གཅེས་ལོར་སྤྲིངས་པའི་འཕྲིན་ཆུང་།

 ཁྱོད་ཀྱི་ཚེ་སྲོག་ཕྲ་མོ་ཨ་མའི་མངལ་དུ་སྦྲུམ་པའི་ལོ་དེའི་དབྱར་གཞུང་དུ། སྐྲག་སྣང་དང་དགའ་བ་ཟུང་འབྲེལ་གྱི་ཚོར་ཤུགས་རྣོན་པོས་ཨ་མའི་ཀླད་རུས་ནས་རྐང་མཐིལ་དུ་ཙག་ཤད་ཡང་ཡང་བརྒྱུགས་མྱོང་། རྒྱུ་མཚན་གཅེས་ལོ་ཁྱོད་ཨ་མའི་འཇིག་རྟེན་དུ་འོངས་པར་གྲ་སྒྲིག་ཅི་ཡང་མེད་པས་ཡིན།

དཔྱིད་མགོ་མའི་ཉིན་གུང་ཞིག་ལ། གཤག་བཅོས་སྟེགས་བུའི་སྟེང་དུ་བཟི་སྨན་གྱིས་སྦྲིད་པའི་ཨ་མའི་ནང་སེམས་ཀྱི་རི་ལུང་ཐང་གསུམ་གཅེས་ལོ་ཁྱོད་ཀྱི་ཆེས་ཐོག་མའི་ངུ་ངག་གི་དབྱངས་རྟ་སྙན་མོས་དཀྲོགས་བྱུང་། ཁ་རས་བརྒྱབ་པའི་སྨན་པ་དེས་ཨ་མའི་གདོང་ལ་ཅེར་བཞིན་བུ་མོ་ཞིག་ཡིན་པར་གསུངས་དུས། གློ་བུར་དུ་ག་ཤེད་ཅིག་ནས་འོངས་པ་ཆ་མི་འཚལ་བའི་མིག་ཆུ་རྡོག་པོ་གཉིས་ཨ་མའི་མིག་ཀོང་བརྒྱུད་ནས་རྣ་འགྲམ་གྱི་སྐྲ་གསེབ་ཏུ་ཆར་ཐིགས་བཞིན་གྲང་ཤུར་ཤུར་དུ་ལྷུང་བྱུང་བ་ད་ལྟ་ཡང་བརྗེད་ཐབས་མི་འདུག ཕོ་མཆོག་མོ་དམན་གྱི་འདུ་ཤེས་ལས་ཐར་མ་ཐུབ་པའི་ཨ་མའི་ཕྱོགས་རེས་ཀྱི་བསམ་བློ་ལ་ཁྱོད་ཀྱིས་གུ་ཡངས་ཐེངས་ཤིག་གནོངས་རོགས།

ཁྱོད་ལོ་ན་བཞི་ལ་སོན་ཙམ་གྱི་སྟོན་གཞུང་གི་ནངས་མོ་དེ་ནས་བཟུང་། ཕ་སྐད་ཀྱི་དྲི་མ་ཙམ་ཡང་མེད་པའི་བྱིས་སྐྱོང་ཁང་ཞིག་ཏུ་བསྐྱལ་ནས་ཉིན་གུང་ཟ་མ་ཟ་སྐབས་ཀྱང་ཁྱོད་རང་ཁྱིམ་དུ་མ་བསུས་པའི་ཉིན་དང་ཟླ་བ་དག་ལ་བསམ་ཞིང་བསམས་ན་དངོས་གནས་ཡིད་སྐྱོ་ཞིང་ཕངས་སེམས་སྐྱེ་བ་ཞིག་རེད་ཨང་།

