《མནར་གཅོད་ཀྱི་ལང་ཚོ》ཞེས་པ་བཀླགས་པའི་མྱོང་ཚོར།

《མནར་གཅོད་ཀྱི་ལང་ཚོ》ཞེས་པའི་དེབ་འདི་མཁན་པོ་བསོད་ནམས་དར་རྒྱས་ཀྱིས་རྒྱ་ཡིག་གི་ལམ་ནས་བརྩམས་ཤིང་ཡ་མ་རྒྱལ་མཚན་གྱིས་བོད་ཡིག་ཏུ་བསྒྱུར་ཏེ།ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གནང་བ་ཞིག་རེད།དཔེ་དེབ་འདིས་ཕྱོགས་མང་པོ་ནས་གཞོན་ནུ་རྣམས་ལ་སློབ་གསོ་གཏིང་ཟབ་མོ་བཏང་སྟེ།འཇིག་རྟེན་གྱི་ཡང་དག་པའི་ལྟ་བར་སློབ་སྦྱོང་དང་སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་དེ་དག་ནམ་ཡང་བསྡུ་ལེན་བྱས་ཏེ།རང་གི་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་པར་ཡར་སྐུལ་ཆེན་པོ་གནང་ཡོད་པས་འདིའི་སྐོར་ནས་རང་གི་མྱོང་ཚོར་རགས་ཙམ་ཞུ་འདོད་བྱུང་།

ཁོང་གི་བརྩམས་ཆོས་ཀྱི་སྐོར་ལ།ཁོང་གིས་བསྒྱུར་པའི་ཆོས་དཔེ་ཕྱོགས་བསྒྲིགས《མདོ་སྔགས་ནོར་བུའི་བང་མཛོད》དང་།བརྩམས་ཆོས་ཕྱོགས་བསྒྲིགས《དམ་ཆོས་ནོར་བུའི་བང་མཛོད》 འཆད་ཁྲིད་ཕྱོགས་བསྒྲིགས《ཤེས་རབ་སྙིང་རྗེ་ནོར་བུའི་བང་མཛོད》སོགས་བཞུགས།

《མནར་གཅོད་ཀྱི་ལང་ཚོ》ཞེས་པའི་དེབ་འདི་བསྡོམས་པས་ལེའུ་བདུན་དུ་ཕྱེས་ཡོད།ལེའུ་དང་པོར་ལང་ཚོའི་ངོ་བོ་ཞེས་མི་ཚེ་ཡི་རིན་ཐང་དང་དེ་ཇི་ལྟར་དོན་སྙིང་དང་ལྡན་པར་འཚོ་བ་སྐྱེལ་དགོས་པའི་སྐོར་ནས་གསུངས་ཡོད།ལེའུ་གཉིས་པར་བརྩེ་བ་གང་འདྲ་ཞིག་ཡིན་མིན་སངས་རྒྱས་ལ་དྲིས་ཞེས་འཇིག་རྟེན་མི་རྟག་པའི་སྐོར་དང་འདོད་སྲེད་ཀྱི་སྐོར།བརྩེ་དུང་གི་སྡུག་བསྔལ་སོགས་ཞིབ་རྒྱས་ཀྱིས་གསུངས་ཡོད།

