ཀྲུང་གོ་བོད་ཀྱི་དྲ་བ།

རྣམ་ཐར་སྐོར་གྱི་དཔེ་ཀློག་གི་མྱོང་ཕྲན་མཐུ་རྔ་ཞོན་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སེང་རྡོར།   སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ད་རེས་ངས་དཔེ་ཆ་བཀླགས་པའི་དགེ་མཚན་དང་མ་བཀླགས་པའི་ཉེས་དམིགས་ཞེས་པའི་ཐུན་མོང་གི་འདོན་པ་དེ་རང་འདོན་རྒྱུ་མིན། ཅི་ལ་ཞེ་ན། དེ་འདྲ་འདོན་མཁན་མང་དྲགས་པས་ངའི་ཁ་ཅིག་གིས་ཇེ་ཉུང་ལ་སོང་ནའང་གང་གི་ཚོད་ཅིག་རེད། ད་ལོར་ངས་རྗེའི་ལྟ་བའི་ལེགས་བཤད་ཆེན་པོ་ལྔ་དང་དུང་དཀར་ཚང་གི་གསང་འདུས་དཀའ་འགྲེལ་གྱི་པོད་ཆེན་གཉིས་སོགས་ལ་བྱི་བའི་ཁམ་ཚོད་དང་ཞི་ལས་ཟིན་ཚོད་བྱས་ཡོད་པས། དེ་དག་གི་ཐད་ནས་ཀྱང་དཔའ་བསྐྱེད་དེ་རགས་ཙམ་ཞུས་ན་མི་འགྲིག་པ་ཅི་ཡོད་ཀྱང་། དེང་སང་གི་མི་དག་ནི་རྩ་བའི་ཆ་ནས་གཞུང་གི་སྲ་ཆ་ལ་ཐུགས་མི་དགྱེས་ཤིང་སྐྱིད་གཏམ་སྡུག་གཏམ་གྱི་སྙི་ཆ་ལ་འཇུག་སྤྲོ་བས་དང་། གྲོགས་པོ་ལ་ལས་ད་ལན་ངེས་པར་དུ་རྣམ་ཐར་གྱི་སྐོར་ནས་ཡིན་ཨ་ཞེས་གཏོང་ཡང་མི་གཏོང་བས་ན། རེ་ཞིག་འཆད་བྱ་རྣམ་ཐར་གྱི་ཐོག་ནས་ཚང་མ་དང་ལྷན་དུ་མྱོང་ཕྲན་ཞིག་མཉམ་སྤྱོད་བྱའོ། །

དེ་ལ་ཀོང་སྤྲུལ་རྣམ་ཐར་ཟེར་དུས་སྨན་དྲི་ཞིག་བྲོ་ཡོང་ལ། གཙང་སྨྱོན་རྣམ་ཐར་ཟེར་དུས་དུར་ཁྲོད་ཅིག་མཐོང་ཡོང་ཞིང་། ས་པཎ་རྣམ་ཐར་ཟེར་དུས་ཐལ་སྒྲ་ཞིག་ཐོས་ངེས་ལ། ཆག་ལོའི་རྣམ་ཐར་ཟེར་དུས་སྦ་དབྱུག་ཅིག་ལྡེམ་འོང་སྟེ། ལར་ལྷ་མོའི་རྣམ་ཐར་བརྒྱད་སོགས་ཟེར་དུས་ནི། འཁྲབ་རྒྱུ་ལྡིང་རྒྱུ་ཁ་ཚང་ཞིག་དང་ལེན་རྒྱུ་གྱེར་རྒྱུ་ཆ་འགྲིག་ཅིག་གོ་བར་བྱེད་དོ། །

