ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་ཚང་གཡང་སྡེ་ཕྱུག་མོའི་ལོ་གསར་སྐྱིད་པོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དེ་ཡང་བོད་ཀྱི་ཁ་དཔེར“རྒྱ་ལོ་ཚེས་གཅིག་མ་གཏོགས་ཟས་མི་ཟ། ། དྲུག་པའི་ཀླུ་རོལ་མ་གཏོགས་གོས་མི་གོན”ཟེར་བ་བཞིན། ལུགས་རྙིང་ལོ་གསར་ནི་ལོ་འཁོར་ཟླ་བ་བཅུ་གཉིས་ཁྲོད་ཆེས་གཟབ་རྒྱས་ཀྱི་དུས་ཆེན་ཞིག་ཡིན་ལ། རང་རེ་བོད་ཀྱིས་ཀྱང་ལོ་གསར་ནི་རྟེན་འབྲེལ་ཀུན་གྱི་ཐོག་མར་བགྲངས་ཏེ། རྒན་མགོ་དཀར་དགུང་ལོ་བརྒྱད་ཅུར་སོན་པའི་བརྒྱད་ཅུ་གྱ་སྟོན་ཡིན་ནའང་འདྲ། གཞོན་ན་སོ་དར་ཞིང་འཇིག་རྟེན་མཐུན་འཇུག་གི་ལས་ལ་འཇུག་པའི་གཉེན་སྟོན་གྱི་ཆོ་ག་སྤེལ་བ་ཡིན་ནའང་འདྲ། རྟགས་སྟོན་མོ་གང་ཡོད་ཅི་ཡོད་ཐམས་ཅད་ལོ་གསར་ཚེས་མགོར་འཇོག་ཅིང་། ཟས་ཞིམ་པོ་གང་འཛོམས་ཅི་འཛོམས་མ་ལུས་སྡེར་ཁར་བསྒྲིགས་ནས་སྐྱིད་ཀྱི་ལོ་གསར་ལ་རོལ་བ་རེད།

ད་ལོ་ཡང་སྔོན་ལོ་དག་དང་འདྲ་བར། གུང་གསེང་གི་དུས་ཚོད་ཐུང་ཐུང་འདི་བེད་སྤྱད་དེ་རྒྱ་ལོ་ཚེས་གསུམ་ཉིན་རང་ཉིད་ཀྱི་སྐྱེས་ས་སྐྱེས་ཡུལ་ཏེ་ཕ་ཡུལ་རྒྱ་ཚང་གི་ནང་མི་སྤུན་ཟླ་ཡོངས་ལ་ལོ་གསར་འཚམས་འདྲིར་སོང་བ་ཡིན། སྡེ་བའི་ནང་འབྱོར་དུས་གླུ་བ་ཞིག་གིས་གླུ་སྐད་སིང་སིང་དང་བཅས་གླུ་ལེན་བཞིན་པ་ཐོས་འོངས་ཤིང་། དེ་ནི་རང་སྡེ་བའི་སྤྲོ་ཚོགས་ཆེན་མོ་མགོ་བརྩམས་པའི་ཉིན་མོ་ཡིན་པ་ཁོ་ཚོས་མ་བཤད་ཀྱང་ངས་ཤེས་ཡོང་། ཕུ་བོ་དང་སྲུ་མོ་སོགས་ཀྱིས་དགའ་བ་འབུམ་གྱིས་མྱོས་ཏེ་ངེད་མ་བུ་ཚོ་ཁྱིམ་དུ་བསུས་ཤིང་། ཤ་མར་གྱི་སྡེར་ཁ་བསྒྲིགས་ཤིང་ཇ་ཆང་གི་མཚོ་མོ་བསྐྱིལ་ལ། སིལ་ཏོག་སྣ་ཚོགས་ཅོག་ཙེ་གང་བཤམས་ཡོད་པ་ནི་ལོ་འདི་འགར་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ག་ས་ཀུན་ཏུ་ལོ་གསར་ལ་རོལ་སྟངས་རྒྱུན་ལྡན་ཞིག་ཡིན་མོད། འོན་ཀྱང་ཕུ་བོ་ཚང་གི་སྡེར་ཁའི་ཁྲོད་སྔོན་ལོ་དག་ལ་མཐོང་མྱོང་མེད་པའི་སིལ་ཏོག་སྣ་ཚོགས་མཐོང་ཐུབ་པ་དང་། དེ་ཡང་ཁོ་ཚོའི་ལོ་