ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ་གྱི་ལྔ་བོ་གཡའ་དྭངས་དྲན་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (མགོ་ལོག)ཀླུ་འབུམ་ཚེ་རིང་།   སྤེལ་དུས། : 2017-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རི་ལུང་གིས་ཆོད་པའི་འབྲོག་ན་བྱ་བ་སྒྲུབ་བཞིན་པའི་ཁོ་བོ་དཔག་ཚད་དུ་མའི་ས་ཡི་ཕ་ཡུལ་ཞིང་གྲོང་དུ་འཁོར་ཞག་ཏུ་འགྲོ་བའི་གོ་སྐབས་དེ་འདྲ་དཀོན་པས།ལོ་སར་ཕུད་དྲུག་པའི་ལབ་ཙེ་དང་།མ་ཎི་བུམ་སྒྲུབ།ལྔ་བོ་གཡའ་དྭངས་སོགས་དུས་ཆེན་ལ་རོལ་པའི་སྐབས་ནི་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་བཞིན་འདུག འདི་ནི་རང་ཉིད་ལོ་ན་ཆེ་རུ་རྒྱས་ཏེ་འཁོར་བ་ཟེར་བའི་ཁྲལ་ལས་འདིས་ཕུར་བ་བཞིན་གནས་གཅིག་ཏུ་བརྟོད་དེ་འགྲོ་འདུག་རང་དབང་ལ་ཚོད་བཟུང་བའམ།བྱ་བ་ཟེར་བའི་འགྲིག་བཙན་པོའི་འོག་ཏུ་གནང་པ་འཁྲོལ་རྒྱུ་བསམ་ཐོག་ལ་འཁེལ་རྒྱུ་ཁག་པའི་རྐྱེན་གྱིས་ཡིན་ནམ།གང་ལྟར་ཕ་ཡུལ་དུ་ལོག་རྒྱུ་ནི་དབྱར་གནང་དགུན་གནང་ཡོད་པའི་སློབ་གྲྭ་འགྲིམ་དུས་ལས་ཤིན་ཏུ་ཉུང་བས།ཕ་ཡུལ་གྱི་དུས་ཆེན་མང་པོ་ཞིག་མུ་མཐུད་དུ་རོལ་མ་ཐུབ་ཡིད་སེམས་ཕངས་པའི་གཞི་རུ་གྱུར་ཡོད།དེ་ལྟ་ན་ཡང་རང་གི་བྱིས་དུས་དང་གཞོན་ནུའི་དུས་སྐབས་གཉི་ག་ཕ་ཡུལ་ཞིང་གྲོང་ནས་འདའ་བ་ཡིན་པས།བག་ཆགས་མཐུག་པོ་ཞིག་གིས།དྲན་པ་ཟབ་མོ་ཞིག་གིས་ཆུང་དུས་ནས་རོལ་མྱོང་བའི་དུས་ཆེན་མང་པོ་ཡི་བག་ཆགས་ད་དུང་ཡང་རྒྱུད་ལ་སིམ་ཞིང་།ཤ་རྐང་རུས་རྐང་དུ་ཟུག་སྟེ།དྲན་པའི་ཀློང་ན་དུངས་ཞེན་གྱི་རླབས་རིས་འཁྱུག་གིན་གདའ།ད་ལོ་ལྔ་བོ་གཡའ་དྭངས་སླེབས་ལ་ཉེ་བའི་སྔ་རོལ་ནས་ཚང་མས་སྐད་འཕྲིན་སོགས་ནས་དུས་ཆེན་དེ་གླེང་གིན་འདུག་ལ།རྩོམ་ཐུང་དེ་དག་གསལ་འདེབས་དང་དྲན་སྐུལ་ཞིག་དང་འདྲ་བར