ངས་མི་ལ་རས་པའི་རྣམ་ཐར་དུ་དེང་སང་གི་ནུས་མང་ལྟེབ་གྲི(多功能刀具)ལྟ་བུ་ཞིག་མཐོང་སོང་ལབ་ན་ཁྱོད་ཚོ་ཡིད་ཆེས་རྒྱུ་མ་རེད་ཨང་། འདི་སྐད་དུ། གྲི་ཆུང་རྩེ་མོས་སྙུང་འོང་བ། ལྟག་པས་མེ་ཐོན་པ། སོས་གྲི་འོང་བ་གཅིག་ཅེས་སོ། ། གནའ་རྩོམ་རྣལ་མ་ཞིག་ལས་ད་རྫས་ཁོ་ཐག་འདྲ་བོ་ཞིག་རྙེད་པས་ཐོག་མར་དགོད་ཀྱང་བྲོ་ལ། གནའ་དང་མ་ཞིག་ནས་བོད་ལ་མེ་ཆ་ཚགས་དམ་པོ་ཡོད་པར་དཔགས་ན། ཁྱད་པར་ཅན་གྱི་ཅ་ལག་གཞན་ཡང་མེད་མི་སྲིད་སྙམ་ནས་བར་དུ་ཡ་ཡང་མཚར་སྟེང་། ངས་རྣམ་ཐར་འདི་ཐེངས་གྲངས་དེ་ཙམ་ཞིག་བཀླགས་མོད་ད་བར་དུ་དོན་དག་འདིར་སྣང་བ་མ་བྱུང་ནི། རྒྱུ་གང་གིས་ཡིན་ནམ་འདོད་དེ་མཐར་ཅི་མ་ཡིན་དུ་ལུས་སོ། །

འཇམ་བཞད་སྐུ་ཕྲེང་དང་པོའི་རྣམ་ཐར་དུ་ཁོང་བྱིས་པའི་དུས་སུ་ནད་ཀྱིས་ཆེར་མནར་བ་དང་། ཇོ་ནང་ཏཱ་ར་ནཱ་ཐའི་རྣམ་ཐར་དུ་ཁོང་བཙས་པའི་སྐབས་ན་གྲོད་པུ་འདྲ་བོ་ཞིག་ཏུ་ཡོད་ཅིང་ནད་ཀྱིས་ཀྱང་ཡུན་རིང་ལ་ཟིན་ཞེས་དང་། རས་ཆུང་བའི་རྣམ་ཐར་དུ་རས་ཆུང་བ་ཁོང་ཡང་མཛེ་ནད་འདྲ་བོ་ཞིག་གིས་ལོ་མང་པོར་གཟིར་ལུགས་བཤད་ཡོད་པ་བཅས་ནི། ངས་རྣམ་ཐར་ཁག་བཀླགས་པའི་ཁྲོད་ནས་ཅུང་བརྗེད་རྒྱུ་མེད་པའི་གནད་རེ་ཡིན་པར་རློམ་མོ། ། དེ་ནི་ང་རང་ཉིད་ལ་ན་རྒྱུ་ཚ་རྒྱུ་ཅུང་རེ་ཡོད་པས་ཀྱང་ཡིན་ཐང་ངོ་། །

སྲས་དར་མ་མདོ་སྡེའི་སྐོར་ནི་རྭ་ལོའི་རྣམ་ཐར་དང་། སྒྲ་སྒྱུར་མར་པའི་རྣམ་ཐར་དང་། མི་ལ་རས་པའི་རྣམ་ཐར་དང་། རས་ཆུང་བའི་རྣམ་ཐར་སོགས་རྣམ་ཐར་མི་འདྲ་བ་བདུན་ཙམ་ལས་མཐོང་ཐུབ་ལ། རྭ་ལོས་སྲས་དར་མ་མདོ་སྡེ་བསད་མ་བསད་ཀྱི་སྔ་ཕྱི་བར་གསུམ་ལ་རྣམ་ཐར་བདུན་པོ་ལས་ཁུངས་སྣེ་བཙལ་ཏེ་བསྡུར་ན། དེང་སང་གི་མྱུལ་དཔྱད་སྒྲུང་གཏམ་ཞིག་གི་ཚོད་ཅིག་བརྡལ་ཆོག་པ་ཡོད་ཅིང་། དེ་ལའང་སྐྱེ་བོ་གཞན་མང་པོའི་ཡག་རྣམ་བཙོག་རྣམ་སྣ་ཚོགས་ཀྱིས་ཞར་དང་ཞོར་ལ་མདུད་པ་ཐེབས་པར་འགྱུར་རམ་ཡང་སྙམ་མོ། །