བྱིས་སྐྱོང་ཁང་ནས་སློབ་ཆུང་མཐར་ཕྱིན་པའི་མི་ལོ་དགུ་ཡི་ཉིན་མཚན་སུམ་སྟོང་ལྷག་གི་དུས་ཡུན་ལ་ད་ལྟ་ཕྱིར་འདང་རེ་བརྒྱབ་ན་ཅི་འདྲའི་མགྱོགས་དྲགས་པ་ལ། བྲེལ་ཟིང་གི་འཚོ་བའི་གསེང་ནས་ཨ་མས་ཁ་པར་རྩེད་ཞོར་དུ་ཁྱོད་ལ་ལས་བྱ་འབྲི་བ་དང་ཀློག་འདོན་ཁོ་ན་བྱེད་དུ་བཅུག་མྱོང་བ་མ་གཏོགས། ཐ་ན་ཉན་སྤྲོ་བའི་ཨ་མ་དྲེད་མོང་དང་ཨ་ཁུ་སྤྱང་ཀི་སོགས་ཀྱི་གནའ་གཏམ་མགོ་མཇུག་ཚང་བ་གཅིག་ཀྱང་བཤད་མི་འདུག་པར་ད་ལྟ་ཡང་ཨ་མ་འགྱོད་གདུང་གི་ཁུར་པོས་མནར་ཡོད།

དགུན་ལ་ཁ་བ་འབབ་དུས་ཀྱི་གྲང་རེག་དང་། དཔྱིད་ལ་མྱུ་གུ་རྒྱས་པའི་རང་བྱུང་གི་ཆོས་ཉིད། སྟོན་ལ་ལོ་ལེགས་བསྡུ་བའི་སེམས་ཀྱི་བདེ་སྐྱིད། དབྱར་ལ་མེ་ཏོག་བཞད་པའི་ངོ་མཚར་བའི་འགྱུར་ལྡོག་གི་ངོ་བོ་སོགས་ཨ་མས་ཁྱོད་ལ་འགྲེལ་བཤད་ཅི་ཡང་བྱེད་ལོངས་མ་བྱུང་། ཐ་ན་སྙིང་ཉེ་བའི་རྨོ་མོ་ལགས་ཕྱི་མའི་ཡུལ་དུ་བཞུད་པའི་དོན་དངོས་ཀྱི་ཚེ་སྲོག་གི་སྐྱེ་རྒ་ན་འཆིའི་ལྡོག་མེད་ཀྱི་འཁོར་འགྲོས་ཀྱང་ཨ་མས་ཁྱོད་ལ་གསལ་བཤད་མ་བྱས་པ་དེ་དག་དོན་ངོ་མར་ཨ་མ་ལན་པ་ཡིན།

གཅེས་ལོ་ཁྱོད་སྒོ་ང་ཡིན་དུས་ཆག་ཏུ་བཅུག་ཅིང་བྱེའུ་ཕྲུག་ཡིན་དུས་ཁེངས་སུ་མ་བཅུག་པར་ལང་ཚོའི་མེ་ཏོག་གི་འདབ་ལག་གྲོལ་ལ་ཉེ་བ་ཨ་མ་ངའི་བཀའ་དྲིན་ཞིག་ཏུ་བརྩི་འོས་མོད། འདི་དག་ནི་ཉམས་ཆུང་དུད་འགྲོས་ཀྱང་རུང་བའི་ཨ་མའི་རང་བྱུང་གི་བརྩེ་བ་རུ་སྒོམ་འོས་ན། ཨ་མས་ད་རག་བར་དུ་ཁྱོད་ལ་གཞན་དང་མི་མཐུན་པའི་བླ་ལྷག་གི་བརྩེ་བ་ཞིག་ཁྱོན་ནས་སྦྱིན་མི་འདུག

