ཀྲུང་གོ་བོད་ཀྱི་དྲ་བ།

བདག་གི་སྙིང་གྲོགས་སྐལ་བཟང་རྡོ་རྗེ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལིས་ཧྲ་ལིང་།   སྤེལ་དུས། : 2019-06-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

སེམས་པ་དམར་རྗེན་དུ་ཕུད་ནས་སྙིང་གཏམ་བཤད་པ་དང་། དཔུང་བ་མཉམ་གཤིབ་ཀྱིས་གྲོས་མོལ་བྱེད་པ། ལག་རྡང་མཉམ་དུ་སྦྲེལ་ཏེ་འགྲོ་འོང་བྱེད་པ། སླ་ང་གཅིག་གི་རྒྱ་ཐུག་འཐུང་བ། ཞིག་རལ་གྱི་ཁང་མིག་ཅིག་ལས་གཞུང་དོན་སྒྲུབ་བཞིན་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། ཕན་ཚུན་ལ་བསམ་ཤེས་དང་རྒྱབ་རོགས་དཔུང་འདེགས་བྱས་པའི་ལོ་ཟླ་གང་མང་ཞིག་ཡོད་ཅིང་། ཡུལ་ལུང་སོ་སོ་ནས་མི་ལོ་བཞི་ཅུར་ཉེ་བར་བསྡད་མཐར་ས་ཐག་རིང་པོ་མ་འཛེམ་པར་རི་ཆུ་སྟོང་ཕྲག་བརྒལ་ཏེ་ངལ་བ་ཁྱད་གསོད་ཀྱིས་གནའ་མཁར་ཞི་ཨན་ནས་ལྷན་དུ་འཛོམས་པ་ན། ལག་པས་དམ་དུ་འཇུས། ཡུན་རིང་པང་དུ་འཁྱུད། སྐྲ་དཀར་གྱིས་སྐྲ་དཀར་བརླན། མིག་ཆུ་དང་མིག་ཆུ་འདྲེས་དུས། ཁོ་རང་ནི་མཚོ་སྔོན་ཟི་ལིང་ནས་བདག་ལ་ཆེད་དུ་བལྟ་རུ་ཕེབས་པའི་སྙིང་གྲོགས་ཏེ་བོད་ཀྱི་སྙན་ངག་པ་སྐལ་བཟང་རྡོ་རྗེ་ལགས་རེད། དངོས་གནས་དགའ་སྤྲོ་གཏིང་ནས་འཁོལ་ཞིང་བཀའ་དྲིན་ཟད་མཐའ་བྲལ་ལ་ཡིད་སེམས་ཀྱང་རབ་ཏུ་འགུལ།

བདག་དང་སྐལ་བཟང་རྡོ་རྗེ་ངོ་ཤེས་དུས་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་དུས་མགོ་ཞིག་སྟེ1954ལོ་ཡིན། ལོ་དེའི་སྟོན་དུས་ངེད་གཉིས་དམིགས་བསལ་བ་ཞིག་ཏུ་འཕྲད་བྱུང་སྟེ། ཡང་གཅིག་བྱས་ན་བདག་དང་སྐལ་བཟང་རྡོ་རྗེ་ངོ་ཤེས་པའི་སྟོན་དུས་ཡིན། བདག་བཀའ་བཅོལ་ལྟར་དུ་ཞི་ཨན་ནས་ནུབ་རྒྱུད་དུ་ཐོན་ཏེ<<མཚོ་སྔོན་ན་གཞོན་ཚགས་པར>>དང<<<མཚོ་སྔོན་ན་གཞོན>>ཞེས་པའི་ཚགས་པར་དང་དུས་དེབ་གཉེར། ཏག་ཏག་སྐབས་དེར་སྐལ་བཟང་རྡོ་རྗེ་ལགས་པེ་ཅིན་ནས་སློབ་མཐར་ཕྱིན་ཏེ་བདག་གི་རོགས་པ་བྱས། ཏང་གི་ལས་དོན་གྱིས་རྒྱ་བོད་ན་གཞོན་གཉིས་མཉམ་གཅིག་ཏུ་བསྡུས་ཏེ་མཉམ་ལས་ཀྱི་མཐའ་བསྐྱངས་པར་དགའ་བ་ཚད་མེད་དོ། །