ཇོ་ནང་ཏཱ་ར་ནཱ་ཐས་རྭ་ལོ་ནི་ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་ཚོད་ཅིག་ཕྱུག་ཁར། བོད་ཀྱི་བླ་མ་ཕལ་མོ་ཆེ་རྭའི་ཆོས་འོག་ཏུ་ཡོད་ལུགས་གསུངས་པ་དང་། རྭ་རྣམ་དུ། རྭ་ལོས་བལ་པོའི་བླ་མ་བྷ་རོ་ཞེས་པའི་གམ་ནས་ཡི་དམ་འཇིགས་བྱེད་ཅེས་པ་བདེ་བླག་གིས་རྙེད་པ་དང་། བླ་དྲག་མི་དྲག་མང་པོས་དུས་རིང་པོར་འཇིགས་བྱེད་ལ་དུད་འགྲོ་ཞེས་བརྙས་པ་དང་། རྭ་ལོས་ཐབས་བརྒྱ་ཇུས་སྟོང་གིས་མི་རྣམས་འཇིགས་བྱེད་ལ་དད་པར་བྱས་པའི་སྐོར་ཚོ་དེ་དག་ནི། དུས་ཐོག་དེ་དང་དེའི་ཕྱིས་ཀྱི་རྣམ་ཐར་ཧ་ཅང་མང་པོ་དང་འབྲེལ་བ་འདུག་ལ། དེ་ཡང་། དར་མ་མདོ་སྡེས་ཐོག་དྲངས་པའི། ། རྡོ་རྗེ་འཛིན་པ་བཅུ་གསུམ་བསད། ། དམྱལ་བར་སྐྱེས་ཀྱང་འགྱོད་པ་མེད། ། འོད་ཟེར་འབུམ་མེས་ཐོགས་དྲངས་པའི། ། ཕྱག་རྒྱ་ན་ཆུང་ལྔ་ཙམ་བླངས། ། ཆགས་པར་སོང་ཡང་འགྱོད་པ་མེད། ། ཡི་དམ་རྡོ་རྗེ་འཇིགས་བྱེད་ལ། ། ཐེ་ཚོམ་མེད་པའི་བློ་ཕུགས་གཏད། ། ལོག་ཆོས་ཟེར་ཡང་འགྱོད་པ་མེད། ། ཅེས་པའི་ཤུགས་སུའང་བཙན་གཉོམ་རིང་ཐུང་གི་དབྱེ་བ་མང་ཐག་ཆོད་ཅིག་གོ་རྒྱུ་ཡོད་པ་གདོན་མི་ཟའོ། །

དྭགས་པོ་ཟླ་འོད་གཞོན་ནུ། སྒམ་པོ་བ། ལོ་རས་པའི་རྣམ་ཐར་སོགས་ཀྱང་ངའི་ཡིད་རིའི་རྩེ་ལ་ཐོགས་པའི་ཆར་སྤྲིན་སྟུག་པོ་རྐྱང་ཡིན་པས། ཁོང་བཀའ་བརྒྱུད་གསེར་རིའི་ཕྲེང་བ་དང་ངའི་བར་ནའང་རིང་མོ་ཞིག་གི་ཕར་སྤྲོད་ཚུར་ལེན་གྱི་བག་ཆགས་སམ་ཅི་ཞིག་ཡོད་ལས་ཆེའོ། ། དེ་བཞིན་དུ་ཕ་ཅིག་དམ་པ་དང་མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ལས་ཀྱང་དིང་རི་བརྒྱད་ཅུ་པ་སོགས་བློ་ལ་རང་འཇགས་སུ་ངེས་པར་གྱུར། སྟག་ཤམ་ནུས་ལྡན་རྡོ་རྗེ་སོགས་ཀྱིས་བྱས་པའི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་ཁག་ཀྱང་རྙོག་དྲ་ཚ་ཞིང་ཚོར་བ་སྐྱེན་པ་ཤ་སྟག་ཏུ་ཟད་ལ། ཕྲན་རང་ཆུང་དུས་ཤིག་ནས་སློབ་དཔོན་པད་མའི་རྣམ་ཐར་འདྲ་མིན་སྣ་ཚོགས་ལ་མཇལ་རྒྱུའི་སྐལ་བ་བྱུང་བས། ད་ཚོད་སུ་ཞིག་གིས་ང་ལ་གེ་སར་གྱི་སྒྲུང་དང་པད་འབྱུང་གི་རྣམ་ཐར་གཉིས་ཀྱི་གང་མང་ངམ་ཞེས་འདྲི་བའི་དབང་དུ་བཏང་ན། ངས་མང་ཉུང་ཨེ་ཡོད་དམ་ཞེས་ལན་དུ་གདབ་སྲིད་དོ། །