་བྱེས་པ་ང་ཡི་སེམས་པ་དབང་མེད་དུ་ཕ་ཡུལ་དུ་འཁོར་བར་བྱས་པས།མཐའ་བཞི་སྔོ་ཞིང་གྲུ་བཞི་ཡིས་བསྐོར་ཞིང་།གཡུ་མདངས་འཁྱུག་པའི་ལྗོན་གསེབ་ན་དུད་སྤྲིན་གྱ་གྱུར་འཁྲིགས་པའི་ཕ་ཡུལ་གྱི་ལྔ་བོ་གཡའ་དྭངས་རོལ་སྟངས་དེ་ངའི་དྲན་ངོས་ན་ཆུ་མིག་བཞིན་དྭངས་འཚེར་འཚེར་དུ་བཞུར་གྱིན་འདུག

མདོ་སྨད་ཀྱི་རོང་ཁུལ་ཁ་ཤས་ཀྱིས་ལྔ་པའི་ཚེས་ལྔ་ཉིན་ལ་ལྔ་པའི་བ་གཞི་ཞེས་འབོད་ཀྱིན་ཡོད་ན་ཡང་།མཚོ་སྔོན་ཤར་རྒྱུད་དུ་ཆགས་པའི་ཡ་རྫི་རྫོང་ཁོངས་ཀྱི་བོད་སྡེ་ཚོས་ཉིན་འདི་ལ་ལྔ་བོ་གཡའ་དྭངས་ཞེས་འབོད།གནས་འདི་ནས་སྐྱེས་ཤིང་འཚར་བའི་དབང་གིས་ངས་སྔར་བཞིན་མིང་སོར་འཇོག་གིས་ལྔ་བོ་གཡའ་དྭངས་ཞེས་འབོད་འདོད་སྐྱེས།རྒྱུ་མཚན་ནི་ཆ་ཡོད་རྒྱུས་ཡོད་རང་ལ་སྙིང་ཉེ་བ་ཞིག་ལ་སྔོན་གྱི་བཏགས་མིང་བསྐྱུར་ཏེ་མིང་གཞན་ཞིག་གིས་འབོད་པར་ཡེ་ནས་མི་གོམས་པ་ལྟར།ཆུང་ངུའི་དུས་ནས་ཁ་ལ་བྱང་ཞིང་སེམས་ལ་འཇགས་པའི་མིང་འདི་རང་དགར་བརྗེ་འབོད་བྱ་རྒྱུ་སླ་མོ་ཞིག་ག་ལ་ཡིན།གལ་ཏེ་ལྔ་པའི་བ་གཞི་ཞེས་བོས་ཚེ།ཡུལ་མི་ཚོས་ང་ལ་གཞན་རྗེས་འབྲང་བའི་བུ་མདོ་མེད་ཅེས་འཕྱ་ཡང་སྲིད་པས།ངས་སྔར་བཞིན་ལྔ་བོ་གཡའ་དྭངས་ཞེས་འབོད་འདོད་དོ།

དུས་ཆེན་གང་ཞིག་ཡིན་ཡང་ཞིམ་མངར་བཟའ་བཏུང་ལོངས་སུ་སྤྱོད་ཞོར་དུ།སེམས་བག་ལ་ཕབ་སྟེ་ངལ་གསོ་རྒྱུ་ནི་ནང་དོན་གཙོ་བོ་ཡིན་པ་སྨྲས་ཅི་དགོས།ཕ་ཡུལ་གྱི་ལྔ་བོ་གཡའ་དྭངས་ཉིན་ལ་བཟའ་བྱ་ཟས་ཀྱི་མཆོག་ནི་ཀེའུ་ནང་སྙིང་ཡིན་པའི་ཚོམ་མ་ཡིན།ཉིན་སྔོན་མ་ནས་བུད་མེད་ཚོ་མར་གཞོང་ན་ཆགས་པའི་གྲོང་རྡལ་དུ་སོང་སྟེ།ལོ་མ་སྔོ་ལྕུག་ལྕུག་གི་ཀེའུ་སྤར་འཆིང་སྤར་འཆིང་བྱས་ཏེ་ཉོ་ཞིང་།སླེ་བོ་རུ་བཅུག་སྟེ་ཁྱིམ་ལ་ཁུར་འོངས།ཁྱིམ་ནས་ནང་གི་རྩྭ་ལྡུམ་བསལ་ཅིང་།ཐོག་གི་ས་འདམ་སྤྲུགས་ཞོར་ཚགས་མ་འམ་སླེའུ་རུ་སྤུངས་པ་དང་།ཆུ་ཁར་སོང་སྟེ་གཙང་མར་འཁྲུ།གཙང་མར་བཀྲུས་པའི་ཀེའུ་ཆུ་རྫའི་རྩ་རུ་བཞག་སྟེ་ཕྱི་ཉིན་ནངས་མོར་གཙབས་རྐྱང་བྱས།

