྟེང་ནས་གདུགས་ཅན་གྱི་བླ་ཆེན་ཕེབས་མྱོང་། དབུས་ལམ་རིང་མོའི་སྟེང་ནས་ཏོག་ཅན་གྱི་དཔོན་ཆེན་བཞུད་མྱོང་། དབུས་ལམ་རིང་མོའི་སྟེང་ནས་་་་་་་་་

དབུས་ལམ་རིང་མོ་ནི་ཆོས་སྲིད་ཀྱི་སྒོ་འཕར་འབྱེད་པའི་ལྷག་བསམ་གྱི་ལྡེ་མིག་ཅིག་ཡིན་ཏེ། བཙན་པོའི་བཀའ་ཡིག་བསྣམས་པའི་ཕོ་ཉ་དང་། གོང་མའི་གསེར་ཡིག་འཁུར་པའི་ཞམ་རིང་པ་ཚོས། དབུས་ལམ་རིང་མོར་བརྟེན་ནས་མཐུན་སྒྲིལ་གྱི་ཨ་ལོང་སྦྲེལ་ཞིང་འཆམ་མཐུན་གྱི་འདུན་མ་སྲུང་།

ས་པཎ་ཀུན་དགའ་རྒྱལ་མཚན་ས་སྐྱ་ནས་མདོ་སྨད་དུ་རྡོག་ཐོན་བྱེད་དུས་འབྱུང་འགྱུར་གྱི་ལས་དབང་ལ་གདེང་ཚོད་མེད་ནའང་། ཁོང་གིས་རེ་བ་ཆེན་པོ་ཞིག་ཡིད་ལ་བཅངས་ནས། ཚ་བོ་ཆུང་ཆུང་གཉིས་ཕྱིས་སུ་ཁྲིད་དེ། བོད་མིའི་སྐྱིད་སྡུག་གི་ལས་དབང་ཕྲག་ཏུ་བླངས་པས། ཁོང་ལ་མཚོན་ན་དབུས་ལམ་རིང་མོ་ནི་འགན་འཁྲི་ཡི་ལམ་བུ་ཞིག་ཡིན། ས་པཎ་གྱིས་བོད་མི་རྣམས་སོག་པོའི་འཇིགས་པ་ལས་བསྐྱབས་ཤིང་། བོད་སོག་མཆོད་ཡོན་དུ་སྦྲེལ་ཏེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་གི་དབུ་བརྩམས་མོད། ལོ་རྒན་དྲུག་ཅུ་བརྒལ་བའི་ས་པཎ་གྱིས་ལེང་གྲུ་ནས་རེ་བ་ཕྱེད་ཙམ་འགྲུབ་ལ་ཕྱེད་ཙམ་མ་འགྲུབ་པར་ཚེ་ཡི་འཕེན་པ་རྫོགས་པས། ཁོང་གི་མཐའ་མཇུག་གི་རེ་བ་དང་སེམས་འདུན་ཡོད་ཚད་ཚ་བོའི་ཕྲག་ཏུ་ལྷུང་།

