ཀྲུང་གོ་བོད་ཀྱི་དྲ་བ།

ཏུན་ཧོང་ཕྱོགས་སུ་བསྐྱོད་པའི་ཟིན་ཐོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2018-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སློབ་གྲྭའི་བཀོད་སྒྲིག་ལྟར། 2017ལོའི་ཟླ11པའི་ཚེས3ཉིན་གྱི་སྔ་དྲོའི་དུས་ཚོད་དྲུག་པའི་ཐོག་སློབ་གྲོགས་ཚོ་དང་མཉམ་དུ་གྲོང་ཁྱེར་ལན་གྲུ་ནས་ལམ་ལ་ཆས་ཏེ་ཏུན་ཧོང་ཕྱོགས་སུ་ཆས་པ་ཡིན། ང་ཚོའི་ལམ་ཐིག་འཆར་བཀོད་བཞིན། དུས་ཚོད་གཅིག་ལྷག་བརྒྱུད་དེ་དཔའ་རིས་ལ་སླེབས། དེ་ནི་ཐེངས་འདིའི་འགྲུལ་བཞུད་ཀྱི་ས་ཚིགས་དང་པོ་ཡིན། ཐོག་མར་རྫོང་མཁར་དུ་ཡོད་པའི་དཔའ་རིས་པྲ་སྟི་རབ་རྒྱས་དགོན་དུ་ཕྱིན་པ་ཡིན།པྲ་སྟི་རབ་རྒྱས་དགོན་པ་ནི་དང་ཐོག་ཧྭ་ལུང་ནས་ཕེབས་པའི་དགེ་སློང་ཞིག་གིས་སྡེ་བ་ཚོ་བའི་སེར་སྐྱ་མང་པོས་ཞུས་ངོར། གནས་འདིར་ཞལ་གཟིགས་མཛད་དེ་དགོན་པ་ཆུང་ཆུང་ཞིག་བཏབ་རྗེས་ཡར་ལུང་དགོན་པས་བདག་སྐྱོང་བགྱིས་ཤིང་དེའི་དགོན་ལག་ཏུ་གྱུར། དེ་ནས་རབ་བྱུང་བཅུ་གཅིག་པའི (སྤྱི་ལོ1627ཡས་མས)དུས་མགོར་པྲ་སྟི་ནང་སོ་དཔལ་བཟང་གིས་རྒྱ་ཆེར་བསྐྱེད་དེ་སྒེར་ཚུགས་བཟུང་བར་མ་ཟད། པྲ་སྒོམ་ཆོས་ཀྱི་རྡོ་རྗེའི་སྒར་བ་བཅུ་གསུམ་གྱི་ནང་ཚན་དུ་གྱུར་པས་དགོན་མིང་ལ་པྲ་སྟི་རབ་རྒྱས་དགོན་ཞེས་གསོལ། རྟེན་གཙོ་བོ་ལྔ་པ་ཆེན་པོས་གནང་བའི་རྗེ་ཡབ་སྲས་གསུམ་གྱི་གསེར་ཟངས་སྐུ། སྟོན་པའི་ཤིང་སྐུ། ལྷ་མོའི་སྐུ་ཐང་སོགས་བཞུགས། 1988ལོར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་ཕྲག་བཅུ་གཉིས་གནང་སྟེ་འདུ་ཁང་ཉིས་ཐོག་ཅན་བསྐྲུན་ཏེ་སྔོན་གྱི་རབ་རྒྱས་བླ་མའི་སྒར་ཤུལ་དེར་རྣམ་པ་གསར་པ་བྱུང་། ད་ལྟ་བཙུན་པ་གསུམ་བཞི་ཙམ་ལས་མི་འདུག་ལ། དོ་དམ་ཁང་གི་ལས་སྣའི་གཙོ་འགན་དགེ་བསྙེན་གྲོང་པ་ཞིག་གིས་ཁུར་འདུག ཉིན་དེར་ཧོར་རྩིས་ཀྱི་བཅོ་ལྔ་ལ་ཁེལ་འདུག་པས་བསང་མཆོད་དང་མཆོད་མཇལ་བྱེད་མཁན་མང་པོ་འདུག ང་ཚོས་ཀྱང་བསང་ཕུད་ཅིང་མཆོད་རྐོང་རེ་བླུས་ཏེ་སྐྱབས་འཇུག་ཞུས་པ་ཡིན།