ངེད་གཉིས་ནི་སེམས་པ་དང་སྙིང་རུས། ལྷག་བསམ། བརྩེ་བ་ཁ་མཐུན་ཞིང་དགའ་ཕྱོགས་ལྷག་ཏུ་མཐུན་པའི་ལམ་གྲོགས་ཡིན། བདག་སྙན་ངག་ལ་དགའ་ཞིང་ཁོ་རང་བདག་ལས་ཀྱང་སྙན་ངག་ལ་དགའ།

རྒྱལ་ཁབ་བཙུགས་མ་ཐག་པའི་དུས་མགོ་དེར་དངོས་ཟོག་དཀོན་ཞིང་འཚོ་བར་དཀའ་ཁག་ཆེ་ནའང་སེམས་ཤུགས་རབ་ཏུ་འཕེལ་བ་དང་བློ་སྟོབས་དྲག་ཏུ་འཕར་ཏེ། བླངས་མི་ཚར་བ་ནི“བཅིངས་གྲོལ་དམག་ཁུལ་གྱི་ནམ་མཁའ་ནི་སྔོ་སངས་ཀྱི་ནམ་མཁའ་ཡིན”ཞེས་པ་དང་རྫོགས་སུ་མེད་པ་ནི“མཁའ་ནས་འཇའ་ཚོན་ཤར། ས་ནས་མེ་ཏོག་བཞད”ཅེས་པ། འཁྲབ་ན་ཆད་སྣང་མེད་པ་ནི“མཚོ་སྔོན་ནི་གནས་མཆོག་ལེགས་པོ་ཞིག མི་རིགས་སོ་སོ་དགའ་ལྷང་ལྷང”ཞེས་པ་དག་ཡིན།

དེ་འདྲའི་དགའ་སྤྲོ་ཆེན་པོའི་ཡོ་ལང་གི་ཁྲོད་ནས་ང་ཚོ་མཉམ་དུ་ཞོགས་རྩལ་རྩེད། མཉམ་དུ་ཚགས་པར་བཀླགས། མཉམ་དུ་གླེང་མོལ་བགྱིས། མཉམ་དུ་ཞུ་དག་བྱས། མཉམ་དུ་གཞི་རིམ་ལ་ཆས། མཉམ་དུ་བཅར་འདྲི་བྱས། མཉམ་དུ་རྩོད་གླེང་བྱས། མཉམ་དུ་བསམ་གཞིག་བཏང་། མཉམ་དུ་ཕན་ཚུན་ལ་གུས་ཞབས་བྱས། མཉམ་དུ་མིག་ཆུ་འཁོལ་བཞིན་སེམས་པ་བརླན་པ་ཡིན། བློ་མཐུན་ཡིན་ལ་ལས་གྲོགས་ཀྱང་ཡིན། གྲོགས་པོ་ཡིན་ལ་སྤུན་ཟླའང་ཡིན།

