ཀྲུང་གོ་བོད་ཀྱི་དྲ་བ།

བོད་ལྭ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : འབུམ་བྱམས་རྒྱལ།   སྤེལ་དུས། : 2019-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གངས་དཀར་ཨ་མའི་པང་དུ་གནས་པའི་བོད་པ་ཚང་ལ་དམངས་ཁྲོད་རིག་གནས་སྣ་མང་ཞིག་དང་། དེ་དག་ལས་ལོ་ངོ་སྟོང་ཕྲག་དུ་མའི་བརྒྱུད་རིམ་དང་བསྡོངས་ནས་ང་ཚོའི་འཚོ་བར་བསྩལ་བའི་ཤུལ་བཞག་རིག་གནས་ཀྱང་གྱ་ནོམ་པ་ཞིག་བཞག་ཡོད་པ་རེད། ལྷག་པར་དུ་ཁོ་ཚོ་འབྲོག་པ་རྣམས་ནི་བོད་ཁུལ་གྱི་ཆེས་མཐོ་ས་དང་གྲང་ངར་ཆེས་ཆེ་ས། འཚོ་བའི་ཆ་རྐྱེན་ཆེས་ཞན་ས་སོགས་སུ་ཁྱིམ་གཞིས་ཆགས་ཡོད་པ་རེད། ཁོ་ཚོས་ལོ་གཅིག་དུས་བཞིའི་རེས་མོས་ལྟར་དགུན་གསུམ་གྲང་ངར་དང་དབྱར་གསུམ་ཚ་གདུག  སྟོན་གསུམ་བུ་ཡུག་དང་དཔྱིད་གསུམ་རླུང་དམར་བཅས་ཀྱི་གོ་རིམ་རེ་རེ་ལ་འཐབ་འཛིང་བྱས་ཏེ་སླེབས་བྱུང་། ཁོ་ཚོས་དེ་ལྟར་འདས་ཟིན་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་རྒྱབ་ལ་ཁུར་ཞིང་། དཀའ་སྡུག་གི་འཚོ་བ་དངོས་སུ་མྱངས་ནས་སླེབས་བྱུང་། ད་སྐབས་ད་དུང་མུ་མཐུད་དུ་མདུན་ནས་མདུན་དུ་སྐྱོད་པའི་དམ་བཅའ་བརྟན་པོ་སྙིང་ལ་བཅངས་ཏེ་འགྲོ་དགོས་པར་འདུག  ཁོ་ཚོས་ཐོག་མ་ནས་བཟའ་བཏུང་ཤ་མར་ཐུད་གསུམ་དང་རྩམ་པ་འོ་ཞོ་སོགས་གཙོ་བོ་ཡིན་ལ། རྒྱབ་ཏུ་གྱོན་པའང་ཁོ་ཚོའི་བློ་གྲོས་ཀྱི་དྭངས་མ་ལས་བཟོ་སྐྲུན་བྱས་པའི་བོད་ལྭའི་རིགས་ཡིན་པ་དང་། དེ་ཡང་དགུན་དུས་པགས་ཚར་གྱི་རིགས་སྣ་ཚོགས་ཤིག་དང་སྟོན་ཁར་བར་ཕྱིང་དང་ཕྲུག་ལྭ། དབྱར་དུས་རས་ལྭའི་རིགས་སྣ་ཚོགས་སོགས་གྱོན་ངེས་ཡིན། འདི་དག་ནི་དུས་བཞིའི་གནམ་གཤིས་འགྱུར་ལྡོག་དང་བསྟུན་ནས་གོན་པ་ཡིན་པས། གཤམ་ནས་བོད་ལྭའི་དགེ་མཚན་སོགས་ཀྱི་ཐད་ནས་ངོ་སྤྲོད་ཀྱི་ཚུལ་དུ་ཚན་པ་དྲུག་ཡོད་པ་གཤམ་གསལ་ལྟར།