དེ་ནས། རེས་འཁོར་ལ་བསྡད་དེ་དཔའ་རིས་མཆོད་རྟེན་ཐང་ལ་བསྐྱོད་པ་ཡིན། དུས་ཚོད་གཉིས་ཙམ་བརྒྱུད་མཐར་དཔའ་རིས་མཆོད་རྟེན་ཐང་བཀྲ་ཤིས་དར་རྒྱས་གླིང་ལ་འབྱོར། འབྲེལ་ཡོད་རྒྱུ་ཆ་ལས་ཤེས་གསལ་ལྟར་ན། སྔོན་ཆད་འབྲོང་ལུང་ཝེའམ་འབྲོང་ལུང་སྟོང་དཔོན་དོ་དམ་ཁང་ལ་གཏོགས་པར་བཤད། ད་ལྟ་ཀན་སུའུ་ཞིང་ཆེན་ཝུའུ་ཝེ་ས་ཁུལ་དཔའ་རིས་བོད་རིགས་རང་སྐྱོང་རྫོང་ཁོངས་ཀྱི་ལྷོ་ནུབ་མཚམས།མཚོ་སྔོན་ཧུའུ་ཀྲུའུ་རྫོང་དང་འདབས་འབྲེལ་བའི་ཐང་ཡངས་པོ་ཞིག་ཏུ་ཆགས་འདུག དགོན་པ་དེ་ནི་སྔོན་སྤྱི་ལོ་777ལོར་གནས་འདིར་གཡུང་དྲུང་དགོན་ཟེར་བའི་བོན་དགོན་ཞིག་ཡོད་། རྗེས་སུ་རབ་བྱུང་དྲུག་པའི་ལྕགས་ཕོ་བྱི་སྟེ་སྤྱི་ལོ1360ལོར་ཀརྨ་རོལ་པའི་རྡོ་རྗེ་ལང་ཇུ་ཕྱོགས་སུ་ཕེབས་སྐབས་འཇུ་ལག་པ་རྣམས་ཀྱིས་ཞུས་པ་ལྟར། ཀླུ་བདུད་ཤིན་ཏུ་གདུག་པ་ཆུ་འགྲམ་གྱི་མི་ཕྱུགས་མང་པོ་ལ་གནོད་པ་ཆེ་བ་བཏུལ་ཏེ་དམ་ལ་བཏགས་ཤིང་དམ་རྟགས་སུ་བཀྲ་ཤིས་ཐང་དེར་མཆོད་རྟེན་བརྒྱ་རྩ་བརྒྱད་བཞེངས། བོན་དགོན་དེ་ཀརྨ་པའི་དགོན་པར་བསྒྱུར། དེ་ནས་བཟུང་མཆོད་རྟེན་ཐང་དགོན་པ་ཞེས་ཡོངས་སུ་གྲགས། རྗེས་སུ་རབ་བྱུང་བཅུ་གཅིག་པའི་མེ་ཕག(1617) ལོར་ཉེ་འཁོར་གྱི་ཚོ་སྡེ་དག་གིས་ཞུས་པ་བཞིན་བླ་མ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་མཆོག་གིས་དགེ་ལྡན་རིང་ལུགས་འཛིན་པའི་བཤད་སྒྲུབ་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་དར་རྒྱས་གླིང་ཞེས་པ་རྒྱ་བསྐྱེད་དུ་ཕྱག་འདེབས་མཛད། རིམ་བཞིན་སྟོང་འཁོར་སྐུ་ཕྲེང་རིམ་བྱོན་གྱིས་དགོན་བདག་མཛད་དེ་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས་པར་གྲགས། ང་ཚོས་སྔོན་གྱི་ལོ་རྒྱུས་ལ་དྲན་གསོ་བྱེད་བཞིན་གྲྭ་པ་དང་ལོ་ལོན་རེ་འགར་དེ་སྔའི་གནས་ཚུལ་འདྲི་གཅོད་གནང་བ་ཡིན། མཚོ་སྔོན་ནས་ཡིན་པའི་སློབ་གྲོགས་ལ་ལས་མདུན་ཕྱོགས་ལ་རྒྱང་ལྟ་བྱེད་བཞིན་གནས་འདི་མཚོ་སྔོན་ཕྱོགས་སུ་ཚོང་ཟོག་སྐྱེལ་འདྲེན་བྱེད་པ་ནང་བཞིན་སྤར་དང་ན་འགྲིག་ཅེས་བཤད། ང་ཚོའི་སློབ་གྲྭའི་སློབ་དཔོན་ཆེན་མོ་དོར་ཞི་ཚང་གི་ནང་ཆེན་ཡང་གནས་འདིར་འདུག སྐབས་དེར། ཉི་འོད་ཅུང་ཚ་བས་སློབ་མ་ལ་ལས་ཞྭ་མོ་ཆེན་པོ་རེ་ཉོས། མཆོད་རྟེན་ཐང་ནས་མཉམ་པར་འགའ་བརྒྱབ་པ་ཡིན།

དེ་ནས། ཟབ་ལུང་རྡོ་དཀར་བཀྲ་ཤིས་འཁྱིལ(扎隆寺)ལ་ཆས་པ་ཡིན། དགོན་པ་དེ་ནི་མཚོ་སྔོན་ཞིང་ཆེན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་རྒྱ་ཏིག་ཟབ་ལུང་སྡེ་བར་གནས། འབྲེལ་ཡོད་དཔྱད་གཞིར། རྒྱ་ཏིག་སྐུ་ཕྲེང་དང་པོས་སྤྱི་ལོ1654ལོར་ཕྱག་འདེབས་མཛད་པའི་དགེ་ལུགས་པའི་དགོན་པ་ཞིག་ཡིན་པར་བཤད། རྫོང་མཁར་དང་སྤྱི་ལེ་བརྒྱ་ཙམ་གྱི་སར་མཆིས། ད་ལྟ་དགོན་པ་དེའི་ཆ་རྐྱེན་ཧ་ཅང་བཟང་བར་སྣང་སྟེ། ཕྱིའི་བཟོ་བཀོད་ལྟ་ན་སྡུག་ལ་གྲྭ་ཤག་གསར་པ་མང་དུ་ཕུབ་འདུག་པས་གཞུང་ནས་དགོན་པའི་འཛུགས་སྐྲུན་ལ་མཐུན་རྐྱེན་གང་ལེགས་བཟོས་ཡོད་ཚོད་རེད། དགོན་པའི་ཁོར་ཡུག་ཧྲིལ་པོ་འཇམ་ཅག་གེར་སྣང་ལ་ལོ་ལོན་རེ་འགའ་ལས་མི་ཧ་ཅང་ཉུང་ཚོད་རེད། དགོན་པ་དེ་ལུང་པ་ཆེ་ཆུང་རན་པ་ཞིག་ཏུ་ཆགས་པས་མཚམས་རེར་བྱིའུ་སྐད་གསལ་ཞིང་སྙན་པ་རེ་ཐོས་འོང་། ངས་ཀུ་རེའི་ཚུལ་དུ་སློབ་གྲོགས་ཚོར་འདི་ནས་མི་མེད་ལུང་པ(无人区)ཞེས་པའི་གློག་བརྙན་གསར་པ(རྒྱལ་ནང་དུ་སྟོབས་རྒྱལ་སོགས་ནས་མིང་འདི་ལྟ་བུའི་གློག་བརྙན་ཞིག་ཕབ་ཡོད)ཞིག་ཕབ་སྐྲུན་བྱེད་ན་འཚམ་ཞེས་བཤད་པ་ཡིན།