ལེའུ་གསུམ་པར་བྱ་བ་བསྒྲུབ་མཁས་པ་ལས་མི་ཡ་རབས་བྱེད་ཤེས་པ་གལ་ཆེ་ཞེས་བདག་འཛིན་སྤངས་པ་དང་དྲང་བདེན་སྐྱོང་བ་སོགས་ཀྱི་སྐོར་ནས་མང་པོ་གསུངས་འདུག ལེའུ་བཞི་པར་འཇིག་རྟེན་རྟོགས་སད་ཀྱི་གླུ་ཞེས་གཙོ་བོ་འདོད་ཆུང་ཆོག་ཤེས་དང་རང་གཞན་མཉམ་བརྗེའི་སྐོར་ནས་གསུངས་འདུག ལེའུ་ལྔ་པར་ང་ཚོ་ལ་ཅི་མེད་རུང་དད་པ་མེད་མི་རུང་ཞེས་མི་རེ་རེར་སེམས་ཀྱི་གཏད་སོ་རེ་དགོས་ལ་ལྷག་པར་དུ་སྙིང་རྗེ་ལྡན་དགོས་ཚུལ་སོགས་གསལ་པོར་གསུངས་ཡོད།ལེའུ་དྲུག་པར་ཁྱོད་ཀྱིས་གང་བསྒྲུབ་ཐམས་ཅད་གཞན་ལྟར་མི་ཐུབ་པ་ཅིའི་ཕྱིར་ཡིན་ཞེས་མི་གཤིས་ཀྱི་སྐོར་དང་བྱ་བ་སྒྲུབ་སྟངས་ཀྱི་སྐོར་ནས་གསལ་པོར་གསུངས་ཡོད།ལེའུ་བདུན་པར་འགྲོ་བ་ཀུན་ལ་བྱམས་མཁན་སུ་རེད་ཞེས་འཚོ་བ་ཇི་ལྟར་སྡུག་རུང་དགེ་བ་བསྒྲུབ་དགོས་པ་སོགས་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་ཀྱི་སྐོར་ནས་གསུངས་བཤད་གསེར་ནག་ལྟ་བུ་མང་པོ་གནང་འདུག

དཔེ་དེབ་འདི་བཀླགས་པ་བརྒྱུད་བདག་གིས་སྔར་བསླབ་མ་མྱོང་བ་དང་གོ་ཐོས་བྱུང་མ་མྱོང་བའི་ཤེས་བྱ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ་པར་གྱུར།

གཅིག་ནས་དཔེ་ཆ་འདི་ཁ་གསལ་གོ་བདེའི་ངང་གསུངས་ཡོད་པས་རང་ཉིད་ཀྱི་བློ་ཁ་དང་འཚམས་པའི་བསྟན་བཅོས་ཡག་པོ་ཞིག་ཏུ་མཐོང་སོང་།གཉིས་ནས་མི་རེ་རེར་རང་ཉིད་ཀྱི་མི་གཤིས་ལེགས་པོ་ཞིག་ཡོད་དགོས་པར་མ་ཟད།རིག་གནས་གང་ལའང་ཕྱོགས་རིས་དང་འཐེན་འཁྱེར་མེད་པར་སྦྱང་དགོས་པའི་གལ་ཆེན་རང་བཞིན་ལ་གོ་བ་རགས་ཙམ་ཡོད་པར་གྱུར།གསུམ་ནས་མི་ཞིག་ཡིན་པའི་ཆ་ནས་དད་པ་དང་དག་སྣང་དགོས་པར་མ་ཟད།མི་རེ་རེའི་རྒྱུད་ན་བྱམས་དང་སྙིང་རྗེ་མེད་ཚེ།མི་དེ་ནི་དུད་འགྲོ་དང་གཉིས་སུ་མེད་པའི་འཇིག་རྟེན་གྱི་ཡང་དག་པའི་གོ་བ་ལ་རང་གི་ཚོད་ཀྱིས་རྒྱུས་ལོན་རགས་ཙམ་བྱེད་ཐུབ་པར་གྱུར་པ་འདི་ནི་བདག་གི་ཆ་མི་ཚང་བའི་དཔེ་ཀློག་གི་ཟིན་བྲིས་རགས་པ་ཙམ་ཡིན།

མཐར་གཏུགས་ན་དཔེ་དེབ་འདི་ནི་ང་ཚོའི་དགེ་བའི་བཤེས་དང་མཛའ་བོའི་གྲོགས་པོར་འགྱུར་ངེས་ཤིང་དཔེ་དེབ་འདིས་ང་ཚོར་རིག་པ་ཡང་དག་གི་ཤེས་བྱ་ཕུན་སུམ་ཚོགས་པ་མང་པོ་ཞིག་སྩོལ་བར་ཡིད་ཆེས་ཡོད་ཅེས་ཀྱང་ཞུ་སྙིང་འདོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།