གནའ་ནས་བཟུང་དབུས་གཙང་ལ་ཐོས་པ་འཚོལ་དུ་སོང་བའི་སྐྱེས་བུ་མང་བོ་ཞིག་གིས་དབུས་ལམ་རིང་མོ་ནས་རིག་པའི་ཉིང་བཅུད་ཁུར་ཏེ་ཕྱིར་མདོ་སྨད་དུ་ཕེབས་མྱོང་ཞིང་། མི་ཚེ་ཐོས་པར་བསྟིམས་པའི་དམ་པ་མང་བོ་ཞིག་དབུས་ལམ་རིང་མོ་བརྒྱུད་ནས་ཆོས་ཀྱི་ཞིང་དུ་སྙེག བློ་བཟང་གྲགས་པ་ནི་དེ་དག་ཁྲོད་ཀྱི་གཅིག་ཡིན། བློ་བཟང་གྲགས་པ་བྲག་བྱ་ཁྱུང་ནས་ལམ་ལ་ཆས་དུས་དགེ་རྒན་དང་ཆོས་གྲོགས་ཚོས་ཁོ་ལ་སྐྱེལ་མ་མཛད། དགོན་པའི་ཉག་ཁར་སླེབས་དུས་ཁོས་ཕྱིར་མིག་ཅིག་བལྟས་ཏེ་དགེ་རྒན་དང་ཆོས་གྲོགས་ཚོར་བདེ་མོ་ཞིག་འཇོག་དགོས་མོད། བློ་བཟང་གྲགས་པས་དགེ་རྒན་དང་ཆོས་གྲོགས་ཚོར་ཕྱིར་མིག་ཅིག་མ་བལྟས་ལ་བདེ་མོ་ཞིག་ཀྱང་མ་བཞག དེ་ནི་བན་སེར་མོ་དབུས་འགྲོ་ཞིག་གི་ཆོད་སེམས་ཡིན་སྲིད་ལ། ཆོས་དཀར་པོར་བརྩོན་པའི་བན་ཆུང་ཞིག་གི་སྙིང་སྟོབས་ཀྱང་ཡིན་ངེས།

བློ་བཟང་གྲགས་པ་ལྷ་སར་འབྱོར་དུས་ཉམ་ཆུང་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན་པས། སྐབས་དེར་ལྷ་སའི་གླིང་དུ་ཕྱིས་སུ་ཛཱ་ཏའི་མེ་ཏོག་ལྟུང་ས་མན་ཆད་ནས་ཆུ་ལ་དར་གོས་འཐག་ས་ཡན་ཆད་དུ་ཁོང་གིས་སྲོལ་བཏོད་པའི་བསྟན་པའི་གདུགས་དཀར་གཅིག་གིས་ཁྱབ་ཐུབ་པ་སུ་ཞིག་གི་ཡིད་ལ་འཁོར་སྲིད། རྗེ་ཙོང་ཁ་པས་དབུས་གཙང་དུ་ཐོས་པར་གཞོལ་སྐབས་ཕྱག་ཏུ་དཀར་པོར་གྱུར་པའི་ཨ་མའི་དབུ་སྐྲ་འབྱོར་ཞིང་། དབུ་སྐྲ་དཀར་པོ་དེས་ཁོང་ལ་ཅི་ཞིག་འཆད་ཀྱིན་ཡོད་པ་ཁོང་གིས་ཀྱང་གསལ་བོར་རྟོགས་ནའང་། ཕ་ཡུལ་དུ་ཕེབས་ན་ཐོས་པའི་གེགས་སུ་འགྱུར་བར་དགོངས་ནས་ཨ་མར་རང་གི་ཚབ་ཏུ་ཞལ་ཐང་བྲིས་མ་ཞིག་བསྐུར། བསམ་བློ་རེ་བཏང་ན་ཁོང་གི་སེམས་པ་སྲ་མོ་རྡོ་རུ་གྱུར་པ་ཡིན་ནམ། ཁོང་གི་རྟོག་པ་མཁའ་མཉམ་ཀློང་ལྟར་བརྡལ་བ་ཡིན།

 དགེ་འདུན་ཆོས་འཕེལ་ཐོས་པ་དོན་གཉེར་གྱི་ཆེད་དུ་དབུས་ལམ་རིང་མོ་བརྒྱུད་ནས་ལྷ་སར་སླེབས། བན་སེར་མོ་ཞིག་ལ་མཚོན་ན་ལྷ་རམས་པའི་མཚན་བཏགས་ནི་ཆེས་བླ་མེད་ཀྱི་གཟིགས་བཟོས་ཤིག་ཡིན་ལ། དེ་ལས་སྙན་གྲགས་དང་དབང་ཐང་སོགས་ཅི་འདོད་དུ་འབྱུང་ཐུབ་པས། དེ་ལ་ཡིད་སེམས་མི་ཤོར་མཁན་ཞིག་ཡོད་མི་སྲིད་མོད། ཡིན་ནའང་། དགེ་ཆོས་ཀྱིས་ལྷ་རམས་དམ་བཅའ་འཇོག་ལ་ཉེ་བའི་སྐབས་སུ་སྙན་གྲགས་དང་མཚན་བཏགས་ཡོད་ཚད་བློས་བཏང་ནས་རྒྱ་གར་དུ་ཐོས་པ་འཚོལ་དུ་སོང་བས། དགེ་འདུན་ཆོས་འཕེལ་གྱི་དྲན་ཚུལ་དེར་སེ་འབྲས་དགེ་གསུམ་གྱི་གྲྭ་བ་མང་བོ་ཞིག་ཧ་ལས་ཤིང་ཧོན་ཐོར་ཡོད་ངེས།