གཞན་ཧོར་དགོན་བཤད་སྒྲུབ་དར་རྒྱས་གླིང་དང་རིགས་ལྡན་དགའ་ཚལ་དགོན་པ། འབྲི་གུང་དགོན་དགའ་ལྡན་ལེགས་བཤད་གླིང་། དོར་ཞི་དགོན་དགེ་ལྡན་ཆོས་གླིང་། ཡར་ལུང་དགོན་ཐོས་བསམ་དར་རྒྱས་གླིང་། སེམས་ཉིད་དགོན་དགའ་ལྡན་དར་རྒྱས་གླིང་སོགས་དགོན་ཆེ་ཆུང་མང་དུ་སྣང་བ་འབྲེལ་ཡོད་དཔེ་དེབ་ཏུ་གསལ་མོད། ལམ་ཐག་ལ་རྒྱུས་མེད་པ་དང་ཁ་ཐག་རིང་བ། དེ་མིན་མུ་ནས་ལམ་ལ་ཆས་དགོས་པས་རེ་རེ་ལ་མཇལ་བའི་སྐལ་བ་མ་ལྡན། རེད་དེ། ཕྱིར་རྫོང་མཁར་དུ་ལོག་དུས་ས་རུབ་ནས་མུན་ནག་གིས་དཔའ་རིས་ལུང་པ་སོ་སོ་ཡོངས་སུ་གཡོགས་པའི་སྐབས་ཤིག་ལ་ཁེལ་འདུག མུན་ཁྲོད་ནས་དཔའ་རིས་རབ་གསལ་དགོན་དང་རབ་གསལ་སྒྲུབ་ཕུག་ལ་མཇལ་བ་ཡིན། དཔའ་རིས་རབ་གསལ་སྒྲུབ་ཕུག་ནི་རབ་གསལ་དགོན་པའི་རྒྱབ་ལོགས་ཀྱི་རི་ངོས་སུ་མཆིས། དེ་གའི་མི་ཞིག་གིས་བཤད་པ་ལྟར་ན། དགོན་པའི་ཉེ་འཁོར་མཐའ་དག་འབྲོག་པ་ཡིན་ལ། ད་ལྟ་མི་འགྱངས་པར་རྫོང་མཁར་ལ་གནས་སྤོར་དགོས་པའི་སྲིད་ཇུས་ཤིག་འདུག་པས་ད་ནི་དགོན་པ་ཁེར་བོ་ལུས་རྒྱུ་རེད་ཡ་ཞེས་དབུགས་རིང་ཞིག་ཕྱུང་། ང་ཚོས་མགྱོགས་མོར་མཆོད་མཇལ་ཙམ་བྱས་པ་ལས་ཞིབ་ཏུ་རྒྱུས་ལོན་བྱ་རྒྱུ་མ་བྱུང་།

ཚེས་བཞི་ཉིན། སྐད་གྲགས་ཆེ་བའི་ཝུའུ་ཝེ་གྲོང་ཁྱེར་འགུ་ཚང་གྲོང་རྡལ(武南镇)དུ་ཡོད་པའི་ལང་ཇུ་སྡེ་བཞི་ལ་མཇལ་སྐོར་དུ་ཕྱིན་པ་ཡིན། དེ་གའི་ཁ་ལོ་བ་ཞིག་གི་མཐུན་རྐྱེན་འོག་ཉིན་གཅིག་གི་དུས་ཚོད་སྤྱད་དེ་སྡེ་བཞི་ལ་མཇལ་རྒྱུ་བྱས།དེ་ཡང་ཤར་སྤྲུལ་བའི་སྡེ་ནི(白塔寺)དེང་སང་ཝུའུ་ཝེ་གྲོང་ཁྱེར་གྱི་ཤར་ཕྱོགས་སུ་གནས་པ་དང་། གྲོང་ཁྱེར་སྲིད་གཞུང་གི་གནས་ཡུལ་ལས་རྒྱང་ཐག་སྤྱི་ལེ་ཉི་ཤུའི་སར་ཆགས། སྡེ་འདི་ཕལ་ཆེར་མི་ཉག་གི་སྐབས་སུ་བཏབ་ཀྱང་ཕྱག་འདེབས་གནང་མཁན་སུ་ཡིན་མི་གསལ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་སྐུ་གདུང་མཆོད་རྟེན་ཆེན་པོ་མཐོ་ཚད་ལ་ལག་འདོམ་བཅུ་དྲུག་ཙམ་ཡོད་པ་ཞིག་ལེགས་པར་བཞེངས། ཆོས་རྒྱལ་འཕགས་པ་སོགས་མཁས་གྲུབ་དུ་མས་རབ་གནས་མཛད་ཅིང་བྱིན་རླབས་ཀྱི་གཏེར་ཆེན་པོར་བསྒྲུབས་ཡོད་པར་བཤད། མཆོད་རྟེན་བརྒྱ་རྩ་བརྒྱད་དུ་གྲགས་པའི་མཆོད་རྟེན་ཆེ་ཆུང་དུ་མ་མཆིས་པ་མིས་གྲངས་མི་ལོན་པ་མཁའ་འགྲོའི་སྤྲུལ་བའི་མཆོད་རྟེན་ཡིན་པས་སྤྲུལ་བའི་སྡེ་ཞེས་པ་ཐོགས་པ་རེད་ཟེར།རབ་རྒྱས་མེ་མོ་ཡོས་སྤྱི་ལོ1927ལོར་ལང་ཇུ་ཕྱོགས་སུ་ས་ཡོམ་ཆེན་པོ་བྱུང་བས་ལྷ་ཁང་དང་སྐུ་གསུང་ཐུགས་རྟེན་ཐམས་ཅད་རྩ་གཏོར་ཐེབས། ད་ལྟ་མཆོད་རྟེན་དཀར་པོའི་ཤུལ་ཙམ་མཐོང་ཐུབ་པ་དང་གནའ་རྫས་ལ་བོད་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི་སྤྱི་ལོ1930ལོར་བཙུགས་པའི་རྡོ་རིང་ཞིག་ལུས་འདུག