གསར་ལོ་རེ་བཞིན་ཇེ་བཟང་ལ་འགྲོ་བཞིན་པའི་རྟགས་རེད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད་པ་འདྲ། ཕུ་བོ་དང་སྲུ་མོ་སོགས་ལ་ལོ་གསར་ལེགས་སྐྱེས་སོགས་བྱིན་ཚར་བ་དང་། དྲན་པའི་ཁྲོད་ཀྱི་ཤ་ཚོད་དང་འབྲས་སིལ་ཞིམ་པོར་རོལ་རྗེས། ངེད་ཅག་མཉམ་དུ་བསྡད་དེ་ལོ་གསར་སྐོར་གྱི་ཁ་བརྡ་འདྲ་མིན་གློད་པ་ཡིན། བར་སྐབས་ཤིག་ཏུ་སྲུ་མོས་གཟེངས་རྟགས་ཡི་གེ་ཞིག་དང་ཚ་དེམ་གསར་པ་ཞིག་ཁྱེར་ཡོང་ནས“འདི་བུ་མོ་ཆུང་བས་བླངས་པའི་དགའ་རྟགས་རེད། ཨེ་ངར་གི”ཞེས་དྲིས་བྱུང་། ངས་གཟེངས་རྟགས་ཡི་གེར་བལྟས་པ་ན། རང་སྡེ་བའི་སྤྲོ་ཚོགས་གཙོ་སྒྲུབ་ཚན་ཆུང་གིས་གནང་བ་ཤེས་ཡོང་། སྲུ་མོས་བཤད་ན་སྡེ་བའི་ནང་ལོ་ཚོད་ཀྱི་གོང་འོག་ལྟར་ཚོགས་པ་མང་པོ་བཙུགས་ཡོད་ལ། ལོ་རེའི་སྡེ་བའི་སྤྲོ་ཚོགས་དེ་ཚོགས་པ་རེ་ཡིས་རེས་མོས་བཞིན་འགན་ཁུར་ཏེ་སྒྲུབ་ཀྱིན་ཡོད། ཚོགས་པ་གང་ཡིན་ཡང་སྤྲོ་ཚོགས་མགོ་བརྩམས་མགོར་ལོ་ཧྲིལ་པོའི་ནང་སྡེ་བར་དོན་བཟང་བསྒྲུབས་མཁན་གྱི་མི་དང་སློབ་གྲྭའི་ནང་སློབ་སྦྱོང་གི་འབྲས་བུ་བཟང་བའི་སློབ་མ་རྣམས་ལ་སྡེ་མིའི་མདུན་ནས་གཟེངས་རྟགས་བྱ་དགའ་གནང་བ་རེད་ཟེར། ང་དང་ཁྱོ་གས་མགྲིན་གཅིག་ཏུ“དེ་ནི་ངོ་མ་སྲོལ་ཡག་པོ་རེད། སྲོལ་ངོ་མ་ཡག་གི”ཞེས་བསྔགས་པ་ཡང་ཡང་བརྗོད་ཅིང་། ངའི་བསམ་པར་འདི་ལྟ་བུའི་རྫ་མགོ་མཐོན་པོའི་རི་སྡེ་ཞིག་ནས་ལོ་གསར་སྤྲོ་ཚོགས་འདི་ལྟ་བུ་ཞིག་འཚོགས་པ་ནི་ཅི་འདྲའི་ཡིད་འགུལ་ཐེབས་པ་ཞིག་དང་། ལོ་གསར་རོལ་སྟངས་ཁྱད་པར་ཅན་ཞིག རིག་གནས་ཀྱི་སྣང་ཚུལ་སྟུག་པོ་ཞིག་ཆགས་ཡོད་པའི་རྟགས་རེད་ཨང་སྙམ་མུར་སེམས་པ་འདི་རེ་ཞིག་དགའ་བདེའི་དཔལ་གྱིས་མྱོས་སོང་། ཏག་ཏག་སྐབས་དེ་ལ། ཚ་བོ་སངས་ལོ་ཡང་ཆེད་དུ་ང་ཚོར་འཚམས་འདྲིར་ཐོན་པ་དང་། ངས་དེ་མ་ཐག་ད་ལོའི་ལོ་གསར་སྤྲོ་ཚོགས་སྐྱིད་པོ་རེད་དམ། སྤྲོ་ཚོགས་ཉི་མ་དུ་ལ་འཚོགས་རྩིས་ཡོད་སོགས་དྲིས་པ་ན། ཚ་བོས་དེ་རིང་སྤྲོ་ཚོགས་མགོ་བརྩམས་པའི་ཉིན་མོ་ཡིན། དེ་རིང་ཉིན་གང་བོར་གླུ་ལེན་གར་རྩེད་བྱེད་རྒྱུ་ཡིན་པ་དང་། སང་ཉིན་ནས་བཟུང་ཚོ་ཁག་བར་གྱི་ལྒང་ལི་འགྲན་སྡུར་དང་སྒྱེ་མོ་འགྱོགས་པ། གླང་ཆེན་ས་གཤགས། ད་དུང་འགྱིག་འདེབས་པ་སོགས་རྩེད་མོ་སྣ་ཚོགས་ཡོད་པས། ཁྱོད་ཚོ་ཡང་བལྟ་རུ་ཤོག་དང་ངོ་མ་སྐྱིད་པོ་རེད་ཟེར། ངས་ཚ་བོར་ལྒང་ལི་འགྲན་སྡུར་དེ་སྔར་ཞིག་ནས་ཡོད་མོད། འོན་ཀྱང་སྲོལ་རྒྱུན་གྱི་རྩེད་མོ་དེ་དག་ན་ནིང་དོ་ཚིགས་ལ་ཕྱིར་དར་འདུག ངོ་མ་བཟང་གི སྔར་སྲོལ་རྒྱུན་འཛིན་བྱས་ན་ངོ་མ་བཟང་གི་ཞེས་ཆེ་མདོག་ཅིག་བསྟན་ནས་དེ་ལྟར་བརྗོད་པ་ཡིན། གང་ལྟར་ལོ་གསར་མཉམ་འཛོམས་ཀྱི་གླགས་དང་བསྟུན་ནས་རིག་གནས་དང་སྲོལ་རྒྱུན་སོགས་ཕྱོགས་གང་ཅིའི་ཐད་ནས་མ་ཉམས་གོང་སྤེལ་དང་ཉམས་པ་སོར་ཆུད་བྱེད་པ་འདི་ནི་སྲོལ་བཟང་པོ་ཞིག་ཡིན་པ་བསྙོན་དུ་མེད་དོ། །

ཕྱི་ཉིན་ང་རང་སྔར་སྲོལ་ལྟར་སྡེ་བའི་ནང་གི་ཨ་ཁུ་ཨ་ནེ་དང་ལོ་ལོན་རྒན་རྒོན་རྣམས་ལ་ལོ་གསར་འཚམས་འདྲིར་ཕྱིན་པ་ཡིན། ཨ་ཅེ་ཚང་གི་སྒྱུག་མོ་ད་ལོ་དགུང་གྲངས་གྱ་གསུམ་ལ་སོན་ཡོད་ནའང་། མིག་གསལ་ཞིང་རྣ་བས་གོ་ལ། ངེད་ཚོ་རེ་རེའི་མིང་ནས་མི་འཆུགས་མི་ཐོགས་པར་འབོད་ཐུབ། ངས་ཁོ་མོར་ལོ་གསར་གྱི་འཚམས་འདྲི་དང་ལེགས་སྐྱེས་ཕུལ་རྗེས་མོའི་གམ་ནས་བསྡད་པ་དང་། མོས་ང་ཚོར་ཟོ་དང་འཐུངས་ཞེས་ཡང་ཡང་བཤད་ལ། ངས་ཟ་གི་ཡོད་འཐུང་གི་ཡོད་ཅེས་ལན་འདེབས་ཞོར། “ལོ་གསར་ལོ་རེ་བཞིན་འགྱུར་གྱིན་འདུག ཇེ་བཟང་ནས་ཇེ་བཟང་རེད”ཅེས་བཤད་པ་ན། མོས་འདོད་ཐོག་ལ་རྟ་བརྒྱུགས་པ་བཞིན་དེ་མ་ཐག“ངོ་མ་རེད། གོང་མ་ཚང་གི་བཀའ་དྲིན་ན། ལོ་གསར་ལོ་རེར་བལྟས་ན་ལོ་རེར་བསྒྲིགས་ནོ་ངར་གི སྔོན་ཆད་སྤྱི་ཚོགས་རྙིང་པར་སྡུག་མི་མྱང་རྒྱུ་ཞིག་མྱང་དགོས། དེའི་ཚོད་ཀྱི་ཟ་རྒྱུ་འཐུང་རྒྱུ་ཡང་མེད། ད་སྐབས་ད་སྟོན་ཁ་ཐོན་ན་ཞིང་འཕྲུལ་ཆས་ཀྱིས་བྲེགས་འགྲོ་ཀི སྡུག་མྱང་མི་དགོས་ཀི དགུན་ཁ་ཐོན་ན་མ་སྲུ་ཚོ་ནགས་འཐུ་རུ་འགྲོ་མི་དགོས་ཀི