བཻ་རོ་ཙ་ན་དང་ཡེ་ཤེས་མཚོ་རྒྱལ། ཁྲི་སྲོང་ལྡེ་བཙན་དང་པདྨ་འབྱུང་གནས་བཅས་ཀྱི་རྒྱུན་ཐག་དེ་བརྒྱུད་ནས་བལྟས་ན། ང་ཚོས་འདོད་པའི་འདམ་དང་ཆགས་པའི་ཉ། བྱམས་སྡང་གི་འོབས་དང་དགའ་སྡུག་གི་གཟིངས་སོགས་ཚེགས་མེད་དུ་རིག་ཐུབ་བོ། ། གྲུབ་ཆེན་ལྕགས་ཟམ་པའམ་ཐང་སྟོང་རྒྱལ་པོ། ཡང་ན་བརྩོན་འགྲུས་བཟང་པོའང་ཞུ་བ་དེའི་རྣམ་ཐར་དང་། འབྲུག་རྣམ་ཧ་ལེ་ཧོ་ལེ་དང་སྐྱག་གཏད་གང་ཡང་མེད་པ། སྡེ་སྲིད་ཀྱི་ཚངས་རྣམ་གསེར་སྙེ་མ། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱིས་སོག་པོའི་ཝང་ཞེས་པའི་ཆུང་མ་བུ་ཕྲུག་གི་བདག་པོ་ཁ་དྲག་ཅན་ཞིག་བླ་མར་བསྟེན་པའི་རབས་དང་། འོལ་དགའ་བཞད་རྡོར་དང་འགོས་ལོ་ཆེན་པོ། འཇིགས་གླིང་གི་རྣམ་ཐར་སོགས་ཀྱང་ལན་ཁ་ཡར་དུ་རྣ་བའི་བུ་རམ་ལ་བཟུང་མྱོང་ངོ་། །

རྗེ་སྒྲོལ་བའི་མགོན་པོའི་རྣམ་ཐར་ངེས་པར་བརྗོད་པའི་དེབ་གཏེར་ཤིན་ཏུ་ཞིབ་མོ་མ་བཅོས་ལྷུག་པའི་རྟོགས་བརྗོད་ཅེས་བྱ་བ་དང་། ཁོང་གིས་མཛད་པའི་ཐུབ་རྣམ་གཉིས་པོར་མི་ཟད་པའི་བྲོ་བ་ཞིག་གིས་ངེས་ངེས་ཁྱབ་ཡོད་དོ། ། རྗེ་བློ་བཟང་དཔལ་པའི་རྣམ་ཐར་ཆེ་འབྲིང་ཆུང་གསུམ་དང་། ལྕང་རྣམ་དང་སུམ་རྣམ། ལྔ་བའི་དུ་ཀཱུ་ལའི་གོས་བཟང་སྟོད་བར་སྨད་གསུམ་དང་། དྲུག་པའི་གསང་རྣམ་ལྷ་བཙུན་པས་བྲིས་པ། གཞན་རྣམ་ཐར་བཙན་པོ་མ་སོགས་ནི་ཀུན་ལ་ཤིན་ཏུ་གྲགས་ཆེ་ཁར། དམ་དུམ་རེ་བཀླགས་མེད་མཁན་ཡོད་ཀྱང་མི་སྲིད་པས། འདིར་མཛོ་བདག་ལ་མཛོ་རྒྱུས་བརྗོད་པའི་ངལ་བ་རེ་ཞིག་སྤངས་སོ། །