ལྔ་པའི་ལྔ་ཉིན་གྱི་ཆུ་ནི་སངས་རྒྱས་སྨན་བླས་གནང་བའི་སྨན་ཆུ་ཡིན་པར་གྲགས་པས་སངས་རྒྱས་སྨན་བླའི་དུས་ཆེན་ཞེས་པའི་འབོད་སྲོལ་ཡང་ཡོད་པ་རེད།མོ་སྨན་ཚོ་ནམ་གསལ་ལ་མི་གསལ་བའི་དུས་སུ་མལ་ལས་ལངས་ཤིང་།ཆུ་ཟོ་རྒྱབ་ལ་ཁུར་ཏེ་ཆུ་མིག་ཁར་ཆུ་ལེན་དུ་འགྲོ།ཆུ་ཟོ་བའི་ནང་མེར་མེར་བཅུས་རྗེས།ཁ་ནས་ཐོམ་གསུམ་བླངས་ཤིང་།གནམ་དུ་གཏོར་ཏེ།ལྷ་ལ་མཆོད་པ་དང་།དེ་ནས་ཤག་ཤག་འབབ་པའི་ཆུ་མིག་རང་གི་ཁྱོར་བར་བླངས་ཏེ་སྒོག་སྒོག་འཐུང་།གདོང་ལ་བྲན་ཏེ་ཁ་ལག་བཀྲུ།ཁ་ལག་གཙང་སིང་ངེ་ཞིག་བཀྲུས་རྗེས།ཉེ་འཁོར་དུ་བཞད་པའི་དྲེས་མའི་མེ་ཏོག་ཆུན་པོ་ཞིག་བཏོགས་ཏེ་ལག་ཏུ་བཟུང་ཞིང་།རྡོ་སྟེགས་ནས་ཆུ་ཟོ་རྒྱབ་ལ་བླངས་ཏེ་ཁྱིམ་དུ་ལྡོག གསར་དུ་བླངས་པའི་ཆུ་ཡི་ཕུད་དེ་ཐོག་མར་ཐེབ་ཙེ་བདུན་ཚར་དུ་དྲངས་ཏེ་མཆོད་ཁང་དུ་བཞུགས་པའི་ལྷ་སྐུ་ཚོགས་ཀྱི་མདུན་དུ་བཤམ་པ་དང་།ཡང་ཤེལ་ཕོར་རམ་དམ་བུ་གཙང་མ་ཞིག་གི་ནང་བླུགས་ཏེ།དེའི་ནང་དུ་བསུང་ངད་ཆི་ལི་ལི་འཐུལ་བའི་མེ་ཏོག་སྔོ་ཁྲ་དེ་བཙུགས་ཏེ།དངོས་བཤམས་མཆོད་འབུལ་བྱས་པ་ན། མཆོད་ཁང་དུ་ཆབ་དྭངས་མའི་འོད་ལམ་ལམ་སྤྲོ་ཞིང་།མེ་ཏོག་དང་སྤོས་ངད་དབང་པོར་སིམ་ནས་འོང་།

ཁྱིམ་བདག་མ་ཚོས་མཆོད་འབུལ་བྱས་ཚར་རྗེས།ནག་ཁང་དུ་འོངས་ཏེ་ཆུ་རྫ་རྩ་ཡི་ཀེའུ་ཨན་པན་དུ་བླངས་ཏེ།གཙབས་བཞིན་པའི་སྐབས་སུ།བཟའ་མི་གཞན་དག་ཀྱང་མལ་ལས་ལྡང་ལ།ཆུ་ཁར་སོང་སྟེ་ཆུ་ཁ་ལ་འཐུང་།ཁྱོར་བས་བཅུས་ཏེ་གདོང་ལ་བྲན།དངོས་གནས་ངོ་མཚར་བ་ནི་ཆུ་དྭངས་ཤིང་བསིལ་མོ་འདིས་བྲན་པ་ན།རྣམ་རིག་སྔར་བས་དྭངས་འགྲོ་བར་མ་ཟད།ཡིད་ཀྱི་སྒྲིབ་པ་བྱང་བའི་བདེ་བ་སྨྲ་མི་ཤེས་པ་ཞིག་ལུས་ཕུང་ཡོངས་ལ་ཁྱབ་འགྲོ།དེ་བས་ངའི་བསམ་པར་རྫ་འདབས་ན་ཆགས་པའི་ཕ་ཡུལ་འདི་ན་དབང་པོ་སྣ་ལྔ་མི་ཚང་བའི་སྐྱོན་ཅན་ཧ་ཅང་ཉུང་པ་དང་།ལོ་བརྒྱད་ཅུ་དང་དགུ་བཅུར་སོན་ཡང་ཀྲོག་ཀྲོག་འགྲོ་ཐུབ་པའི་བགྲེས་ཁོག་མང་པར་མ་ཟད།ཚེ་ལོ་བརྒྱ་ཐུབ་པའི་བསོད་ནམས་ཅན་ཡོད་པ་འདི་ཡང་།སླད་མ་གོས་པའི་རང་བྱུང་ཁམས་ཀྱི་ནུ་ཞོ་ཁ་ལ་རེག་ཅིང་།ལུས་ལ་གཏོར་བའི་བྱིན་རླབས་ཡིན་སྙམ།བྱིས་པ་ཚོས་ཁ་ལག་བཀྲུས་པ་དང་།ཞིང་བར་དང་།རྐ་ཁར་བརྒྱུགས་ཏེ་རེའུ་ལྕག་པ་དང་།དྲེས་མའི་མེ་ཏོག་བཏུ་བ་དང་། ལྕང་མ་དང་དབྱར་སྡོང་གི་ཡལ་འདབ་རེ་བཅགས།འགའ་རེས་ད་དུང་ལྗོན་པའི་ཡལ་འདབ་ཀྱིས་སྡོང་ཞྭ་གོར་གོར་བསླས་ཏེ་མགོར་གྱོན།བྱིས་པ་རྣམས་ཀྱིས་མེ་ཏོག་དང་སྡོང་པོའི་ཡལ་འདབ་དེ་དག་ཁྱིམ་གྱི་སྒོ་མགོ་དང་སྒོ་སྲུབས་སུ་བཙུགས་ཏེ།ཁྱིམ་ཕྱི་ནང་གཉི་གར་སྟེང་འཐུང་དང་རྐང་འཐུང་གི་གཡུ་མདོག་དང་བཀྲག་མདངས་ཀྱིས་རྣམ་པར་རྒྱན་པར་བྱས།ཁང་ཀླད་དུ་སྐྱེས་པ་ཚོས་ཕུད་པའི་བསང་དུད་དང་སྐྱེས་མ་ཚོའི་གཡོ་སྐོལ་གྱི་དུད་ཞགས་སྔོན་མོ་གཉིས་མཁའ་ལ་འཁྱུག མདུན་རིའི་མགོ་ལ་ཉི་མའི་གསེར་ཞྭ་གཡོགས་ཏེ་ཡུད་ཙམ་ཕྱིན་པ་ན།ཚོས་ལ་ཉེ་བའི་གཡོས་ཟས་ཀྱི་དྲི་མ་གང་སར་ལྡང་།ཁྱིམ་བདག་མས་ལག་པར་ཕུ་འདེབས་བཞིན་ཐབ་ཟངས་ཁ་ཡི་ཁོལ་ཚགས་ནས་རླངས་ཐུལ་ཐུལ་གྱི་ཀེའུ་ཚོད་རྣམས་སྡེར་མར་བཏུ་མགོ་རྩོམ།ཐོག་མར་བཏུས་པ་དེ།བྱིས་པ་ཞིག་གི་ལག་ལ་བཞག་སྟེ་སྡེ་བའི་ནང་གི་ཉེ་དུ་ཚང་ལ་སྐལ་འཁྱེར་དུ་འཇུག བཟའ་མི་གང་པོ་གོ་ཁའི་ཅོག་ཙེའི་མཐའ་རུ་གོར་གོར་གྱི་ལེར་བསྡད་པ་དང་།རེ་ཞིང་སྒུག་པའི་ཟས་དེ་གཞི་ནས་ལོངས་སུ་སྤྱོད་པར་བྱས།ཁ་ལ་ཅུང་ཚ་ཡང་བལྡད་ན་སྙི་ཞིང་།ལྕེ་ལ་འཇམ་པའི་ཀེའུ་ཚོད་ཅི་འདོད་དུ་ཟོས་པ་ན།རེ་རེའི་གདོང་ལ་སྣུམ་བག་ཀྱུག་གེར་འཚེར་ཡོང་།དངོས་གནས་ཞིང་གྲོང་