དགེ་འདུན་ཆོས་འཕེལ་གྱིས་ལྟ་བ་གསར་བ་དང་རིག་པ་རྣོན་པོས་སྲོལ་རྒྱུན་གྱི་འཛིན་སྟངས་ལ་ཕོག་ཐུག་ཡང་ཡང་བཏང་བས། མཇུག་མཐར་བསྟོད་སྨད་གཉིས་ཀྱི་ཁྲོད་ནས་ཁོང་གི་རྣམ་ཤེས་ཕྲ་མོ་ཡང་ལྷ་སའི་རླུང་བུ་དང་འདྲེས། སྐབས་དེར་ཁོང་ལ་བེེཌཱུརྱ་ཡི་བུམ་པ་ས་ལ་བརྡབས་པ་ལྟ་བུའི་ཕངས་སེམས་བློས་མི་དཔོག་པ་ཞིག་སྐྱེས་ནའང་། ཡོམ་ཡོམ་འགུལ་བའི་སྤྱི་ཚོགས་དེའི་ནང་དུ།  བཤད་ཡམ་རྒོད་པའི་ལུང་བ་དེའི་ནང་དུ་ཁོང་གི་རིན་ཐང་རྟོགས་མཁན་གྱི་མི་ག་ཚོད་ཡོད་དམ། དུས་ཚོད་ཀྱི་བདེན་པ་ནི་སྟོབས་ཆེ་བས། ད་ལྟ་ཁོང་གི་ཤེས་རབ་ཀྱི་མེ་སྟག་དང་བློ་གྲོས་ཀྱི་ཉིང་བཅུད་དེ་རིམ་བཞིན་གངས་ལྗོངས་ཤེས་རིག་གི་དགའ་ཚལ་ན་ལམ་ལམ་དུ་འཚེར་བཞིན་ཡོད།

དབུས་ལམ་རིང་མོ་ནི་སྲིད་པའི་མངའ་ཐང་བསྐྱེད་པའི་དཔའ་དམག་གི་དཔུང་ལམ་ཞིག་ཡིན།  གནའ་དུས་སུ་དབུས་ལམ་རིང་མོའི་སྟེང་དུ་མེས་པོ་སྙིང་སྟོབས་ཅན་དག་གིས་ཉུང་བས་མང་བ་བཅོམ་པའི་དཔའ་སྤོབས་དང་ཡིད་རྟོན་ཡོད་ལ། སྟག་སྒྲ་ཀླུ་གོང་ཟེར་བའི་མེས་པོ་ཞིག་གིས་དབུས་ལམ་རིང་མོའི་སྟེང་དུ་དཔུང་གི་ང་རོ་སྒྲོག་བཞིན་ཤར་ཕྱོགས་སུ་མཆོངས་དུས། གནམ་གྱི་སྲས་ཀྱང་དཔའ་སྤོབས་ཞུམ་ནས་སྔངས་ཤིང་འདར་བར་གྲགས། བཙན་པོའི་ཧྲག་དམག་གིས་དབུས་ལམ་རིང་མོའི་སྟེང་ནས་ས་ཆེན་སྟོབས་ཀྱིས་བརྫིས་མྱོང་བས། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་སྟེ།  མཚོ་ལ་ཁ་བ་བབས་འདྲའི་དཔུང་ཆེན་དེ་འདི་ནས་བཞུད་མྱོང་ལ། སྤང་ལ་མེ་སྟག་མཆེད་འདྲའི་དཔུང་ཆེན་ཡང་འདི་ནས་བཤར་མྱོང་།