དེ་མིན་རྣམ་ཐར་དང་རྟོགས་བརྗོད་གཉིས་ཀྱི་བར་ན་སོར་གང་ལས་མེད་པས། འདིར་རྟོགས་བརྗོད་ཀྱི་དྲས་རས་འགའ་ཡང་འཇོག་པར་བྱའོ། ། བཀའ་བློན་རྟོགས་བརྗོད་ཀྱི་རྩོམ་པ་པོས་ཁོང་ལ་རེག་དུག་བྱུང་ཡོད་ཚུལ་སྦ་གསང་མེད་པར་བྲིས་ཡོད་པ་དང་། མི་དབང་རྟོགས་བརྗོད་དུ་ཕོ་ལྷ་བར་ཆུང་མ་བླངས་པའི་གནས་ཚུལ་གྱི་ལེའུ་སོགས་སུ་གནའ་ཉམས་དང་ལྡན་པའི་དགའ་ལུགས་དང་མགུ་ལུགས། འདོད་ཐག་དང་ཁ་གཤིས་སོགས་ཅི་བས་ཀྱང་བདེ་བ་ཞིག་བརྩམས་སྣང་ལ། དགའ་བཞི་བའི་བྱུང་བརྗོད་དམ་རྟོགས་བརྗོད་དུའང་གོས་དར་ཕྲུག་ཟ་འོག་གི་རི་མོ་ཚུན་ཆད། ནོར་ཨ་ཤེ་མར་ལྟང་གི་དབྱིབས་མདངས་ཕན་ཆད། དུས་སྐབས་ཤིག་གི་རྩོམ་སྟངས་དང་འཇིག་རྟེན་རྙིང་པའི་བརྡ་མཛོད་ཀྱིས་ལུ་གུ་རྒྱུད་དུ་སྤེལ་ཡོད་ཙང་། སྐད་ཆའི་ནོར་བུ་དང་སྨྲ་སྒོའི་གཡང་རུ་ཞེས་པ་འདི་འདྲ་རེ་ལོས་ཡིན་སྙམ་དུ་སེམས་ཀྱང་གཡོ་བར་བྱེད་དོ། །

དེ་ཡང་རྣམ་ཐར་གྱི་འབྲི་ལུགས་ལ་མདོ་མཛངས་བླུན་སོགས་ཀྱི་དབྱིབས་ཏེ་སྟོན་པ་གཅིག་གི་སྲད་བུ་ལ་འདས་མ་འོངས་ད་ལྟ་གསུམ་གྱིས་རན་པར་སྦྲེལ་བ་ཅན་དང་། རང་རྣམ་རྐྱང་བའི་ཚུགས་ཀ་ཅན་དང་རང་རྣམ་ཕྱེད་ཅན། ཞུས་ལན་མེ་ཏོག་དགུ་ཕྲུགས་ཅན་ཏེ་བཀའ་གདམས་པའི་རྣམ་ཐར་ལ་སྤྱད་མང་བ་དེ་དང་། དང་པོར་ཐོས་པ། བར་དུ་གདམས་པ། མཐའ་མར་ཉམས་ལེན་བྱས་ཚུལ་གྱི་སྒྲོམ་དེ་ཡང་རབ་ཅིག་བྲིན་ཆེའོ། ། མིང་གི་འདོགས་ཚུལ་གྱི་སྒོ་ནས་ཀྱང་། ཀུན་ཁྱབ་རྔ་སྒྲ་ལྟ་བུ་ལ་གཡུལ་རྣམ་དང་། དམ་ཅན་རྒྱ་མཚོའི་རྣམ་ཐར་ལྟ་བུ་ལ་དྲེགས་རྣམ། སླེང་ལུང་པ་དང་ཀུན་ལེགས་པའི་སྐོར་འགའ་རེར་འདོད་རྣམ་ཡང་ཟེར་ཆོག་པ་འདྲ། སྐྱོ་ཤས་ངེས་འབྱུང་རྩལ་དུ་བཏོན་པ། གཡའ་ཁྲོད་གངས་ཁྲོད་རྒྱན་དུ་བྱས་པ། དད་པ་དམ་ཚིག་སྲོག་ཏུ་བྱས་པ་ནི་ཕལ་ཆེར་ལ་ཡོད་པས་རེ་རེའི་གཉིས་རེའི་ཁྱད་ཆོས་སུ་ཅུང་མི་འགྲོ་བ་ཡིན། ཀུན་བཟང་བདེ་སྐྱོང་དབང་མོ་བདེ་བའི་རྡོ་རྗེའི་རྣམ་ཐར་གྱིས་ཐོག་དྲངས་པའི་བུད་མེད་སྐོར་གྱི་ཡི་གེ་ཡང་རྦད་དེ་ཕོན་ཆེན་པོ་མཆིས་པས། དེའི་རིགས་སྤྱིར་བཏང་མོ་རྒྱུད་ཀྱི་ལྷ་ཚོགས་དང་བསྡེབས་ནས་ཀྱང་ཡོད་པས་གཅིག་བཀླགས་པས་ཀུན་བཀླགས་པའི་གོ་ཡང་ཆོད་ཚོད་རེད་དོ། །