གཅིག    རྒྱབ་ཁུག་གི་གོ་ཆོད་པ།

སྤྱིར་ང་ཚོའི་བོད་ལྭའི་རིགས་ལ་འདི་ལྟ་བུའི་དགེ་མཚན་དུ་མ་ཡོད་པ་ནི། ས་གང་དུ་སོང་ཡང་དངོས་པོ་སོགས་ཁྱེར་བར་སྟབས་བདེ་པོ་ཡོད་པ་ཡིན། བོད་ལྭ་བསྡོགས་པ་བཅོས་ན་རུམ་དུ་དངོས་པོ་མང་པོ་ཞིག་བསྡུ་ཐུབ་ལ། རྒྱབ་ཁུག་དང་ལག་ཁུག་སོགས་ཅི་ཡང་མི་དགོས་པར་“མགྲོན་པོ་རང་ཆས”ཞེས་དཔེ་ལྟར་ཡིན་པ་དང་། དེ་མིན། བྱིས་པ་ལོ་གཅིག་ནས་གསུམ་བར་ཕ་མའི་རུམ་ཁུག་ལས་འཚར་ལོངས་བྱུང་བ་རེད། འདི་དང་འདི་ལྟ་བུའི་བོད་ལྭའི་དགེ་མཚན་འདིས་ང་ཚོ་བོད་མི་རིགས་ལ་གཞན་དང་མི་འདྲ་བའི་རིག་ལམ་རྣོན་པོ་དང་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་ཡོད་པ་རེད། 

གཉིས་པ།   གྲང་ངར་ལས་སྐྱོབ་པ།

བོད་ལྭར་གཞན་ལས་ལྷག་པའི་གྲང་ངར་སོགས་འགོག་པའི་ནུས་པ་དང་ཁྱད་ཆོས་ཆེན་པོ་ཡོད་ལ། དགུ་ཚུགས་དུས་ཁ་དཔེར་“དགུ་དང་པོ་ས་འགད། དགུ་གཉིས་པ་རྡོ་འགད། དགུ་གསུམ་པ་ལྕགས་ཀྱི་བ་རུ་འགད།”ཞེས་པའི་སྐབས་སུའང་སླག་པ་སྤུ་རིང་ཅན་དང་ཚ་ལྭའི་རིགས་མཐུག་པོ་དག་གྱོན་ན། གྲང་ངར་གྱི་དཀའ་ཁག་དེ་མྱོང་དགོས་པ་མི་འདུག  ཁ་བ་དང་གྲང་ངར་གྱིས་ས་རྡོ་འགད་སྐབས་ཀྱང་བོད་ལྭ་འདི་འདྲ་གྱོན་ནས་གར་སར་ཞག་སྡོད་བྱེད་དགོས་ཀྱང་གྲང་ངར་ལ་སྐྲག་མི་དགོས་པའི་དགེ་མཚན་ཡོད།    

གསུམ་པ།  ཆར་ཆེན་གཞའ་བ།

བོད་ལྭ་ཕྱིང་བ་དང་ཕྲུག་ལྭ། དེ་མིན་ཆུ་ཚག་སོགས་ནི་དབྱར་དུས་དྲག་ཆར་སོགས་བབས་ནའང་ཆུས་བངས་མི་ཐུབ་པའི་ཁྱད་ཆོས་ཡོད་ལ། དམངས་ཁྲོད་དུ་“ཟླ་དྲུག་པའི་ཆར་ཆུ་རྒོད་དུས།། ཁྱོས་ཕྱིང་དཀར་ཆུ་ལྭ་ཟུངས་དང་།། ཉིན་བདུན་ལ་ཆར་བ་བབས་རུང་།། ཕྱིང་མི་གཏའ་ཁས་ལེན་ཐུབ་བ།།”ཞེས་བཤད་ཚུལ་ཡོད་པས། ཉིན་མཚན་འགར་ཆར་བ་བབས་ནའང་བངས་མི་ཐུབ་པའི་ལྭ་བ་འདི་རིགས་ལ་ངོ་མཚར་བའི་དགེ་མཚན་ཡོད་པ་རེད། འདི་ཡང་ང་ཚོའི་མེས་པོ་དག་གིས་བློ་གྲོས་ཀྱི་ཉིང་བཅུད་ལས་ཐོན་པའི་བཟོ་བསྐྲུན་བྱས་པའི་རང་གི་ལྭ་བའི་རིགས་རེད།  