 དབུས་ལམ་རིང་མོ་དེ་དགའ་གཉིས་མཐུན་པར་བསྡེབས་པའི་གཉེན་ལམ་ཞིག་ཀྱང་ཡིན། ཆབ་སྲིད་ལ་བག་མར་གཤེགས་པའི་འ་ཞ་བཟའ་དང་མི་ཉག་བཟའ། རྒྱ་བཟའ་སྔ་ཕྱི་གཉིས་ཀྱིས་སྐྱོ་བའི་སེམས་པ་སྙིམ་པར་བཟུང་ནས་འཁྲེང་བའི་ཕྱིར་མིག་ལིང་ལིང་གིས་སྐྱིད་ཤོད་གཞུང་དུ་ཆས་པའི་ལམ་བུ་ཡང་འདི་ཡིན། ང་ཚོའི་མེས་པོ་དག་གིས་སྲིད་པའི་ཚོང་ཆེན་ནི་ཁ་གཉེན་ཡིན་ལ་ཁོག་ཡིན་ཚོང་ཡིན་ཟེར་ཞིང་། དེ་ནི་དོན་གྱིས་ཆབ་སྲིད་ལ་བག་མར་གཤེགས་པའི་སྲས་མོ་དག་གི་ངོས་ནས་བརྗོད་པ་ཡིན་ངེས། ཆབ་སྲིད་ཀྱི་དོན་དུ་སྲས་མོ་དེ་དག་བག་རྟའི་གོང་ནས་ཕྱིར་ལྡོག་མེད་པའི་ལམ་ལ་ཆས་དུས། བློ་བདེ་དབུགས་དབྱུང་གི་ཚོར་བ་སྐྱེས་མཁན་ནི་རྒྱབ་ཀྱི་ཕ་མིང་དག་ཡིན་ངེས།

དབུས་ལམ་རིང་མོའི་སྟེང་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་དམག་གིས་བསྐོར་ནས་ལྷ་སར་ཕེབས་མྱོང་། དབུས་ལམ་རིང་མོའི་སྟེང་ནས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཆིང་དམག་གིས་སྐྱོར་ནས་ལྷ་སར་འབྱོར་མྱོང་། དབུས་ལམ་རིང་མོའི་སྟེང་ནས་་་་་་་་

བློ་སྤོབས་དང་དཔའ་སྙིང་ཡོད་ན་དབུས་ལམ་རིང་མོ་ནི་རང་དབང་གིས་འགྲུལ་བཞུད་བྱས་ཆོག་པའི་ལམ་བུ་ཞིག་ཡིན་ནའང་། འགྲུལ་བཞུད་ལ་ཁ་བསྒྱུར་ཚེ་དེ་ཡང་དཀའ་ཁག་དང་རྙོག་འཛིང་ཆེ་བའི་འགྲུལ་བཞུད་ཅིག་ཀྱང་ཡིན། པཎ་ཆེན་ཆོས་ཀྱི་ཉི་མར་དབུས་གཙང་དུ་ཕེབས་འདོད་ཀྱི་སེམས་ཤུགས་ཆེ་ན་ཡང་། ཞབས་ཕྱི་པ་མང་བོའི་རྐྱེན་གྱིས་དབུས་ལམ་རིང་མོའི་སྟེང་ནས་ཁེགས་པས། མཐའ་མར་རྫ་སྐྱེ་རྒུ་མདོ་ནས་ཚེ་ཡི་འཕེན་པ་རྫོགས་ཤིང་། རྡོ་སྦིས་དགེ་བཤེས་འཁོར་དང་བཅས་པ་ནག་ཆུར་འབྱོར་དུས་ཁོ་རང་ལྷ་སར་ཤར་སྐྱོད་བྱེད་དུ་བཅུག་ན་ཡང་། འཁོར་གཡོག་རྣམས་གཏན་དུ་བཀག་པས། ཁོ་རང་ཁོང་ཁྲོ་དང་བཅས་ལྷ་སར་མ་བསྐྱོད་པར་ཕྱིར་ཁྲུང་ཆིན་དུ་ལོག དབུས་ལམ་རིང་མོ་ནི་ཤར་སྐྱོད་བྱས་ཆོག་པའི་ལམ་བུ་ཞིག་ཡིན་ནའང་། གོ་བ་ལེན་སྟངས་ཀྱི་ཁྲོད་ནས་འདི་ལྟ་བུའི་དོན་དག་རེ་གཉིས་ཀྱང་བྱུང་མྱོང་།