ཆེས་བརྗེད་མི་སྲིད་པ་ཞིག་ནི། ཟི་ལིང་ཙོང་ཁའི་ཐོག་ཁང་གི་སྒོ་མདུན་གྱི་ཆང་བ་ལི་ཡིན། མཚན་མོར་སླེབས་དུས་གྲོང་ཁྱེར་པ་དང་ཟ་ཁང་གི་སྦྱིན་བདག ཚོང་གཡོག་དག་གིས་སྔ་མོ་ནས་ངལ་གསོས་ཟིན། ཡིན་ནའང་ངེད་ཅག་གིས་རྩོམ་གྱི་མ་ཟིན་དག་སྒྲིག་བྱས་ནས་ཚར་མ་ཐག་ཡིན་པས་ཕོ་བ་བཀྲེས་རྔབ་ཀྱིས་མནར་ཡོད། སྐལ་བཟང་རྡོ་རྗེས་ལག་པ་རྡེབ་ཀྱིན“ཆང་བ་ལི་ཡོད་སར་འགྲོ”ཟེར་ནས་མྱུར་བར་ལམ་ལ་ཆས་སོང་། ན་གཞོན་ལས་བྱེད་པ་དག་ནི་ན་ཚོད་གཞོན་ཞིང་སྟོབས་རྩལ་རྫོགས་པའི་དམག་མི་ཞིག་དང་འདྲ་བར་གོམ་པ་འགའ་རེའི་མཚམས་ནས་སིལ་ཏོག་གང་སར་གཏོར་ཏེ་འགྲེང་བའི་གནས་ཀྱང་མེད་པར་བྱེད། དེ་མུར་ཀུན་གྱི་དགོད་སྒྲས་གནའ་མཁར་ཟི་ལིང་གི་ཁུ་སིམ་དཀྲོགས། སྐད་ཅིག་དེ་ཉིད་དུ་མཚན་མོ་ནི་ཉིན་དཀར་དུ་གྱུར་སོང་སྟེ། དཀར་ཆ་དོད་ལ་འཁྲུག་ཆ་དོད་པའི་ཟི་ལིང་གི་ཉིན་དཀར་དུ་གྱུར།

སྐལ་བཟང་རྡོ་རྗེའི་སྐྲ་རྫོང་མཐུག་ཅིང་འཇིལ་ལིར་ཆགས་ཡོད་པ་དང་དཔའ་ཞིང་མཛངས་ལ་བློ་གྲོས་འགྱུ་བ་བྱམས་བརྩེའི་མདངས་ཀྱིས་ཕྱུག ལོ་ན་གཞོན་ཞིང་བབ་བརླིང་པ་དང་སྤྱོད་ལམ་ཞི་ཞིང་དུལ་བའི་ཁར། གཏམ་བཤད་པར་གེ་སར་རྒྱལ་པོ་མིན་ན་རྩོམ་མཁན་ཀོར་ཅི་ཡིན། ཉི་ཟླ་རི་བོའི་ཞོགས་པ་མིན་ན་མཚོ་སྔོན་པོའི་ས་སྲོས་ཡིན། ལུས་ལ་ཁྱབ་པའི་ཡོན་ཏན་པའི་ཉམས་སྣང་ནི་བཟང་པོ་སྤྱོད་པ་དང་བསྡོངས་ཡོད། ཁ་རི་ཁ་ཐུག་ཏུ་བཤད་ཀྱང་སེམས་གཉོམ་པ་དང་སྨྲ་བ་མེད་ཀྱང་ཁོག་རྒྱ་རབ་ཏུ་ཆེ། ཕུགས་ཀྱི་འདུན་མ་རྒྱང་རིང་ལ་རྒྱ་ཆེ་བ་དང་འགྲོ་ལྡོག་ལས་ལ་བྲེལ་བ་མི་ཚ། གཏམ་ནི་ཡིན་མིན་མི་བཤད་ཅིང་བྱ་བ་ཚད་དང་ཚོད་ཅིག་བསྒྲུབས། ས་གར་སོང་གནས་སུ་གོམ་པའི་རྗེས་གསལ་བ་དང་སྙན་པའི་གྲགས་པ་ཡོངས་སུ་འབར་བ་ཞིག་ཡིན།