ནུབ་པདྨོའི་སྡེ་ནི(莲花寺)ལང་ཇུ་མཁར་ནས་ནུབ་ངོས་སུ་སྤྱི་ལེ་བཅོ་ལྔ་ཙམ་གྱི་སར་མཆིས། བཞེངས་མཁན་དང་ལོ་ཚིགས་མི་གསལ། གོང་ས་ལྔ་པའི་དེབ་ཐེར་དུ་ས་སྐྱ་པཎ་ཆེན་གྱིས་མདོ་ཕྱོགས་ཀྱི་བཀའ་ཆོས་མང་པོ་གནང་ཞེས་གསུངས་འདུག རྟེན་གྱི་གཙོ་བོ་ཆོས་རྗེ་ས་པཎ་གྱི་སྲིང་མོ་བཟོད་པ་རིང་མོ་འགྱིང་སྟབས་སུ་བཞུགས་པ་ཁྲོ་ནག་གི་ལུགས་སྐུ་མི་ཚད་ཙམ།ཐུབ་དབང་གྲོང་གཤེགས་པའི་རྣམ་པ་ཅན་དེ་ཉིད་ཀྱི་ནང་གཞུག་ཏུ་བཟོད་པ་རིང་མོའི་སྐུ་གདུང་གི་རིང་བསྲེལ་གདུང་རུས་སམ་ཚེམས་གཉིས་ཡོད་པར་གསུངས། དེ་དག་ད་ལྟ་མིག་གི་མཐོང་སྣང་དུ་མི་འདུག ར་སྐོར་གྱི་དཀྱིལ་དབུས་སུ་བཟོད་པ་རིང་མོའི་ཞབས་རྗེས་བཀོད་པའི་རྡོ་བཟོས་ཤིག་འདུག སྡེ་དེའི་རྒྱབ་ལོགས་ཀྱི་རི་རྩེ་ན་འཇམ་དབྱངས་དམར་སེར་དང་མཆོད་རྟེན་གཅིག་བཞེངས་པའི་གནས་ནི་ས་པཎ་གྱི་སྐུ་སྲིང་བཟོད་པ་རིང་མོ་པདྨོའི་སྡེ་འདིར་སྒོམ་སྒྲུབ་ལ་བཞུགས་པ་དང་། དེ་ཉིད་སྐུ་འདས་པའི་གནས་དང་། ས་པཎ་གྱིས་དབང་གནང་བའི་བུམ་ཆུ་དང་རྡུལ་ཚོན་གཤེགས་ས་ཡིན་པར་གྲགས། ཐག་རིང་ནས་བལྟས་ཀྱང་ཅུང་གསལ་པོར་སྣང་བས་རྟེན་དེའི་བཞེངས་བཀོད་རྒྱ་ཆེ་བར་སྣང་། སློབ་གྲོགས་དག་གི་ཁྲོད་ནས་ལ་ལས་རི་རྩེར་ངེས་པར་འགྲོ་དགོས་པའི་བསམ་ཚུལ་བཏོན་མོད་ང་ཚོའི་དུས་ཚོད་ལ་ཚད་བཀག་ཡོད་པས་མཐར་ཐག་རིང་ནས་པར་འགའ་བསྐྱོན་ཏེ་ཕྱིར་ལོག་པ་ཡིན།ལྷོ་དབང་གི་སྡེ་ནི (金塔寺)མཁར་གྲོང་གི་ལྷོ་ཕྱོགས་སུ་ཆགས་ཤིང་སྤྱི་ལེ་བཅོ་ལྔ་ཙམ་གྱི་མཚམས་སུ་ཡོད། དེ་ཡང་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་ཧོར་གོ་དན་རྒྱལ་པོས་གདན་དྲངས་པ་བཞིན་ལང་ཇུའི་ཕྱོགས་སུ་བྱོན་ནས་ཤར་སྤྲུལ་བའི་སྡེར་རྒྱལ་པོ་འཁོར་བཅས་ལ་ཟབ་ཆོས་མང་པོ་གནང་བ་དང་།ལྷོ་དབང་གི་སྡེ་ནས་རྒྱལ་པོ་འཁོར་བཅས་ལ་དབང་ཆེན་མང་པོ་གནང་། འགྲོ་མགོན་འཕགས་པས་རྒྱལ་པོ་གསེར་གྱི་སྐ་རགས་ཅན་ལ་དབང་ཆེན་གནང་བའི་གནས་ཡིན་པས་མཚན་ལ་དབང་སྡེ་ཞེས་བཏགས། རྗེས་སུ་ས་སྐྱ་པའི་བླ་མ་མང་པོ་གནས་འདིར་བྱོན་ཏེ་ནང་པའི་ཆོས་དར་བར་མཛད། ད་དུང་རི་བོ་དགེ་ལྡན་པའི་བླ་མ་མང་པོ་གནས་འདིར་བྱོན་མྱོང་ལ། ས་ཆ་འདིར་རྒྱ་མང་ཞིང་བོད་ཧ་ཅང་ཉུང་བས་རིམ་གྱིས་རྒྱ་དགོན་དུ་གྱུར་པར་སྙམ། སྤྱི་ལོ1927ལོར་ལང་ཇུ་ཕྱོགས་སུ་ས་འགུལ་ཆེན་པོ་བྱུང་བའི་སྐབས་སུ་ལྷོ་དབང་སྡེ་ལ་ཉམས་ཉེས་གང་ཡང་མ་བྱུང་བར་བཤད་ལ། རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བཀྲ་ཤིས་མཆོད་རྟེན་དེ་ལ་གཏོར་བཤིག་ཐེབས་ནས་ད་ལྟ་ཤུལ་ཙམ་ལས་ཅི་ཡང་མེད་པར་གྱུར་འདུག