ཚང་མས་རྡོ་སོལ་ཉོས་ནས་འབུད་ཀྱིན་ཡོད། ལོ་གསར་ཐོན་ན་ཁྱོད་ཀྱིས་ཟ་རྒྱུ་འཐུང་རྒྱུ་བརྩིགས་ནོ་ལྟོས་དང་། ད་རུང་ཁྱིམ་ཚང་རེ་རེ་ནས་བྱིས་པ་ཚོར་ལོ་སྐལ་ལ་ཀ་ར་བྱིན་པས་མི་ཚད་སྒོར་མོ་ཡང་སྟེར་གྱིན་འདུག ངོ་མ་སྲིད་ཇུས་ཡག་གི་ཡ ”ཞེས་མང་པོ་མང་པོ་ཞིག་བཤད་སོང་། ངོ་མ་བདེན་ཏེ། ལོ་འདི་འགར་ང་ཚོས་བལྟས་བལྟས་རིག་རིག་ལ་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་དང་འབྱུང་བཞིན་འདུག……

ཉིན་དེའི་དགོང་མོར། ངེད་སྡེ་བའི་ལོ་གསར་དགོང་ཚོགས་འཚོགས་ཀྱིན་ཡོད་ལ། ཨ་སྲུས་བཤད་ན་མོ་ཡང་དོ་དགོང་སྐོར་བྲོ་རྩེད་ཀི་འགྲོ་དགོས་ཟེར། ངས་ཅུང་ཡ་མཚན་པའི་ངང“ཁྱིམ་བདག་མ་ཡང་བྲོ་རྩེད་ཡིན་ནམ”ཞེས་ཀུ་རེ་བརྩེས་པ་ན། ཨ་སྲུས་ད་ལོ་ནས་བཟུང་ཁྱིམ་ཚང་གི་མ་སྲུ་ཚང་མས་ཀྱང་དགུན་ཁར་སྐོར་བྲོ་བསླབས་པ་དང་། ད་དུང་སྡེ་བ་གཞུང་ནས་མི་རེར་བྲོ་ལྭ་ཆ་ཚང་རེ་ཉོས་ཡོད་པས་བྲོ་རྩེད་ཀི་ལོས་འགྲོ་ཟེར། ངོ་མ། ཨ་ཅེ་ཚང་གི་སྒྱུག་མོས་བཤད་པ་བདེན་པ་རེད། ད་སྐབས་ད་ཞིང་གྲོང་གི་འཚོ་བ་ཉིན་རེ་བཞིན་ཇེ་སྐྱིད་ནས་ཇེ་སྐྱིད་རེད། ཁྱིམ་བདག་མ་ཚང་མར་ཡང་སྐོར་བྲོ་རྩེད་པའི་སྐལ་བ་དང་ཆ་རྐྱེན་ལྡན་སོང་བ་འདི་ཡང་མིག་ཐོགས་ལག་ཟིན་གྱི་འགྱུར་ལྡོག་ཅིག་ཅི་ལ་མིན་ཨང་སྙམ་མུར་ང་ལ་དགའ་བའི་འཛུམ་ཞིག་དབང་མེད་དུ་ཤོར་སོང་།

རེད་དེ། ཕ་ཡུལ་ལ་ལོག་ཐེངས་རེར། ཞིང་སྡེ་གསར་པ་འཛུགས་སྐྲུན་གྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་འོག ཁྱིམ་ཚང་རེ་རེའི་གཞི་ར་གཞི་སྐོར་ཚང་མ་མཛེས་བཟོ་བྱས་ཏེ་མིག་ལ་མཛེས་པ་ཞིག་ཏུ་སྣང་ཞིང་། ཕ་ཡུལ་ལ་ལོག་ཐེངས་རེར། སྙིང་ཉེ་བའི་ཡུལ་མི་སྤུན་ཟླ་ཕྱུག་སྒྱུར་གྱི་ལམ་དུ་བསྐྱོད་པའི་གཏམ་བཟང་བར་མེད་དུ་ཐོས་འོངས་ཏེ་སེམས་པ་སྐྱིད་འབོལ་ལེར་བཏང་འགྲོ། ཐེངས་འདིར་ཡང་། ཕ་ཡུལ་གྱི་ལོ་གསར་རོལ་བའི་ངང་ཚུལ་མཐོང་བའི་མོད་ལ། ཕ་ཡུལ་དངོས་གནས་ཇེ་བཟང་ཇེ་སྐྱིད་རེད་ཨང་ཞེས་དགའ་བ་དང་དང་བ་ཅིག་ཅར་ཏུ་དྲངས་སོང་། །

གསར་འགོད་པ། བསོད་ནམས་འཚོ།    

རྩོམ་སྒྲིག་པ། : ཀླུ་མོ་མཚོ།