དབུས་ལམ་རིང་མོའི་སྟེང་ནས་ཧམ་སེམས་ཅན་གྱི་དམག་དཔུང་སྐྱོད་མྱོང་ལ། དབུས་ལམ་རིང་མོའི་སྟེང་ནས་གདུག་རྩུབ་ཅན་གྱི་ཧྲག་དམག་ཀྱང་བཞུད་མྱོང་། དབུས་ལམ་རིང་མོའི་སྟེང་ནས་འཁྲབ་པའི་བདེན་རྫུན་དང་གཡོ་ཁྲམ་གྱི་གཏམ་རྒྱུད་དེ་དག་མི་མངོན་དབྱིངས་སུ་ཡལ་ནའང་། ཞིབ་ཏུ་ཉན་ན་དེའི་ན་ཟུག་གི་འཁུན་སྒྲ་དེ་ད་ལྟ་ཡང་ང་ཚོས་གསལ་བོར་ཐོས་ཐུབ་ལ། ཞིབ་ཏུ་བསམས་ན་དེའི་ན་ཟུག་གི་ཚོར་བ་དེ་ད་ལྟ་ཡང་ང་ཚོས་གསལ་བོར་ཚོར་ཐུབ།ཡིན་ནའང་། དབུས་ལམ་རིང་མོར་གནམ་ས་ཡུག་གཅིག་ཏུ་སྦྲེལ་བའི་བློ་རྒྱ་དང་དགྲ་གཉེན་དབྱེར་མེད་དུ་མཐོང་བའི་སེམས་རྒྱ་ཡོད་ཅིང་། འདུ་བྲལ་ཆོས་ཉིད་དུ་རྟོགས་པའི་ཤེས་པ་དང་། ཐོབ་ཤོར་བསྐོས་ཐང་ལས་བྱུང་བའི་རྒྱུ་འབྲས་རྟོགས་པས། གདུག་རྩུབ་དང་དྲག་སྤྱོད། ཧམ་སེམས་དང་འདོད་ལོག་ཡོད་ཚད། མཇུག་མཐར་འཆམ་མཐུན་དང་མཉམ་གནས། འདོད་ཆུང་དང་ཆོག་ཤེས་ཀྱིས་སྒོ་ནས་མཇུག་བསྡུས་པའི་ཡིད་ཆེས་རྙེད་ཡོད། དེ་ལྟར་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ཚེ། དབུས་ལམ་རིང་མོ་ནི་བགྲོད་ནས་ཚར་རྒྱུ་མེད་པའི་ལམ་བུ་ཞིག་ཡིན་ལ། དབུས་ལམ་རིང་མོ་ནི་བགྲོད་ནས་ཚར་ཐབས་མེད་པའི་ལམ་བུ་ཞིག་ཀྱང་ཡིན་ཏེ། དོན་གྱིས་དབུས་ལམ་རིང་མོ་ནི་ཟབ་མོ་ལྐོག་གྱུར་གྱི་བོད་རིགས་རང་ཉིད་ཡིན་པས། དབུས་ལམ་རིང་མོ་མ་རྟོགས་བར་དུ་ང་ཚོས་རང་ཉིད་རྟོགས་མི་ཐུབ་ལ། རང་ཉིད་མ་རྟོགས་བར་དུ་ང་ཚོས་དབུས་ལམ་རིང་མོའི་སྙིང་སྟོབས་ཀྱང་རྟོགས་ཐབས་བྲལ། དེ་བས། དབུས་ལམ་རིང་མོ་ནི་རྡོག་འོག་ནས་རྒྱང་རིང་ལ་འཐེན་པའི་ཕུགས་བསམ་གྱི་ལམ་ཆེན་ཡིན་ལ། དབུས་ལམ་རིང་མོ་ནི་རྒྱང་རིང་ནས་སེམས་ཁོང་ལ་ཟུག་པའི་རེ་བའི་དྲོད་ཐིག་ཀྱང་ཡིན།