བཞི་བ།   ཚ་གདུག་སེལ་བ།

དབྱར་གསུམ་གྱི་ཚ་བས་གང་སར་སྡོད་དཀའ་བའི་དུས་ལའང་བོད་ལྭའི་རིགས་འདི་འདྲ་ཡོད་པ་སྟེ། ཕྱིང་ལྭ་དང་རས་ལྭ་སོགས་སྲབ་པོའི་རིགས་ཡོད་ལ། འདི་དག་གིས་ལུས་ཀྱི་ཚ་བ་སྙོམས་སྒྲིག་བྱེད་པ་དང་སེམས་སུ་བསིལ་སྣང་སྟེར་བ་རེད། འདི་ཡང་ང་ཚོའི་མེས་པོ་ནས་བརྒྱུད་འོངས་པའི་བཟོ་བསྐྲུན་དབྱར་ལྭ་ཡིན་པ་དང་། འདི་ཚང་མ་ཕོ་མོ་གཉིས་ལ་གྱོན་རྒྱུ་མི་འདྲ་བ་རིགས་འགའ་རེ་ཡོད་པ་རེད།

ལྔ་བ།   མལ་གོས་བྱས་ཆོག་པ།

བོད་ལྭར་དགེ་མཚན་གཞན་ཞིག་ཡོད་པ་ནི། བོད་ལྭར་ཁོབས་ཆེ་ཞིང་རིང་བ་སོགས་ཡིན་པས། བོད་ལྭའི་འོག་ཐུ་གདན་ལ་བཏིངས་ཤིང་ཐོག་ཐུ་ཐོག་ལ་འཕེན་པ། ཕུ་དུང་སྔས་མགོ་བཅས་བྱས་ན་མལ་ཐུལ་དང་མལ་གདན། སྔས་མགོ་སོགས་ཅི་ཡང་མི་དགོས་པར་ཉལ་ཐུབ་པ་ཡིན། འདི་ཡང་ང་ཚོའི་མེས་པོའི་བློ་གྲོས་ལས་ཐོན་པའི་དགེ་མཚན་ཞིག་མ་ཡིན་ནམ། ས་གང་དུ་སོང་ནའང་རང་ཉིད་ཀྱི་ལྭ་བས་ཕན་ནུས་དང་གོ་ཆེན་པོ་ཆོད་པའི་ལྭ་བ་འདི་རིགས་ལ་རིན་ཐང་ཅི་ལ་མེད། 

དྲུག་པ།  ནད་གཞི་སྔོན་འགོག་ཐུབ་པ།

བོད་ལྭ་ནི་རྒྱུན་གོན་བྱས་ན་རུས་འཛེར་དང་མཁལ་མའི་ནད། གྲང་བའི་ནད། ཆམ་ནད་སོགས་ལ་སྔོན་འགོག་གིས་ནུས་པ་ཆེན་པོ་ཡོད་པར་བཤད། དེ་ན་བོད་ལྭ་ནི་ང་ཚོའི་ཡབ་མེས་ནས་དར་ཡོང་བའི་དགེ་མཚན་དང་ཁྱད་ཆོས་ཡོད་པའི་ལྭ་བ་མཆོག་ཏུ་གྱུར་བ་ཞིག་ཡིན་པས། དེང་སྐབས་ཀྱི་ན་གཞོན་ཚང་མས་ཀྱང་བོད་ལྭ་གོན་པར་ལོབས་འདྲིས་སུ་གྱུར་པར་འབད་པ་བྱས་ན་ལེགས།