གི་བུད་མེད་ཚོ་ལག་བདེ་དང་ལག་བཅུད་འཛོམས་པ་ཤ་སྟག་ཡིན་ཏེ།མོ་ཚོའི་ལག་ཡས་ཤིག་གིས་ཕྱེ་ཤུན་ལེབ་མོ་ཞིག་ལག་མཐིལ་དུ་བཏིང་བ་དང་། ལག་ཡས་ཤིག་གིས་ཀ་ཏོ་ར་ནས་ནང་སྙིང་ཐུར་མའམ་མཛུབ་བར་དུ་བླངས་ཏེ་ཕྱེ་ཤུན་དུ་བཅུག་པ་ན།མོ་ཚོའི་བསེར་མ་རླུང་གི་འགྲོས་ལྟར་མྱུར་བའི་ལག་སོར་ལས། གོ་རེ་རླངས་བཙོས་དང་ཚོམ་མ་རེ་རེ་གཤོག་ཐོགས་བྱ་འཕུར་འཕུར་གྱིས་ཁོལ་ཚགས་སུ་ཕྱི་རིམ་ནང་རིམ་གྱིས་འབབ་ཅིང་།ཁོལ་ཚགས་ཉིས་རྩེག་གིས་ཐབ་མེ་འུར་འུར་འབར་བའི་ཟངས་ཁར་བསྐྱོན།ཚོས་ཟིན་པ་དང་།སླར་ཐབ་ནས་འདོན་ཞིང་།སྡེར་མའི་ནང་འཐུ།བཟའ་མི་ཚོའི་མདུན་དུ་བཤམས་པ་ན།འཕུར་ལ་ཁད་དང་དགོད་ལ་ཁད་ཀྱི་མངར་ཟས་དེ་དག་མིག་ལ་རྒྱུ་མ་ཐག སྲེད་པའི་མཆིལ་མ་དབང་མེད་དུ་ལྕེ་རྟིང་དུ་འཁྱིལ་ཡོང་།ང་རང་ཆུང་ངུ་ནས་གཞོན་འདབ་ལག་རྒྱས་རེག་བར་དུ་དྲིན་ཆེན་མ་ལོ་དང་།ཨ་ཆེ་དང་སྲིང་མོ།སྲི་མོ་བཅས་ཀྱིས་གཡོས་སྦྱོར་བྱས་པའི་མངར་ཟས་ལོངས་སུ་སྤྱོད་པའི་སྐལ་བ་དམན་མ་མྱོང་ལ།ལྷག་ཏུ་ཨ་མའི་ལག་ནས་བཞད་པའི་བཅུད་ལྡན་ཟས་རིགས་སྲན་ཐུག་དང་།གོ་རེ་གཡག་རྭ།མར་གོར(རྡོ་སྦིས་ཡུལ་གྱི་ཟས་ཤིག་སྟེ་ནང་སྙིང་མར་ལོ་ཡིན)སོགས་ཀྱི་ཞིམ་མངར་དེ་འདྲ་སྟོད་འབྲོག་དང་སྨད་རྒྱ་ནག་གི་གྲོང་ཁྱེར་དག་གི་ཟས་སྣ་གྱ་ནོམ་པ་དག་ལ་ཡང་མི་འདུག་པས།ད་ལྟ་དུས་ཀྱིས་བསྐལ་ཞིང་ཡང་བསྐྱར་ཁ་རུ་སྨིན་པའི་བསོད་ནམས་ཟད་ཚེ།ཨ་མ་ལ་ཚེ་ཐོག་ནས་བཀའ་དྲིན་དང་བསྟོད་པའི་ཚིག་གཅིག་མ་ཕུལ་བ་དང་།ཐ་ན་དྲིན་གཟོའི་རྩོམ་ཐུང་ཡང་དེ་འདྲ་མ་བྲིས་པ་ལ་ནོངས་འགྱོད་ཅིག་སྐྱེས་པར་མ་ཟད།དེ་དུས་མགོ་བསྒུར་ཏེ་ཕག་གི་ལྟོ་འཐུང་འཐུང་བྱེད་ཚུལ་དྲན་ན་ངོ་ཚ་ཞིག་ཀྱང་སྐྱེས་འོང་།

