ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོད་ཀྱི་འོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-09-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྣང་བའི་མེ་ལོང་ཁ་རུ་ཁྱོད་ཀྱི་འོད་ཟེར་ལྡོག་འཕྲོ་ལ་རྩེན།

ལྡོག་འཕྲོའི་ཀློང་གི་སེམས་པ་ནི་དཀར་སེར་དམར་ལྗང་གི་འོད་དང་མཐོ་དམའ་དྲག་ཞན་གྱི་སྒྲ་སྣ་ཚོགས་ཀྱི་རྐྱ་འཐབ་པའི་ནང་མ་ཁང་འདི་ཡིན། ནང་མ་ཁང་འདི་རུ་གླུ་གཞས་བརྒྱ་དང་སྟོང་གིས་བླངས་མ་ཚར་ཞིང་མཚོན་མ་ཐུབ་པ་ནི་དྲན་གདུང་ཁོ་ན་ཡིན། གཞས་རེ་རེར་སྡུག་བསྔལ་རེ་རེ་བསྐུངས་ཏེ་ཕྱི་ལ་ཕུད་ཀྱང་། ངའི་སྙིང་གཏམ་ཡོད་ཚད་ཁང་མིག་འདི་ལ་འཁྱིལ་ཏེ་བཞུར་ས་ཞིག་མེད་པ་ཅི་ཡིན་ནམ། མཁའ་དབུགས་དང་བར་སྟོང་གིས་ཀྱང་སྐད་སྒྲ་ཡི་མཚོན་དོན་ལ་བརྡ་སྤྲོད་ཀྱི་ཁག་མ་ཐེག་པ་ཡིན་སྲིད། ཁྱོད་ནི་རླུང་གི་ངང་ཚུལ་གྱིས་ངའི་ཕྱི་ནང་གསང་གསུམ་ལ་འཐིམ་ཡོད་པས། ང་ནི་བལ་ལྟར་བསེད་ནས་རི་ལ་འཐིབ་པའི་སྨུག་པ་ལྟར་འདས་སོང་གི་སྤང་ན་རྒྱུ་དུས་ཕྱི་ནང་གི་འུར་ཟིང་མཐའ་དག་གིས་དབང་ཤེས་གཅིག་ཀྱང་འཇུམ་ཐབས་མི་འདུག

ཆང་ཕོར་ལ་ཆང་ལྡུག་པ་ལྟར་འཕྱུར་ཞིང་ཡལ་འགྲོ་བའི་ལྦུ་བ་སོབ་སོབ་དག་ནི་དྲན་པ་ཁྱོད་དང་ཕྲད་པའི་གདུང་སེམས་ཀྱི་སྐྱུར་ཁ་རྒོད་པོ་དེ་ཡིན། ཁྱོད་ཀྱི་དགོད་པའི་ཉམས་འགྱུར་རེ་རེ་དང་བསྐྱོད་པའི་སྟངས་སྟབས་རེ་རེ་ནི་ངའི་དབང་ཤེས་ཀྱི་སྒོ་མོ་རེ་རེར་འཛུལ་ཏེ་ཕྱིར་ཡོང་མ་བྱུང་བས། ངས་ལུས་རྟེན་གྱི་ཁུར་པོ་བསྲུངས་ཏེ་ཁུ་སིམ་མེར་རྒྱང་རིང་དུ་བཞུད་པའི་བདག་པོ་ལ་བསྒུག་དགོས་བྱུང་།

ནང་མ་ཁང་འདི་རུ་ནང་སེམས་ཤིག་གིས་ཕྱི་ལ་བསྐྱུར་བའི་སྡུག་ཡས་དང་དྲན་གདུང་། རེ་ཆད། སྐྱོ་སྣང་སོགས་ཀྱིས་ཆང་འཐུང་གིན་འདུག ཁོ་ཚོས་ཆང་འཐུང་ཐེངས་རེར་བརྩེ་དུངས་དང་བཟའ་འཁོན། ཁེར་རྐྱང་དང་གྱེས་བྲལ། ཕམ་ཁ་དང་བར་ཆད་སོགས་ཁོག་ན་ལུས་པའི་བརླན་གཤེར་གྱི་ཚུལ་དུ་སྐྱུག་གིན་འདུག ཡིན་ཡང་། རྨ་ཁ་ནི་ཆུ་ཡིས་བཤལ་ན་དག་འགྲོ་བ་ཞིག་ག་ལ་ཡིན། ཡིན་མི་སྲིད།

དོན་དག་ལ་ལ་ནི་རྡོ་ལོག་ཅིག་ལྟར་མི་རེ་རེའི་ལས་ཀྱི་གྲམ་གཞུང་ན་སྲ་མཁྲེགས་ངང་ལུས་ཡོད། བརྩེ་དུངས་ཀྱི་བཞུར་རྒྱུན་ཁེགས་བྱེད་ཀྱི་རྡོ་རྒན་ཞིག་ལ་སྒལ་བ་གླན་ཡོད་དུས་འདིར། ངའི་མགྲིན་པའི་སྦུབས་ན་ཐུར་དུ་བཞུར་བའི་བརླན་གཤེར་ཡོད་ཚད་ཀྱིས་རྒྱུན་མ་ཆད་པར་ཚེ་སྲོག་འདི་སྦང་ཅི་ཐུབ་བྱེད་ཀྱིན་འདུག ཁྱོད་ཀྱིས་ཚོར་བྱུང་ངམ། ཆང་ལ་ཆང་བསྲེས་ནས་འཐུང་དུས་འདིར། སྒྲ་སྒམ་གྱིས་ངའི་ཚབ་ཏུ་སེམས་ལ་སེམས་གླན་ནས་གཞས་གཏོང་གིན་འདུག

དུས་ཆད་གང་མང་ཞིག་ལ་བསྒྲོན་པའི་ལོ་ཟླ་ཡི་གློག་འོད་གཟིམས་ཚར་ནའང་ཁྱོད་ཁོ་ན་སེམས་ཀྱི་ཁང་མིག་གསལ་བྱེད་ཀྱི་དཔལ་འབར་ཡིན། ཁེར་རྐྱང་གི་ཞག་མ་མང་པོ་རྒྱུད་མར་བརྒལ་དུས། འགྲོ་ལམ་འདིའི་བརྩེ་བ་ནི་སྣུམ་ཟད་པའི་རླངས་འཁོར་ཞིག་ཡིན།

ཁྱོད་ནི་གཙང་ཆབ་སྔོན་མོའི་གཞུང་གི་ལྡོག་འོད་འཚེར་བོ་དེ་ཡིན།དྲན་པའི་བཞུར་རྒྱུན་ཁྱོད་ལ་བསྲིངས་ཡོད། ཁྱོད་ནི་གཙང་པོའི་སྨད་རྒྱུད་དུ་ལུས་ཡོད་ནའང་ངས་ནི་གཙང་པོའི་སྟོད་རྒྱུད་དུ་ཁྱོད་ཀྱིས་བཏབ་པའི་མེ་ཏོག་སྣ་ཚོགས་ལ་ཉི་མའི་ཚབ་ཏུ་འོད་སྣང་སྤྲད་ཡོད། སྤྲིན་པའི་ཚབ་ཏུ་ཆར་བ་གཏོར་ཡོད། ངས་ནི་གཙང་འགྲམ་དེ་རུ་སྦྲང་མའི་ཚུལ་དུ་ཟེའུ་འབྲུ་ལེན་གྱིན་ཡོད། ཁྱོད་ཀྱིས་བང་བང་གི་མགྲིན་སྒྲ་ཐོས་བྱུང་ངམ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།