ང་ཚོ་སྤྲོ་སེམས་འཕེལ་ཞིང་མཛའ་བཤེས་སྨོན་འདྲིན་གྱིས་དུས་སྐབས་ཤིག་རིང་མཉམ་ལས་བྱས་པ་དེར“རྫོགས་ལྡན་གྱི་དུས་བསྐལ”ཡང་ཟེར། རྗེས་སོར་སོ་སོར་གྱེས་ཏེ་སོ་སོའི་བགྱི་བར་ཞུགས། དེའི་རྗེས་སུ་ང་རང་ཧྲན་ཞི་རུ་ལས་གནས་སྤར་བས་ངེད་གཉིས་བར་ཐག་རི་ཚོགས་སྟོང་གིས་ཆོད།

གྲོགས་པོས་རྟག་ཏུ་ང་རང་ལ་འཕྲིན་ཡིག་བཏང་སྟེ་ཟེར་དོན། ལྷག་བསམ་རྣམ་པར་དག་པ་དང་ལས་རྐང་བརྟན་པོར་སྲུང་བ། རང་དོན་རྒྱབ་ཏུ་བསྐྱུར་སྟབས་སྐལ་བཟང་རྡོ་རྗེའི་ཕྲག་སྟེང་དུ་འགན་ཁུར་མང་པོ་ཞིག་བབས་སོང་། དང་མགོར་ཁོས་མགོ་ལོག་ཁུལ་གྱི་ཁུལ་དཔོན་གྱི་འགན་ཁུར་སོང་ཟེར་བ་དང་རྗེས་སུ་ཡང་མཚོ་སྔོན་ཞིང་ཆེན་རྩོམ་སྒྱུ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་མཚོ་སྔོན་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར་སོང་ཟེར། དེའི་རྗེས་སུ་སླར་ཡང་ཞིང་ཆེན་དམངས་ཆེན་གྱི་ཀྲུའུ་རིན་གཞོན་པ་དང་ཞིང་ཆེན་དམངས་ཆེན་མི་རིགས་ཨུ་ལྷན་གྱི་ཀྲུའུ་རིན་སོགས་ཀྱི་འགན་ཁུར།

མི་གཞི་དྲང་ལྷིང་གསེར་རིའི་མཐོངས་ཀ་ལ། །མ་འོངས་མདུན་ལྗོངས་འོད་སྟོང་དཔལ་གྱིས་གཏམས། །སྐྱེས་ཕོ་རབ་ཅིག་གིས་བློ་ཐག་ཆོད་དུས་ནི་ཏག་ཏག་ཕུལ་དུ་བྱུང་བའི་གདུང་འདེགས་ཀྱི་ཀ་བ་བཟང་པོ་ཞིག་གྱུར་ཡོད།

4.jpg

སྙན་པའི་གྲགས་པ་དོན་གྱིས་སྟོངས་མེད།

བདག་སྐལ་བཟང་རྡོ་རྗེའི་འབུར་ཐོན་གྱི་སྲིད་སྐྱོང་བྱས་རྗེས་ལ་དགའ་སྤྲོ་འཁོལ་བའི་ཞོར་དུ་ཁོའི་རྒྱ་མཚོ་བཞིན་རྒྱ་ཆེ་བའི་སྙན་ངག་ཁྱུར་མིད་དུ་བཏང་འདུག

ཀྲུང་གོའི་སྙན་གྲགས་ཆེ་བའི་རྩོམ་མཁན་མཱ་ལཱ་ཆིན་ཧྥུའུ་ཡིས་སྐལ་བཟང་རྡོ་རྗེའི་སྙན་ངག་ལ་དཔྱད་བརྗོད་བྱེད་དུས་ན་རེ། དེང་རབས་རྩོམ་སྟེགས་སུ་འཚར་ལོངས་བྱུང་བའི་བོད་རིགས་སྙན་ངག་པ་ཐོག་མ་ཡིན་པའི་ཆ་ནས། ཁོང་གིས་མི་རིགས་རྩོམ་རིག་གོང་དུ་འཕེལ་བ་དང་དར་རྒྱས་ལ་འཚོལ་ཞིབ་ཧུར་ཐག་དང་འབད་རྩོལ་ལྷོད་མེད་གནང་མྱོང་ཡོད། ངས་ཁོང་ལ་གུས་བརྩི་བླ་མེད་ཞུ་ཟེར།