ད་ལྟ་ལྷ་སར་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་སོགས་ལམ་གྱི་དྲ་བ་སྣོལ་མར་སྦྲེལ་ཞིང་། ཁོད་ཡངས་པ་དང་བཞུད་བདེ་བའི་དེང་རབས་ཀྱི་གཞུང་ལམ་དེ་དག་དང་བསྡུར་ན། དབུས་ལམ་རིང་མོ་ཞེས་པའི་རྐང་ལམ་དེ་ནི་གླེང་རིན་མེད་པར་ལྟར་སྣང་ཡང་། དོན་གྱིས་དབུས་ལམ་རིང་མོ་ནི་རྐང་ལམ་ཞིག་མ་ཡིན་པར་དེ་ནི་བོད་ཡུལ་སྟོད་སྨད་བར་གསུམ་གཅིག་ཏུ་སྦྲེལ་བའི་བླ་སྲོག་ཡིན།

མེས་པོ་སྟག་འདྲ་གཟིག་འདྲ་དག་གི་རིང་ལ་ང་ཚོར་དབུས་ལམ་རིང་མོ་ཞེས་པའི་རིག་པའི་ལམ་ཆེན་ཞིག་ཡོད། ཕ་ཁུ་འབྲོང་འདྲ་གཡག་འདྲ་དག་གི་རང་ལ་ང་ཚོར་དབུས་ལམ་རིང་མོ་ཞེས་པའི་མི་རིགས་ཀྱི་སྙིང་སྟོབས་ཤིག་ཡོད།

ད་ལྟ་ང་མེ་འཁོར་གྱིས་དྲུད་ནས་ལྷ་སར་སླེབས་དུས། རླངས་འཁོར་དུ་བསྡད་ནས་ལྷ་སར་འབྱོར་དུས།གནམ་གྲུ་ཡིས་འཁུར་ནས་ལྷ་སར་ལྷགས་དུས། ངས་ང་དབུས་ལམ་རིང་མོ་བརྒྱུད་ནས་ལྷ་སར་ཡོང་བ་ཡིན་ཞེས་བཤད་ཕོད་ཀྱིན་མེད་དེ། ངས་བདེ་ཞིང་འཇམ་པའི་གཞུང་ལམ་དང་ལྕགས་ལམ། མཁའ་ལམ་གསུམ་ལས་དབུས་ལམ་རིང་མོའི་སྙིང་སྟོབས་དེ་མཐོང་མ་བྱུང་ལ། དབུས་ལམ་རིང་མོའི་བློ་བསྐྱེད་དེ་ཡང་རྙེད་མ་བྱུང་།

གནའ་དུས་སུ་ང་ཚོར་དབུས་ལམ་རིང་མོ་ཞེས་པའི་རིག་པའི་ལམ་ཆེན་ཞིག་ཡོད།

གནའ་དུས་སུ་ང་ཚོར་དབུས་ལམ་རིང་མོ་ཞེས་པའི་ཡབ་མེས་ཀྱི་སྙིང་སྟོབས་ཤིག་ཡོད།

གནའ་དུས་སུ་ང་ཚོར་དབུས་ལམ་རིང་མོ་ཞེས་པའི་མི་རིགས་ཀྱི་གཟུངས་ཐག་ཅིག་ཡོད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།