ཀྲུང་གོ་བོད་ཀྱི་དྲ་བ།

​དགུན་ཁ་སླེབས་སོང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁམས་སྨྱོན་ཧེ་རུ་ཀ(ནང་ཆེན།)


1

དགུན་ཁ་སླེབས་སོང་། ལོ་ཟླ་རྒས་སོང་། གྲང་རླུང་ལྡང་བྱུང་། བྱེའུ་ཚང་དུ་ཡིབ། ལོ་རྒྱུས་ཀྱི་རླབས་ཕྲེང་རེ་རེ་སེམས་སུ་ཉལ་ནས་དུས་ཀྱི་འཕེལ་འགྲིབ་ལ་འཁྲེང་བའི་སྐར་ཚོགས་ཁྱུ་གཅིག་མུན་པས་བསྒྲིབས་སོང་།

2

ས་སྲོད་ཀྱི་གྲང་རླུང་ལྷིང་འཇགས་ཀྱིས་ལྡང་བྱུང་། མཚམས་སྤྲིན་སྟུག་པོས་ངལ་དུབ་ཀྱི་རེ་ཆད་སེལ་བཞིན་སྒོ་ཁྱི་ཟུག་སྐད་ད་དུང་མ་འཇགས། ལྷ་ལམ་ནས་དལ་གྱིས་རྒྱུ་བའི་སྤྲིན་ནག་དེས་ལྷིང་འཇགས་ཀྱི་བསིལ་རླུང་དེར་འཇབ་རྒོད་ཐེབས་བཞིན་རྔུལ་ཆུས་ཕྲུམ་ཕྲུམ་དུ་སྦངས་པའི་འདས་སོང་གི་ལོ་ཟླ་ནག་པོ་དེ་ངའི་མིག་མཐའ་ནས་ནམ་ཡང་རྫོགས་རྒྱུ་མེད་པའི་གནས་སུ་ལྷུང་།

3

ས་སྲོད་ཀྱི་བསིལ་རླུང་དལ་གྱིས་ལྡང་བྱུང་། སྔོ་ལྷོག་ལྷོག་གིས་འཕྱུར་བའི་རི་གྲོང་གི་མཁར་དབྱིངས་ནས་དུ་བའི་རྨུ་ཐག་ནི་སུ་ཞིག་གི་གསང་བའི་རྣམ་ཤེས་སུ་འཐིམ་ཡོད། སྟོན་མཇུག་གི་གྲང་རླུང་ཁྲོད་ལྷབ་ལྷུབ་ཏུ་འབབ་བཞིན་པའི་ཁ་བའི་འདབ་མ་རེ་རེ་སྐྱ་དུབ་བེར་གྱུར།

4

ཞོགས་པ་དེར་བྱང་རླུང་འུར་གྱིས་ལྡང་། དཀར་བོང་བོང་དང་སྨུག་ལང་ལོང་ཞིག་གིས་ལྷ་ལམ་ཡངས་པོར་ཁེངས། ལྷབ་ལྷུབ་ཀྱི་གར་ལ་རྩེན་པའི་ཁ་བའི་བུ་མོས་ངལ་དུབ་ཀྱི་གནས་སུ་བསྐྱལ། གྲང་ཤུར་ཤུར་གྱི་མཁའ་དབུགས་སྟུག་པོའི་ཁྲོད་ནས་འདས་པའི་འཕེལ་འགྲིབ་དང་དར་རྒུད་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་བཞིན་ཨུ་ཚུགས་ཀྱིས་འགྱིང་བའི་རྡོ་རིང་ཞིག་བརྟན་བརླིང་ངང་ལོ་རྒྱུས་ཀྱི་ཁུགས་སོ་རེ་རེར་འཚོལ་བཞིན་ལོ་ཟླའི་རླུང་ནག་རྩུབ་མོར་གདོང་ལེན་བྱེད་པར་མཆིས་ཨང་།

5

དགུན་གྱི་གྲང་རེག་ཇི་ལྟར་ཆེ་རུང་ཁ་བ་ནི་དཀར་པོ་ཡིན་པས་ནམ་ཡང་ཁ་བ་དཀར་པོ་ལྟ་བུའི་སེམས་རྒྱུད་དང་། གངས་རི་དཀར་པོ་ལྟ་བུའི་རང་གཤིས། གངས་ཆུ་བསིལ་མ་ལྟ་བུའི་བརྩོན་སེམས་ལྡན་པའི་སྐྱེ་བ་དག་ལ་མཚོན་ན་ཁ་བའི་མེ་ཏོག་བར་སྣང་ཁྱབ་ནས་ཁ་བའི་ནང་ནས་ཁ་བ་འཕེན་རེས་དང་། ཁ་བའི་ནང་ལ་རྐང་རྗེས་སྣ་ཚོགས་ཀྱི་རི་མོ་འགོད་བཞིན་རང་རང་གི་ཁྱིམ་དུ་ཆས་བྱུང་།

2016.11.1ཉིན་ཟུར་མང་ནས་གྲུབ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།