བྱང་རྒྱ་མཚོའི་སྡེ(海藏寺)ཞེས་པ་ནི། དེང་སང་གྲོང་ཁྱེར་ཝུའུ་ཝེའི་བྱང་ཕྱོགས་སུ་ཆགས་ཤིང་མཁར་གྲོང་དང་ཉེ་བོ་འདུག སྤྱི་ལོ1987ལོར་བཏབ། གནས་དེ་སྔོན་ཧོར་གོ་དན་རྒྱལ་པོ་ལ་ཀླུ་ནད་གཏོང་མཁན་གྱི་ཀླུ་གདུག་པ་ཅན་གནས་པའི་ས་གཞི་ཡིན་ལ། ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་ཞལ་གྱི་བུམ་བཟང་ལས་དམ་ཆོས་ཟབ་མོ་ལྷུག་པར་བསྩལ་ནས་གདུལ་བྱ་རྣམས་ལ་ཐར་པའི་ས་བོན་གནང་སའི་གནས་ཆེན་ཡིན། སྡེ་འདི་ཡོན་རྒྱལ་རབས་དུས་མཇུག་ཏུ་དམག་འཁྲུག་བྱུང་བས་ལྷ་ཁང་དང་བཅས་པ་གཏོར་བཤིག་བྱས། རབ་བྱུང་བརྒྱད་པའི་ཆུ་ཡོས་ནས་མེ་ལུག་སྤྱི་ལོ1983ལོ་ནས1987ལོའི་བར་ལང་ཇུ་ཕྱོགས་ཀྱི་རྒྱའི་དམག་དཔོན་ཀྲང་པིན་གྱིས་གཙོ་འགན་ཁུར་ཏེ་བྱང་རྒྱ་མཚོའི་སྡེ་དེ་བསྐྱར་བཞེངས་རྒྱ་ཆེན་པོ་བྱས་པ་ནས་རིམ་གྱིས་རྒྱ་དགོན་དུ་གྱུར། རིམ་གྱིས་ལྷ་ཁང་ཉམས་གསོ་དང་སྐུ་གསུང་ཐུགས་རྟེན་མང་པོ་གསར་བཞེངས་མཛད་དེ་ཝུའུ་ཝེ་ཕྱོགས་ཀྱི་རྒྱ་བརྒྱུད་ནང་བསྟན་གྱི་དགོན་ཆེན་ཞིག་ཏུ་གྱུར་ཏོ། །

ཉིན་གསུམ་པར། ལང་ཇུའི་རྗེས་དྲན་ཁང་དུ་འགྲོ་མགོན་འཕགས་པས་ཕྱག་བྲིས་མཛད་པའི་ཧོར་ཡིག ཁྲམ་ཤིང་ཡི་གེ། ཡོན་རྒྱལ་རབས་སྐབས་ཀྱི་ས་གནས་བཅད་བཟུང་གི་ཚུལ་བཅས་ལ་ཞིབ་ཏུ་མཇལ་བ་ཡིན། དཔལ་ལྡན་རྡོ་རྗེ་ཕག་མོའི་སྡེ(亥母洞寺)ཞེས་སྔོན་ཆད་ལང་ཇུའི་བོད་ལུང་ཚོ་དྲུག་ལ་གཏོགས་པའི་ནང་པ་སངས་རྒྱས་ཀྱི་ཆོས་སྡེ་ཞིག་ཡོད་པར་བཤད་མོད་འགྲོ་མ་ཐུབ། ལེའུ་ཐེ་བང་སོ(雷台汉墓)ལས་བྱུང་བའི་ཧན་རྒྱལ་རབས་དུས་ཀྱི་ཟངས་ཀྱི་རྟ་མཆོག་བྱ་འཕུར་མ་དང་ལེའུ་ཐེ་བང་སོའི་དོང་ལམ། ཆིན་རྒྱལ་རབས་ཕྱི་མའི(后秦)དུས་ཀྱི་ལོ་ཙཱ་བ་ཆེན་པོ་ཀུ་མཱ་ར་ཤྲཱིའམ་བོད་སྐད་དུ་གཞོན་ནུ་དཔལ་གྱི(鸠摩罗什)དགོན། ཆིན་རྒྱལ་རབས་ཕྱི་མའི(后秦)དུས་ཀྱི་ལོ་ཙཱ་བ་ཆེན་པོ་ཀུ་མཱ་ར་ཤྲཱིའི་རིང་བསྲེལ་བཞུགས་པའི་སྐུ་གདུང་མཆོད་རྟེན། མི་ཉག་བཤམས་སྟོན་ཁང(西夏博物馆)དུ་ཡོད་པའི་མི་ཉག་གི་ཡི་གེ་དང་རྗེ་མི་ལའི་སྐུ་བརྙན། བོད་ཡིག་གི་འཕགས་པ་རྒྱལ་མཚན་རྩེ་མོ། བོད་ཀྱི་ཐང་རྙིང་། མི་ཉག་ཡི་གེའི་དཔར་ཤིང་སོགས་སྔོན་མཐོང་བ་ལྟ་ཞོག་གོ་ཐོས་ཀྱང་ཆེར་མེད་པའི་ངོ་མཚར་ལྟད་མོས་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད།