ཁྱིམ་མི་ཚོས་དེ་ལྟར་ཀེའུ་ཚོད་ཡིད་ཚིམ་པ་ཞིག་ཟོས་རྗེས།མནའ་མ་ཡིས་ཀེའུ་ཚོད་འདང་ངེས་ཤིག་སླེ་བོར་བཅུག་སྟེ་རང་གི་ཡུལ་ལ་སྐལ་ཁྱེར་འགྲོ།ཡང་ཁྱིམ་མི་འགའ་རེ་ཞིང་ཁར་ཚ་གསུར་འཇོག་ཏུ་འགྲོ་བ་དང་།སྡེ་བའི་རྒན་དར་གཞོན་གསུམ་དང་མཉམ་དུ་རང་ཁྱིམ་མམ་མ་ཎི་ཁང་ནས་ཆོས་དཔེ་སྣ་རིང་སྣ་ཐུང་གདན་དྲངས་ཤིང་། རང་གི་རྒྱབ་ལ་ཁུར་ཏེ་ཡིག་དྲུག་དབྱངས་སུ་འགུག་བཞིན་ཆོས་སྐོར་རྒྱག བཤད་རྒྱུན་ལ་ལྔ་པའི་ཚེས་ལྔ་ཉིན་ལ་ཞིང་ཁར་ཚ་གསུར་འཇོག་པ་དང་ཆོས་སྐོར་བརྒྱབ་ཚེ།ཞིང་ལ་འབུ་སྲིན་དང་སད་སེར་གྱིས་མི་གནོད་པ་དང་།ཕྱུགས་ལ་གོད་ཁ་མི་ཡོང་ཞིང་།མི་ལ་ན་ཚ་མི་འོང་སྟེ།མདོར་ན་མི་ཕྱུགས་ལོ་གསུམ་འཕེལ་བའི་ཕྱིར་ཏེ་ལོ་གཅིག་གི་བཅའ་བའི་གོ་ཕེར་ཅེས་ཕན་ཡོན་བསམ་གྱིས་མི་ཁྱབ་པར་སྒོམ་པ་ནི།བོད་རང་གི་དུས་ཆེན་རོལ་སྟངས་ཐུན་མིན་ཞིག་ཡིན་ལ།སྲོལ་འདིའི་རྒྱུན་ད་དུང་ཡང་གྲམ་ཆུ་སྔོན་མོ་བཞུར་བཞུར་ལྟར་ཆད་མེད་སྐྱོང་བ་ནི།ངའི་ཕ་ཡུལ་འདི་དུས་ཀྱི་འཐོར་རླུང་གི་སོ་ཁ་ན་བརྡར་ཀྱང་མ་ཟད་པའི་བབ་བརླིང་རང་གཤིས་སྔར་མུས་བཞིན་འཛོམས་པའི་དན་རྟགས་སུ་གྲུབ་ཡོད།

ཉིན་གུང་གི་སྐབས་སུ།བྱིས་པ་དང་གཞོན་སྐྱེས་འགའ་རེས་རང་གི་ཁ་ཡ་ན་ཟླ་བོས་ཏེ།ཟངས་དེམ་དང་བ་མ་སོགས་བཟུང་ཞིང་།སྡོང་ར་རུ་སོང་སྟེ་ཇ་དང་ཕྱེ་ཐུག་བསྐོལ་ཏེ་མུ་མཐུད་དུ་ཁ་སྐྱིད་རྒྱག  ཕྱི་དྲོ་སླེབས་པ་དང་།སྡེ་བའི་གསར་གཞོན་རྣམས་ང་ཚོའི་སྡེ་འདབས་ཏེ།འདན་མ་ནེའུ་ནང་ཞེས་འབོད་པའི་སྡོང་གསེབ་ཏུ་ཞོགས་འགྲོ།ང་རང་ལོ་ན་དགུ་དང་བཅུ་ཡས་མས་ཀྱི་སྐབས་སུ་རྒྱུ་མཚན་ཅི་ཡིན་མ་ཤེས་པར་རང་མཉམ་བྱིས་པ་སྐོར་ཞིག་དང་མཉམ་དུ།གནམ་ལྡིང་ས་ལྡིང་དང་བཅས་གསར་གཞོན་ཕོ་མོ་ཚོའི་རྗེས་སུ་བརྒྱུགས་པ་ན།འདན་མ་ནེའུ་ནང་ན་ལ་དང་ལུང་པ་ནས་ཡོང་བའི་གསར་གཞོན་ཕོ་མོ་དག་ཁྲ་ཀྲིག་གེར་འདུས་འདུག