སྐུ་ཞབས་མཱ་ལཱ་ཆིན་ཧྥུའི་གཏམ་ནི་གནད་འཕིགས་པ་དང་དོན་ཟབ་པ། སྙིང་ཉེ་བ། དངོས་འབྲེལ་ཅིག་ཡིན། དེའི་ཐད་བདག་རང་ཐུགས་རྗེ་རང་ཐོག་ཏུ་ཆེ་བ་ལྟར་གྱུར་ཅིང་སྐལ་བཟང་རྡོ་རྗེའི་གྲོགས་པོ་ཡིན་པའི་ཆ་ནས་སྐུལ་ལྕག་བླ་མེད་ཐེབས།

སྐལ་བཟང་རྡོ་རྗེས་སྔོན་ནས་བདག་ལ་བརྗོད་མྱོང་ཡོད་དེ། ཁོ་རང་མཚོ་སྔོན་ཁྲི་ཀ་ནས་སྐྱེས་པ་དང་ལོ་དྲུག་གི་སྐབས་སུ་དགོན་པར་བོད་ཡིག་སློབ་ཏུ་བཏང་ནས་རྗེས་ཕྱོགས་ནར་སོན་ན་མི་གོ་ཆོད་ཅིག་ཨེ་འཁྱོངས་ལ་སྨོན་ལམ་བརྒྱབ། ཁོས་ནམ་ཡང་གཏམ་འདི་བརྗོད་དུས་སུ་མིག་ཆུ་ཤམ་ཤམ་དུ་བཞུར་ནས་རང་ཉིད་ཚོད་འཛིན་མི་ཐུབ།

སྐལ་བཟང་རྡོ་རྗེས་རང་གི་ཨ་མ་གཙུག་ཏུ་བཀུར་ཞིང་ཨ་མའི་བྱམས་བརྩེ་དུས་གཏན་དུ་ཡིད་ལ་བརྐོས་ཡོད་པས། སྙན་ངག་དང་སྲིད་ཀྱི་བྱས་འབྲས་ཀྱིས་དྲིན་ཆེན་ཨ་མར་སེམས་རྒྱ་དང་རེ་བ་བསྩལ་ཞིང་བཀུར་སྟིའི་སེམས་པའང་མཐོ་རིས་ཡུལ་ལ་དྲངས་ཡོད། ཁོ་རང་གིས<<གླིང་སྒྲུང>>འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་དང<<མི་རིགས་ཀྱི་རྩོམ་རིག>>གི་སྒྲིག་ཨུ། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་འཁུར་ཐུབ་པ་ནི་མི་སེམས་ཀྱི་དང་བ་ཀུན་ནས་འདྲེན་པའི་ཁོ་རང་གི་སྙན་ངག་དང་ཁ་འབྲལ་ཐབས་མེད།

ཁོས་སྔ་གཞུག་ཏུ་སྙན་ངག་ཕྱོགས་སྒྲིག<<སྙན་འཇེབས་དིང་གླིང>>དང<<སྤྲིན་དཀར་འཕྱོ་བའི་པད་རྫིང་།>><<ཆུ་འཛིན་བང་རིམ་གྱི་ཆར་ཐིགས>>པར་སྐྲུན་བྱས། ཁོའི<<ཚྭ་ཆུའི་ངག་རྒྱུན>>དང<<ཐོ་རེངས་སུ་བརྡོལ་བའི་མཁར་གསར།>><<ཁྱོད་ནི་ཉི་མའི་འོད་ཀྱི་ཁྱེའུ།>><<རྨ་ཆེན་གངས་རིའི་མཚན།>><<གངས་རིའི་བླ་སྲོག>><<འདི་ནི་ཁྱོད་ཀྱི་ཕ་ཡུལ་ཡིན>>ཞེས་པ་སོགས་ལ་རྒྱལ་ཡོངས་སུ་བྱ་དགའ་ཐོབ་མྱོང་།