འགྲུལ་བཞུད་ཀྱི་ཉིན་བཞི་པ་སྟེ་ཚེས་དྲུག་ཉིན་ཀྲང་ཡེ་ས་ཁུལ་ལ་འབྱོར། འདི་ལ་བོད་སྐད་དུ་འབྲོང་ཡུལ་ཞེས་འབོད་པར་སྐད། གནས་འདིར་ཆེས་ངོ་མཚར་བ་ནི་རྟ་རྨིག་དགོན་དགའ་ལྡན་དམ་ཆོས་གླིང་རེད། ད་ལྟའི་ཀྲང་ཡེ་ས་ཁུལ་གྱི་སུའུ་ནན་ཡུ་གུར་རིགས་ཀྱི་ཁོངས་སུ་ཆགས།ཀྲང་ཡེ་གྲོང་ཁྱེར་དང་སྤྱི་ལེ་རེ་ལྔ་ཙམ་མཆིས། རྣམ་རྒྱལ་མའི་ཕུག་པ་དང་། འོད་ཟེར་ཅན་མའི་ཕུག་པ། འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཕུག་པ་གོང་འོག་བར་གསུམ། གསེར་བཞེངས་མཆོད་རྟེན་ཕུག་པ། སངས་རྒྱས་སྟོང་སྐུའི་ཕུག་པ་བཅས་བྲག་ཕུག་བརྐོས་མ་བདུན་ལས་གྲུབ་པ་དང་བྱེ་བྲག་ཕུག་པ་བདུན་ཅུ་ལྷག་གིས་གྲུབ། ཕུག་པ་བརྒྱད་པའི་ཤར་བྱང་གི་བྲག་ཟུར་དུ་རྟ་མཆོག་གི་རྨིག་རྗེས་གསལ་ལྷང་ལྷང་ཞིག་དངོས་སུ་རང་བྱུང་དུ་མཆིས་པ་ལ། ལ་ལས་རྒྱ་ནག་གི་ཞི་ཧན་གོང་མའི་ལྷ་རྟའི་རྗེས་རེད་དང་། ལ་ལས་བོད་ཀྱི་གླིང་གེ་སར་རྒྱལ་པོས་ཧོར་གླིང་གཡུལ་འགྱེད་སྐབས་ཀྱི་རྟ་མཆོག་རྐྱང་རྒོད་གཡེར་བའི་རྨིག་རྗེས་སུ་ངོས་འཛིན་བྱེད། གང་ལྟར་རྨིག་ཤུལ་དེ་ལས་རྒྱ་སྐད་དུ་མ་ཐི་དགོན་ཞེས་བཏགས། ད་དུང་ཕུག་པའི་ནང་ན་གནས་བརྟན་བཅོ་བརྒྱད(རྒྱ་ལུགས)དང་རྒྱལ་ཆེན་རིགས་བཞི་ལྷང་ངེ་ལྷམ་མེར་བཞུགས། རྗེ་ཁྲི་སྲོང་སྐབས་ཀྱི་བློན་ཆེན་སྟག་སྒྲ་ཀླུ་གོང་དང་སྐྱེན་པོ་མི་དགུ་གཙོས། ཕྱིས་སུ་རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ། ཆོས་རྒྱལ་བློ་གྲོས་འཕེལ། ཁྱུང་ཚ་དགེ་བཤེས་རབ་བརྟན། ཐུའུ་བཀྭན་སྐུ་ཕྲེང་གསུམ་པ་ཚང་། རྗེ་ཨ་རོལ་ཚང་། སྟོང་སྐོར་སྐུ་ཕྲེང་དྲུག་པ་ཚང་སོགས་ཀྱིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་མྱོང་སའི་གདན་ས་ཁྱད་པར་ཅན་ཡིན་པར་བཤད། ད་ལྟ་རྒྱལ་ཁབ་རིམ་པའི་རིག་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་ཚུད་འདུག ཕྱིར་ལོག་པའི་ལམ་བར་དུ། ཀྲང་ཡེ་ཚོན་ཁྲའི་ས་དམར་ས་གཤིས་གླིང(张掖七彩丹霞地质公园)དུ་ཆས་ཀྱང་ཆེད་ལས་ས་གཤིས་རིག་པའི་སྐོར་མིན་ན་དེའི་ཕྱིའི་སྣང་ཚུལ་ཙམ་ལ་མཚར་སྣང་སྐྱེས་པ་ཙམ་ལས་ཧ་གོ་རྒྱུ་ཅི་ཡང་མི་འདུག

ཚེས་བདུན་དང་བརྒྱད། དགུ་བཅས་ཉིན་གསུམ་ལ་ཏུན་ཧོང་སྟེ་ཤ་ཇུའི་ཡུལ་དུ་འདུག་རྒྱུ་བྱས་ཡོད། ཏུན་ཧོང་ད་ལྟ་ཅིའུ་ཆོན(酒泉)ཁོངས་སུ་གཏོགས་པའི་གྲོང་ཁྱེར་ཞིག་རེད་འདུག ང་ཚོ་གནས་དེར་འབྱོར་དུས་སྔ་དྲོ་ནམ་གསལ་མ་གསལ་གྱི་མཚམས་ཤིག་རེད། མེ་འཁོར་ལས་སར་བབས་མ་ཐག་འཁྱག་སིབ་སིབ་ཀྱི་གྲང་རླུང་ཞིག་གིས་གདོང་ལ་ཤེད་ཀྱིས་བྲབས་འོང་། ཉིན་དང་པོར་ང་ཚོ་ཏུན་ཧོང་བྲག་ཕུག་ལ་མཇལ་སྐོར་དུ་འགྲོ་རྒྱུ་བྱས། གནས་དེའི་མི་རྣམས་ཧ་ཅང་གཤིས་ཡག་ཡིན་པའི་ཚོར་བ་སྦྱིན། ཉིན་གསུམ་པོར་ཁ་ལོ་བ་མི་བཟང་ཞིག(རྗེས་ནས་ཕྱིར་སློབ་གྲྭར་འབྱོར་དུས་ཁོས་ང་ཚོར་རྩིས་ཐོ་རྫུན་བཟོ་བྱས་འདུག་པ་ཤེས)གིས་རླངས་འཁོར་གོང་སླ་མོ་བྱས་ཏེ་ཕྱོགས་ཡར་མར་ལ་ཁྲིད་པས་ལམ་མི་ཤེས་པ་སོགས་ཀྱི་དཀའ་ངལ་ཅི་ཡང་མ་བྱུང་།

ང་ཚོ་བྲག་ཕུག་ཨང་བཅོ་ལྔ་པ་དང་དགུ་པ། བཅུ་དྲུག་པ། བཅུ་བདུན་པ། རེ་གཅིག་པ། རེ་གཉིས་པ། རེ་གསུམ་པ། ཉིས་བརྒྱ་སོ་བདུན་པ།སུམ་བརྒྱ་ཉེར་ལྔ་པ། བཞི་བརྒྱ་ཉེར་བརྒྱད་པ་སོགས་ལ་རེ་རེ་བཞིན་སོང་བ་ཡིན། (ད་ལྟ་དངོས་སུ་ཨང་རྟགས་བཀོད་པའི་བྲག་ཕུག492ཡོད་འདུག)སྣེ་ཤན་པས་བྲག་ཕུག་རེ་རེའི་ནང་གི་ལྡེབས་རིས་དང་སྐུ་བརྙན་དག་ངོ་སྤྲོད་འོས་འཚམ་ཞིག་བྱས་ཀྱང་མ་གཞི་ནས་འབྲེལ་ཡོད་རྒྱུ་ཆར་རྨོངས་ཤིང་ལྷག་པར་གོ་ཐོས་ཙམ་ལས་དངོས་མཇལ་ཐེངས་དང་པོ་ཡིན་པས་སེམས་ངོར་འཕྲོད་པ་ཞིག་འབྱུང་ཁག་པོ་རེད། ངའི་སེམས་ངོར་རྒྱ་མི་རྣམས་ཀྱི“读万卷书、行万里路”ཞེས་པའི་གཏམ་འདི་ལ་འདང་རྒྱག་རྒྱུ་འདུག་ཨང་འདོད་སོང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས་དང་འབྲེལ་བ་དམ་ལ་དགེ་ཆོས་མཆོག་ནས་ཡང་ཡང་གླེང་བའི་བྲག་ཕུག་བཅུ་བདུན་པར་ཞིབ་ཏུ་མཇལ་ཡང་སྐུ་བརྙན་ཞིག་ལས་ཅི་ཡང་མཐོང་རྒྱུ་མི་འདུག་པས་སྐད་གྲགས་ཆེ་བའི་ཏུན་ཧོང་བྲག་ཕུག་གིས་ངའི་སེམས་ཅུང་བློང་བློང་པོར་བཏང་། ཏུན་ཧོང་གི་བྲག་ཕུག་དང་པོ་བརྐོས་པ་ནས་ལོ་ངོ་ཆིག་སྟོང་བདུན་བརྒྱ་དང་ཝང་ཡོན་ལུའུ་ཡིས་ཏུན་ཧོང་གི་བྲག་ཕུག་ལས་ཡིག་རྙིང་ཐོག་མར་རྙེད་དུས་ནས་ལོ་ངོ་བརྒྱ་དང་བཅུ་བདུན་ལོན་པའི་དེ་རིང་ངས་བྲག་ཕུག་དག་ལས་ཅི་ཡང་མཐོང་གི་མི་འདུག ཡང་ན་ཅི་ཡང་ཤེས་ཀྱིན་མི་འདུག

ཡིག་རྙིང་གསར་རྙེད་བྱུང་སའི་གནས་དེར་ཏུན་ཧོང་དུ་འབོད་པས་ཏུན་ཧོང་ཡིག་རྙིང་ཞེས་སུ་བཏགས་ལ། ཏུན་ཧོང་བྱ་བའི་མིང་འདི་རྒྱ་མིང་ངམ་སོག་མིང་གང་ཡིན་པར་ཡང་དོགས་པ་ཟ། བོད་སྐད་དུ“འདུ་ཁང”དང“སྟོང་དཔོན”སོགས་སུ་འབོད་དགོས་པར་བཤད་མོད་རྒྱུ་མཚན་ཡང་དག་ཅིག་མེད་ན་བཤད་ཁག ལོ་རྒྱུས་སུ། ཆིན་སྔོན་མའི་ཅན་ཡོན་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ366ལོར། དགེ་སློང་ཞིག་མིང་ཧྲ་རི་བོའི(鸣沙山)ལྡེབས་སུ་ཐོན་དུས་མིག་ལམ་ལ་འོད་སྣང་ལམ་ལམ་འཕྲོས་ཤིང་སངས་རྒྱས་སྟོང་ཕྲག་གསེར་འོད་ཁྲོད་བཞུགས་པ་ལྟར་མངོན་པས་རྟེན་འབྲེལ་འགྲིག་སྟེ་གནས་འདིར་བྲག་ཕུག་དང་པོ་གསར་རྙེད་བྱུང་བར་བཤད། གཞན་ཏུན་ཧོང་ནི་རིག་གནས་ཀྱི་ལས་རྐྱང་པ་གཉེར་བའི་མཁས་མང་འདུ་ས་ཙམ་མ་ཡིན་པར་ཤར་ནུབ་ཀྱི་ཚོང་པ་མང་པོ་འདུ་ས་ཞིག་ཀྱང་ཡིན་པ་ད་བར་སྨྱན་བྱད་མང་པོར་ཤུགས་ཆེར་སྒྲོག་བཞིན་པ་ལྟ་བུ་རེད། དུས་རབས་བརྒྱད་པའི་དུས་དཀྱིལ་ཙམ་ལ་ཏུན་ཧོང་ཡང་བོད་ཀྱི་སྲིད་འཛིན་འོག་ཚུད་པས་བོད་ཀྱི་ཆོས་ལུགས་པ་སོགས་མཁས་པ་མང་པོས་རིག་གནས་ཀྱི་བྱ་བ་སྒྲུབ་སའི་གནས་གཞི་གལ་ཆེན་ཞིག་ཡིན་པར་བརྗོད། བོད་ཀྱིས་ཏུན་ཧོང་དུ་བྲག་ཕུག55གསར་བཞེངས་དང་བྲག་ཕུག33ལ་ཉམས་གསོ་བྱས་པ་འབྲེལ་ཡོད་ལོ་རྒྱུས་ཡིག་ཆར་གསལ། རྗེས་སུ1907ལོར་དབྱིན་ཇིའི་སི་ཐན་དབྱིན(斯坦因1862-1943)དང་ཧྥ་རན་སིའི་པོ་ཞི་ཧུ(1908ལོར)(伯希和1878-1945)ཡིས་ཡིག་ཆ་དང་ཐང་ཀ གནའ་རྫས་མང་དུ་ཁྱེར་སོང་བའི་ལོ་རྒྱུས་ཀྱི་དྲན་པ་དག་ངའི་དྲན་འཛིན་གྱི་ངོས་སུ་ཇེ་གསལ་ལ་བཏང་སོང་།