རྒྱང་རིང་གི་གྲོང་ཁྱེར་ཆེན་མོའི་གྲུ་ཟུར་གང་ཞིག་ཏུ་གནས་པའི་སློབ་གྲྭ་དེར་ཨ་མས་ཁྱོད་ཉིད་སྐྱེལ་མ་བྱས་པའི་ཉིན་མོ་དེར། ཁྱོད་ཀྱིས་རྡོག་ཁྲེས་རྒྱབ་ཏུ་ཁུར། རུམ་བྲོ་ཁུག་མར་བཅུག་སྟེ་སྙིང་ལ་རྗེ་བའི་ལུས་པོ་ཆུང་ཆུང་མདུན་ཕྱོགས་ནས་མདུན་ཕྱོགས་སུ་བཞུད་པའི་སྣང་བརྙན་གསོན་པོ་དེ། ཨ་མའི་མིག་ཆུས་བརླན་པའི་རྨི་ལམ་གྱི་མཚོ་ངོགས་སུ་དྲན་གདུང་གིས་བཏེགས་པའི་གཡོར་གྲུ་ཆུང་ཆུང་བཞིན་ཡང་དང་བསྐྱར་དུ་འཁྱོམས་མྱོང་།

སྔོན་ཆད་ཨ་མས་ཁྱོད་ལ་གོན་པ་བཀྲུ་སྟངས་དང་ཟ་མ་ཟ་ཚུལ། ཉལ་ཐུལ་ལྟེབས་སྟངས་དང་གད་སྙིགས་ཕྱགས་ཐབས་སོགས་གཅིག་ཀྱང་ཁྲིད་མ་མྱོང་བར་སློབ་སྦྱོང་ཁོ་ནར་སྐུལ་མྱོང་བས། ད་ནི་ཁེར་ཚུགས་དང་རང་མགོ་རང་ཐོན་གྱི་འཚོ་བ་རོལ་སྟངས་ལས་ཁྱོད་རང་དཀའ་ཁག་ལ་ཐུག་པར་ཨ་མ་ཡིད་ཀྱི་ཕུ་ནས་སེམས་ཁུར་ཆེ། ལན་རེར་འུ་གཉིས་འབྲལ་ཁ་མའི་བདག་གི་མིག་སྐྱེལ་དང་ཁྱོད་ཀྱི་ལག་པ་ཆུང་ཆུང་གཡུགས་གཡུགས་བྱེད་པའི་སྣང་ཚུལ་དེ་བསམས་ན། དྲན་པའི་སྨུག་ལོང་མཐུག་པོས་སེམས་ཀྱི་རྫ་ལུང་གཡོགས་བྱུང་།

གཅེས་ཕྲུག ཨ་མའི་བརྩེ་བ་ནི་མཐའ་ཡས་རྒྱ་མཚོ་ལྟར་གཞི་ཁྱོན་ཆེ་རུང་། ཨ་མའི་ཚེ་སྲོག་ལ་ཚད་ཡོད་ཅིང་། ཨ་མའི་ལག་ཟུང་ནི་ཁྱོད་ལ་ཆེད་དུ་བཟོས་པའི་འཁར་དབྱུག་ཡིན་ནའང་། ནམ་ཞིག་ཨ་མ་རྒ་བར་གྱུར་ཚེ། ཁྱོད་ཀྱིས་སྒལ་ཚིགས་དྲང་མོས་མིག་ཟུང་རྒྱང་ལ་གཏད་དེ། གོམ་ཁ་མདུན་ནས་མདུན་དུ་སྤོ་བའི་རེ་འདུན་བླ་ན་མཐོ།

གཅེས་ཕྲུག སྤོབས་པ་སྐྱེད་དང་། ཨ་མས་ཁྱོད་ལ་བཅངས་པའི་དུང་ཞེན་དང་ཕུགས་འདུན་གྱི་རྨུ་ཐག་དཀར་པོ་སྐྱེ་བ་ནས་སྐྱེ་བའི་བར་དུ་བསྲིངས་ནས་ཡོད།

2019ལོའི་ཟླ7པའི་ཚེས23ཉིན་གྱི་དགོང་མོར་རྨེ་རུ་ལུང་པ་ནས་སྦྱར།

   


རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།