ཉོན་དང་།

ནགས་གསེབ་ཏུ་མཆོངས་པའི་ཤྭ་བ་མཆུ་དཀར་ཀྱེ།

བརྒྱ་ལ་ཟ་འོག་འདྲ་བའི་ལྷུན་པོ་མེད་ཚེ།

སེམས་པ་འདི་འདྲའི་བག་ལྷོད་དུ་གནས་ཐུབ་བམ།

མེས་རྒྱལ་གྱི་པང་ཁུག་ཏུ་འཚོ་བའི་བོད་རིགས་མི་དམངས།

བརྒྱ་ལ་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཉི་འོད་འཕྲོས་པ་མིན་ན།

བདེ་སྐྱིད་ཀྱི་ས་བོན་འཚར་སྐྱེ་ཐུབ་བམ།

ཁོའི་སྙན་ངག་རེ་རེ་ལས་ཏང་གི་དྲོད་ཁོལ་དང་མི་རིགས་ཀྱི་འདང་བརྩེ་སྦྲུམ་ཡོད་ཅིང་། རྩྭ་ཐང་གི་གཟུགས་བརྙན་དང་བྱ་གླག་གི་གཤོག་རྩལ། གཙོད་ཀྱི་མཆོང་རྒྱུག་གི་མཛེས་པའང་སྦྲུམ་ཡོད་པས་ལེགས་ཚོགས་རྨད་དུ་བྱུང་།

ཁོས་རང་ཉིད་ཀྱི་ལས་ཀ་དང་གནས་ཡུལ། ཆབ་སྲིད། བརྩེ་འདང་སོགས་སྙན་ངག་ཏུ་བསྒྱུར་ཞིང་། ཐ་ན་མི་དང་བྱ་རིགས། རྒྱ་ཐུག་དང་བག་ལེབ་སོགས་ཀྱང་སྙན་ངག་ཏུ་བསྒྱུར་བ་རེད།

ལོ་དུ་མའི་རིང་གི་འདྲིས་ཆ་ལས། ངའི་བག་ཆགས་སུ་ཟུག་པའི་སྐལ་བཟང་རྡོ་རྗེ་ལགས་ཀྱི་རྩོམ་གཤིས་ནི་དྲང་བཞག་དང་བདེན་ཐུབ་ཅན། ཉེ་འདྲིས་དང་སྤོབས་སེམས་ཅན་ཞིག་ཡིན་ཏེ། ཁོས་མི་གཞན་གྱི་དོན་བྱ་རང་ཉིད་ཀྱི་དོན་བྱ་རུ་བརྩི་ཞིང་། མི་སེར་གྱི་དཀའ་སྡུག་ཕ་མའི་དཀའ་སྡུག་ཏུ་བསམ་པ་རེད།

ཁོས་ང་ལ་བཤད་རྒྱུར། ཁྱོད་རང་དངོས་སུ་མི་དམངས་ཀྱི་ཁྲོད་དུ་སོང་ནས་ལས་བྱས་ཤིང་བབ་ལ་བལྟས། བརྗོད་འདོད་པ་ཐམས་ཅད་བཤད་པའི་ཚེ་ན། ད་གཟོད་བརྩེ་བ་ནི་མི་དམངས་ཀྱི་ཁྲོད་དུ་ཡོད་ཅིང་། སྙན་ངག་གི་ཕ་ཁྱིམ་ཡང་གནས་འདི་རང་ཡིན་པ་རྟོགས་ཐུབ།