སྤྱིར་ན་རེབ་འདིའི་འགྲུལ་བཞུད་ནི་ཏུན་ཧོང་ཕྱོགས་ཀྱི་མཐོང་ཐོས་ཡིན་དགོས་ལ། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ཡང་ཏུན་ཧོང་ནས་ཤེས་བྱ་ཕྲན་བུ་རེ་རེག་རྒྱུ་དེ་ཡིན་མོད། ངས་འདི་ནས་ཀློག་པ་པོ་དག་ལ་དགོངས་དག་ཞུ་དགོས་སོང་། ང་ཚོས་ཏུན་ཧོང་ནས་མཁར་ཤུལ་སྐྱ་ལེབ་རེ་འགའ་མཐོང་བ་ལས་གཞན་ཧ་ཅང་མངོན་གསལ་དོད་པར་སྣང་བ་ནི་གནམ་གཤིས་རེད། གྲོང་མཐའི་ཡུལ་ལྗོངས་རེད། གནས་དེ་ནས་ང་ཚོས་ས་ཁམས་བསླབ་ཚན་དུ་སྦྱངས་མྱོང་བའི་ནུབ་བྱང་ཐང་རྒོད་ས་ཆ་ཞེས་པ་ག་འདྲ་ཞིག་ཡིན་པ་ཁ་ནས་མ་བཤད་གོང་ཁོང་དུ་ཆུད་འོང་། ཚེས་རི་ལྟེང་ཀ (月牙泉)དང་མིང་ཧྲ་རི་བོ(鸣沙山)ནས་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་རང་ཤུགས་ཀྱིས་རྟོགས་ཡོང་། བྱེ་མའི་ངོགས་སུ་ཧབ་ཆ་ཆེན་པོས་རྩེད་དགོད་ལ་རོལ་བའི་མི་རྣམས་མཐོང་ན་དངོས་གནས་ཡ་མཚར་རྒྱུའང་འབྱུང་། རྔ་མོང་གི་གོང་ནས་པར་རེ་བསྐྱོན་ཏེ་སྐད་འཕྲིན་རྒྱབ་ལོག་ཏུ་བཞག་པ་ཡིན། མང་པོ་ཞིག་གིས་ཞབས་མཆན་ལ་ཁྱོད་ཚོ་སྐྱིད་པ་ལ་ཟེར། ངས་སྐད་དམའ་མོས་རང་གིས་རང་ལ“སྐྱིད་ཀི་འདོད་ན་ཁྱོད་རང་འདིར་ཕེབས་ཏེ་འཚོ་བ་རོལ་ཨང”ཞེས་བཤད་པ་ཡིན།

ཉིན་གཉིས་པ་དང་གསུམ་པར། སངས་རྒྱས་སྟོང་སྐུའི་བྲག་ཕུག་ནུབ་མ(西千佛洞)དང་ཏུན་ཧོང་གནའ་མཁར(敦煌古城) ཡུས་མོན་འགག(玉门关) དབྱང་ཀོན(阳关)། ཧན་རྒྱལ་རབས་དུས་ཀྱི་ལྕགས་རི་རིང་པོའི་ཤུལ(汉长城)། ཏུན་ཧོང་བཤམས་སྟོན་ཁང་སོགས་སུ་ཕྱིན་པ་ཡིན། དྲང་མོར་བཤད་ན། གནས་དེ་དག་གིས་ང་ལ་མཚར་སྣང་ཙམ་སྦྱིན་པ་ལས་བློ་བསྐྱེད་ཡ་མཚན་པ་ཐེབས་མ་སོང་། ནང་ལོགས་ཀྱི་རྒྱ་མོ་ཞིག་འབྲོག་པའི་རྩྭ་ཐང་དུ་སླེབས་པ་དང་འདྲ། དེའང་མ་རེད། རྩོམ་རིག་ཞིབ་འཇུག་པ་ཞིག་བཙན་པོའི་མཁར་རྫོང་ཉུལ་བ་དང་འདྲ་པོ་རེད།

ཚེས་བཅུ་ཉིན་གྱི་སྔ་དྲོར་ཕྱིར་སློབ་གྲྭར་ཆས་པ་ཡིན། ཏུན་ཧོང་སོགས་ཐེངས་འདིའི་འགྲུལ་བཞུད་ཁྲོད་ཀྱི་མཐོང་ཐོས་མྱོང་ཚོར་མཐའ་དག་སློབ་གྲོགས་ཚོའི་གཏམ་གླེང་དང་གདོང་གི་རྣམ་འགྱུར་ནང་ན་གསལ་པོ་རེད། ངས་ཚོད་ཚོད་ལ་དེ་འདྲ་ཞིག་བསམས། སློབ་གྲོགས་ལ་ལས་ཁ་པར་དུ་བཏབ་པའི་འདྲ་པར་དག་ལ་ཡང་ཡང་ལྟ། ལ་ལས་རྣ་ཉན་ཐོགས་ཏེ་གླུ་དབྱངས་གང་རུང་ལ་ཉན། ཡང་ལ་ལ་སྒེའུ་ཁུང་ནས་ཕྱི་རོལ་ལ་ཧད་འདུག །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།