མཇུག་མཐའི་རེ་བ།

ང་ཚོར་བོད་ལྭ་ལྟ་བུའི་ཁྱད་དུ་འཕགས་པའི་ལྭ་བ་ཞིག་ཡོད་ན། མི་སུས་ཀྱང་འདི་ལ་བདག་བཟང་པོ་ཞིག་རྒྱག་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་དང་། རྒྱུ་རིན་ཆེན་ནོམ་པ་རྩ་ཆེན་མ་ཡིན་ནམ། དེ་ན་སྤྱི་ཚོགས་ཀྱི་ལས་རིགས་གང་རུང་ན་ཡོད་པའི་སློབ་གྲྭ་བ་དང་དགེ་རྒན་རྣམ་པ། ལས་བྱེད་པ། རོང་འབྲོག་ཕོ་མོ་སུ་ཡིན་ཡང་བོད་ལྭ་སྒམ་དུ་མི་འཇུག་པར་བོད་ལྭ་གྱོན་རྒྱུ་ནི་གལ་ཆེན་པོ་འདུག    ཚང་མས་བོད་ལྭ་གྱོན་ན་སྟབས་བདེ་མིན་ཟེར་བ་ཞིག་དང་བོད་ལྭ་གྱོན་རྒྱུར་ངོ་ཚ་བ་སོགས་མང་པོ་ཡོད་ངེས། ཞིབ་ཏུ་བསམ་ན། བོད་ལྭ་ནི་ཧ་ཅང་སྟབས་བདེ་བའི་ལྭ་བ་ཞིག་ཡིན་པ་དང་། རླངས་འཁོར་ཁ་ལོ་བ་དང་གཞུང་སྒྲུབ་ཁང་དུ་བྱ་བ་སྒྲུབ་མཁན། སློབ་ཁང་དུ་ཡི་གེ་སློབ་མཁན། དཔེ་ཁྲིད་བྱེད་མཁན་གྱི་དགེ་རྒན་སོགས་ཅི་ཡིན་ཡང་བོད་ལྭ་གྱོན་ན་སྟབས་བདེ་ཡིན། རླངས་འཁོར་ཁ་ལོ་བས་རང་ལ་མཁོ་བའི་ཁ་པར་དང་ལག་ཤུབ། དེ་མིན་དངོས་པོ་ཅི་ཡོད་རུམ་ལ་འཇུག་པ། དགེ་རྒན་དང་སློབ་མ་སོགས་ཀྱིས་ཀྱང་དཔེ་དེབ་དང་འབྲི་དེབ། སྨྱུ་གུ་སོགས་རུམ་ལ་བཅུག་ན་ཧ་ཅང་སྟབས་བདེ་ཡིན། དེ་ན་ཚང་མང་བོད་ལྭ་གྱོན་རྒྱུ་གལ་ཆེ། ཡང་གཅིག་བཤད་ན། བོད་ལྭ་གྱོན་རྒྱུ་ངོ་ཚ་དགོས་དོན་མི་འདུག    དེ་ན་རང་གི་ཕ་མ་དང་སྦྲ་ཁྱིམ། ཡི་གེ     བོད་སྐད་སོགས་ཀྱང་ངོ་ཚ་དགོས་པའི་གནས་ཤིག་ཏུ་ལྷུང་ཉེན་ཆེ་བར་འདང་རྒྱག་རན་འདུག   མཐར་བོད་ལྭ་ནི་བོད་པ་ཆེ་འབྲིང་ཆུང་གསུམ་དང་སྐྱེ་བོ་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་གྱོན་ཏེ་འཛམ་གླིང་སྟེང་བོད་ལྭའི་དགེ་མཚན་ཤེས་སུ་འཇུག་པའི་སྨོན་འདུན་དང་བཅས་རེ་ཞིག་བདེ་མོ་འཇོག་དགོས་བྱུང་།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།