ལོ་ཟླ་ལ་བརྩེ་བ་མ་འདྲེས་པས་སྐད་ཅིག་ཙམ་དུ་ང་རང་རྒས་པར་གྱུར་ཞེས་བཤད།

སྐལ་བཟང་རྡོ་རྗེས་བཤད་རྒྱུར། དངོས་གནས་དེ་ལྟར་རེད། ང་རང་ཡང་ཚེ་ཡི་སྨད་དུ་ཐོན་ཡོད།

ང་རང་ལོ་ན88ཡིན། ཁོ་ལོ་ན84རེད། ངེད་གཉིས་ལོ་རྒན་བརྒྱད་བཅུའི་འཕྲང་ལམ་ནས་བསྐྱོད་དེ་དགུ་བཅུའི་འགག་རོང་དུ་སླེབས་ལ་ཉེ།

ཁོས་བཤད་རྒྱུར། ལོ་གྲངས་བརྒྱད་བཅུ་དང་དགུ་བཅུའི་དུས་སྐབས་གང་ཞིག་ཀྱང་ཚེ་གཅིག་གི་སྨད་ཆ་རེད། ངས་དེ་ལ“མི་ཚེའི་མཛེས་ལྗོངས་ཡག་ཤོས་ནི་དགུན་དུས་རེད”ཅེས་བཤད།

ཁོས་བཤད་རྒྱུར། “དགུན་ཁའི་རྟིང་ལ་དཔྱིད་ཀ་འོང་།” ཟེར་ཞོར་མཛུབ་མོས་བུ་མོ་བསྟན་ཏེ་ཚུར་ཕྱོགས་སུ་བོས་ནས། “ཨ་ཁུ”ཞེས་བོས་དང་ཞེས་ཟེར།

ངའི་བུ་མོ་ཞང་ཁྲོན་གྱིས་ཀྱང་། “ཨ་ཁུ་སྐལ་བཟང་རྡོ་རྗེ་བདེ་མོ།”ཞེས་འཚམ་འདྲི་བཏང་། བུ་མོ་གཉིས་ཀྱི་འཚམ་འདྲི་དང་གུས་སྲོལ་འདི་དག་དཔྱིད་ཀ་སླེབས་པའི་སྔ་ལྟས་མིན་ནམ།

ཟླ་བརྒྱད་པ་ནི་གསེར་སྤོས་མེ་ཏོག་བཞད་པའི་དུས་ཚིགས་ཤིག་སྟེ། ཞི་ཨན་གྱི་ནམ་ཟླ་སྔར་བཞིན་ཚ་བ་ཚུགས་ཤིང་། སྒེའུ་ཁུང་ཕྱེ་བ་ན་གསེར་སྤོས་མེ་ཏོག་གི་དྲི་བསུང་འཐུལ་ཡོང་བས། ང་ཚོ་མཛེས་ལྗོངས་འདིའི་ཁམས་སུ་སྤྲོ་སྐྱིད་དང་དགོད་སྒྲས་འཚོས་ཤིང་། དགའ་བ་དང་ལོངས་སྤྱོད་ཀྱིས་རོལ་ཡང་། བསམ་གཞིགས་ཀྱི་རྒྱ་རུའང་ཚུད། གྲོགས་པའི་བརྩེ་འདང་ནི་སྙན་ངག་གི་ཁྲོད་དུ་རྒྱུག་ཅིང་། སྙན་ངག་ཀྱང་བརྩེ་འདང་དེའི་ཁྲོད་དུ་བག་ཉུལ་བྱེད། མཛེས་སྡུག་དང་འོད་སྣང་། དགོད་སྒྲ་དང་བརྩེ་བས་སྙན་ངག་ཀྱང་བཟི་བར་བྱས། དུས་རབས་གསར་བའི་སྣང་བརྙན་དང་མཚར་སྡུག ཀུན་སྤྱོད་བཅས་ཀྱི་སླད་དུ་ཁྱེད་རང་གོམ་སྟབས་ཆེན་པོས་མདུན་དུ་སྐྱོད་ཅིག  སྙན་ངག་པ་སྟེ། ང་ཡི་བློ་གྲོགས་སྐལ་བཟང་རྡོ་རྗེ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།