ང་ཚོ་ལྟ་བུའི་ལོ་ན་ཆུང་ཆུང་གི་བྱིས་པ་ནི་ཧ་ཅང་ཉུང་།མ་གཞི་ལྗོན་ཤིང་ཚང་ཚིང་འཁྲིགས་པའི་ནེའུ་ནང་འདི་ནི་གསར་བུ་གསར་མོ་ཚོའི་འཇིག་རྟེན་སྣང་བ་སྐྱིད་ལ་སྐུར་སའི་དགའ་ཚལ་ཏེ།ལ་གཞས་ཕར་འཐེན་ཚུར་འཐེན་བྱེད་སའི་གནས་མཆོག་ཅིག་ཡིན་འདུག དགའ་ཚལ་ལམ་ཁྲོམ་ཚོགས་འདི་བྱིས་པ་ཆུང་ཆུང་ཚོར་མི་གཏོགས་ཤིང་།ནང་དུ་ཞུགས་རྒྱུར་ཡེ་ནས་མི་མཛའ་བའི་ཁར་ལ་གཞས་ཀྱི་ནང་དོན་ཡང་དེ་འདྲ་མི་གོ།མུ་མཐུད་དུ་འདུག་འདོད་ཀྱི་ཡི་ག་ཡང་འགག་སོང་བས།ང་ཚོ་འུར་ཆིལ་ལེར་ཕྱིར་ཡུལ་དུ་ལྡོག་པ་ཡིན།ལོ་ན་རིམ་གྱིས་ཆེ་རུ་སོན་ཞིང་ཡིག་ངོ་ཅུང་ཟད་ཆོད་པ་ན།ལྔ་བོ་གཡའ་དྭངས་ཉིན་ལ།སྡེ་བའི་གསར་གཞོན་དག་གིས་ཆེས་རེ་སྒུག་བྱེད་པ་ནི།ཀེའུ་ཚོད་བཟའ་རྒྱུ་མིན་པར་འདན་མ་ནེའུ་ནང་དུ་སོང་སྟེ་ལ་གཞས་འཐེན་རྒྱུ་དང་ཉན་རྒྱུ་དེ་ཡིན་པ་ཤེས།སྡོང་གསེབ་དང་ཚེར་ཕུང་གི་བར་ན་ཕོ་མོ་ཚོས་ཁྱུ་དང་ཁྱུ།སྐོར་དང་སྐོར་བྱས་ཏེ།འགྲམ་པ་ལག་པས་སྐྱོར་ཞིང་།འཁོར་གྱིན་འཁོར་གྱིན་ལ་གཞས་ལེན།སྐར་ཚོགས་ཁྲ་ལམ་ལམ་དུ་འཚེར་བའི་ནམ་ཕྱེད་ཡོལ་བར་དུ་ཕོ་མོ་ཚོ་རང་སར་མི་འཐོར་བར་ལ་གཞས་ལེན་ལ།ནམ་གསལ་སེར་སོང་ཡང་ལ་གཞས་ཀྱིས་མ་ངོམས་པའི་བརྩེ་གདུང་ཅན་གང་མང་མཆིས། ལྔ་བོ་གཡའ་དྭངས་ཉིན་འདིར་ཕ་ཡུལ་གྱི་ཕོ་མོ་མང་པོ་ཞིག་གིས་དུངས་པའི་དར་སྐུད་ལ་གཞས་ཀྱིས་སྦྲེལ་ཏེ།ཚེ་གཅིག་གི་འདུན་མ་བསྒྲིགས་སོང་བ་རྣ་ཐོས་སུ་ལན་མང་སྨིན་མྱོང་།དཔེ་དང་དོན་གྱི་འཕལ་ཀ་ཧ་ཅང་འཕྲོད་པའི་ལ་གཞས་ལ་བཅུད་ལྡན་ཟས་དང་འོ་ཇའི་མངར་འཛོམས་ལ།དེ་སྐད་དྭངས་མོ་དང་ངག་བདེ་མོ་ཞིག་ལ་དྲངས་ཚེ།ཡིད་ནི་དབང་མེད་དུ་མྱོས་འགྲོ་བས།མཐའ་འཁོར་གྱི་ཉན་མཁན་ཚོས་ངོ་མཚར་དགའ་འབོད་མི་སྒྲོག་རང་དབང་བྲལ།སྔོན་ཆད་ང་ཚོའི་སྡེ་བའི་སྐྱ་སར་བབས་པའི་དགེ་བཤེས་རྡོ་རམས་པ་ཚང(རིག་གསར་གྱི་སྐབས་སུ་བཙན་གྱིས་སྐྱ་སར་བབས)ལོ་ཞིག་གི་ལྔ་བོ་གཡའ་དྭངས་ཉིན་ལ་སྡེ་བའི་གསར་བུ་ཚོ་དང་མཉམ་དུ་འདན་མ་ནེའུ་ནང་དུ་སོང་སྟེ།ལ་གཞས་ལན་འགར་གསན་པ་དང་།གཞས་ཀྱི་ནང་དོན་གྱིས་ཐུགས་ཡིད་ཅིག་ཅར་དུ་ཕྲོགས་པས་ངག་ནས“ངོ་མ་སྙན་ངག་ཟེར་བ་འདི་མིན་ན་ཅི་ཡིན”ཞེས་ཐལ་སོང་སྐད།ཡིན་ཡང་ཡིད་ཕངས་པ་ཞིག་ལ།ད་སྐབས་ལྔ་བོ་གཡའ་དྭངས་ཀྱི་ཉིན་འདི་ལ་འདན་མ་ནེའུ་ནང་དུ་སྔོན་ལྟ་བུའི་དགའ་སྤྲོའི་ཡོ་ལང་འཁྲིགས་ཐུབ་ཀྱིན་མེད་དེ།ཕ་ཡུལ་གྱི་དར་གཞོན་ཚོ་ཕྱི་ལ་ཞོར་ལས་བཙལ་དུ་ཕྱིན་པའམ་དབྱར་རྩྭ་རྐོ་ཉོ་རུ་ཕྱིན་ཏེ།ལུང་པའི་ཉིན་སྲིབ་ཀྱི་སྡེ་བ་ཕལ་ཆེ་བར་ཡུལ་སྲུང་དུ་བགྲེས་པོ་བགྲེས་མོ་དང་བྱིས་པ་དག་ལས་ལུས་མེད་པས།དེ་དུས་གསར་གཞོན་ཕོ་མོ་འདུ་སའི་འདན་མ་ནེའུ་ནང་ནི་ད་ལྟ་ཕྱོགས་བཞིར་རྡོ་ཡི་རྩིག་པས་བསྐོར་ཞིང་། ནང་ན་བྱ་འདབ་ཆགས་ཀྱི་གྲེ་འགྱུར་ཙམ་ལས་ལ་གཞས་སྙན་མོའི་གཤོག་འགྱུར་རྩེན་པའི་གོ་སྐབས་ཤིན་ཏུ་ཕྲ་ལ།སྟོང་འཇགས་གྲགས་མེད་དུ་ལུས་པ་མཐོང་ན་ཡི་མུག་ཅིང་ཞེ་ཕངས་པ་ཞིག་རེད།

ངའི་ཕ་ཡུལ་གྱི་ལྔ་བོ་གཡའ་དྭངས་ནི་དེ་འདྲའི་ནང་དོན་ཕུན་སུམ་ཚོགས་པའི་དུས་ཆེན་ཞིག་ཡིན་པས།ཁོ་བོས་ལོ་ཉི་ཤུ་ལྷག་གི་དབྱར་དགུན་སྟོན་དཔྱིད་བཞི་པོ་འབྲོག་ནས་ཟད་ཀྱང་དེ་བརྗེད་ཐབས་མི་འདུག་ལ།དེ་བས་ཀྱང་དར་གཞོན་ཕོ་མོ་ཚོ་འདུ་འཛོམས་བྱེད་སའི་འདན་མ་ནེའུ་ནང་དེའི་ལྷུང་ལྷུང་ཆུ་བོ་དང་སྡོང་ལོ་སྔོན་པོ།ཚེར་ཕུང་དག་མིག་ལམ་དུ་སྐབས་སྐབས་སུ་ཤར་ལ།ད་ལྟ་དྲན་ན་རྨི་ལམ་ཐུན་གཅིག་ལྟར་རློམ་དཀའ་བའི་ལ་གཞས་གཏོང་སའི་དགའ་ཚལ་དེར་སླར་ཡང་སྐད་དྭངས་མོ་དང་ངག་བདེ་མོ་དག་གི་གཞས་ཆུང་གང་དགར་འཕུར་ལྡིང་བྱས་ཤིང་།སྟག་ཤར་སྨན་ཤར་ཚོའི་ལག་ལས་ཀའི་བར་གྱི་སོས་དལ་བག་ཕེབས་ཀྱི་བསྟི་གནས་ཤིག་ཏུ་གྱུར་ན་ཅི་མ་རུང་སྙམ་མོ། །


རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།