རང་གསལ་ཨཱ་དར་ཤ་ཡིས་མཚོན་པའི་ཉེ་རབས་དང་དེང་རབས་ཀྱི་རང་རྣམ་སྐོར་ཞིག་ཀྱང་མ་ཆད་མ་ལུས་པར་བཀླགས་ཚར་མོད། ཞིབ་པར་གླེང་ན་ཅིས་ཀྱང་མི་འགྲིག་སྟེ། དེ་རིང་གི་རྩོམ་འདི་རྒྱལ་སྤྱིའི་དཔེ་ཀློག་ཉིན་མོའི་སྐལ་བ་དེ་ཀ་ཡིན་པས། པར་ངོས་ཚད་བཀག་ལ་བསྟུན་ཏེ་ངེས་པར་ཐུང་ཡང་དགོས་པས་སོ། །

དེས་ན་མཇུག་མཐའི་སྡོམ་དུ་ལབ་འདོད་པ་ནི། ངས་དཔེ་ཆ་རྩོམ་ཞིང་ཀློག་པ་ནི་མིའི་ལས་ཀ་ཐམས་ཅད་ཀྱི་རྩེ་མོ་རེེད་ཅིག་གཏན་ནས་འདོད་ཀྱི་མེད་ལ། ས་མཆོངས་གནམ་མཆོངས་རྒྱག་དགོས་པའི་ཆེ་བ་ཞིག་ཡོད་འདང་ཡང་བྱས་མེད་ཁར། ཡང་ལས་འདི་དང་འབྲོག་པས་ཕྱུགས་འཚོ་བ་དང་རོང་པས་ཞིང་འདེབས་པ་བཅས་ཀྱི་བར་དུ་དེ་འདྲའི་མཐོ་དམའ་བཟང་ངན་ཞིག་ཡོད་པར་ལྷག་ཏུ་མི་འདོད་མོད། ངང་གིས་ཐོབ་པའི་བྱ་བ་འདིར་ད་ནི་གོམས་ཀྱང་དྲགས་པས་ལས་སླ་པོས་ནི་བསྐྱུར་རང་མི་ཐུབ་པས། རང་གིས་རང་ལ་ཚོད་དཔག་ཅིག་བྱས་ན་ཀློག་པ་ཐོས་བསམ་གྱི་འཁོར་ལོ་འདི་འཆི་རག་བར་དུ་བསྐོར་ནའང་ཁྲིགས་ཁྲིགས་མེད་སྙམ་པ་ཞིག་ཡོད་དོ། ། བཀྲ་ཤིས་བདེ་ལེགས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།