ཆབ་ཆ་དང་ངའི་དཔེ་མཛོད་ཁང་།

__ ལྷུག་རྩོམ་འདི་ཆབ་ཆར་བཞུགས་པའི་མི་རྣམས་ལ་ཕུལ་བ་ཡིན།

འབའ་སྨད་རྒྱལ་ལོ་ཚེ་རིང་། (ལྷ་ས)

4252.JPG

མཐོ་འབྲིང་གི་དུས་ནས་བཟུང་ཆབ་ཆ་ན་དཔེ་ཀློག་བྱེད་ཆོག་པའི་སྤྱི་ལ་དབང་བའི་དཔེ་མཛོད་ཁང་ཞིག་ཡོད་པ་དུས་དེར་ཤེས་ཏེ་དཔེ་ཁང་དུའང་སྐབས་དེ་ནས་འགྲོ་འགོ་བརྩམས་པ་ཡིན། དཔེ་མཛོད་ཁང་དེ་ནི་ཆབ་ཆ་ཁུལ་ཐོག་གི་མེ་ཏོག་ལྡུམ་རྭའི་འགྲམ་དུ་ཡོད་ཅིང་གཞོན་ནུའི་ཕོ་བྲང་གི་གཡས་ཕྱོགས་ཀྱི་ཉིས་ཐོག་ཏུ་ཡོད། དཔེ་ཁང་དུ་ཀྲུང་གོའི་ནང་ཁུལ་གྱི་དཔེ་རྙིང་དང་གནའ་དེང་ཉེ་གསུམ་གྱི་དཔེ་དེབ་དང་ཚགས་པར་སོགས་མང་ཞིང་དཔར་སྐྲུན་བྱེད་བཞིན་པའི་དེབ་དང་ཚགས་ཤོག་དུས་ལྟར་ཐོན་ཀྱིན་ཡོད་པས་དཔེ་ཀློག་ལ་མོས་པའི་མི་ལ་མཚོན་ན་དེ་གར་སྣ་འཛོམས་ཤིང་ཤིན་ཏུ་སྟབས་བདེ་ལ། མཐུན་རྐྱེན་ལེགས་པའི་དཔེ་ཁང་ཞིག་ཡིན་སྟབས་ཁོ་བོ་གཟའ་འཁོར་རེ་རེའི་གཟའ་པ་སངས་ཀྱི་ཉིན་ལ་སློབ་ཁྲིད་ཡོད་དེ་སློབ་ཁྲིད་ལ་སློབ་བྱོལ་བྱས་ཏེ་སོང་མྱོང་ལ། ཡང་ན། དགེ་རྒན་ལ་སྨན་ཁང་དུ་ནད་སྟོན་དགོས་ཚུལ་གྱི་རྫུན་བཤད་དེ་སོང་བ་ཡང་ཡོད། སློབ་ཁྲིད་མེད་དུས་སུ་རྩོམ་དགའ་སློབ་གྲོགས་རེ་གཉིས་ཁྲིད་དེ་དཔེ་ཁང་དུ་སོང་བ་ཡང་གང་མང་ཡོད། དཔེ་མཛོད་ཁང་དེའི་ནང་དུ་བོད་ཡིག་དཔེ་ཀློག་ཁང་བ་ཅན་གཅིག་དང་རྒྱ་ཡིག་དཔེ་ཀློག་ཁང་ཅན་གཅིག་ཡོད། ཁོ་བོ་དཔེ་ཁང་དེ་གཉིས་ཀྱི་ནང་དུ་ཁྱད་མེད་དུ་འགྲོ་པར་གོམས་ཡོད། དཔེ་ཁང་དུ་འགྲོ་ཐེངས་མང་བས་དཔེ་མཛོད་ཁང་གི་ལས་བྱེད་མི་སྣ་དེ་དག་རིམ་གྱིས་ངོ་ཤེས་ཤིང་། ངོ་ཤེས་ནས་རྒྱུས་ཡོད་དུ་གྱུར་ལ་རྒྱུས་ཡོད་ནས་འདང་ཆེན་ཞིག་ཏུ་གྱུར། ཉིན་ཞིག་དཔེ་ཁང་གི་དོ་དམ་པ་ཞིག་གིས་དེང་སང་དཔེ་ཀློག་བྱེད་མཁན་གྱི་མི་ནི་ཉིན་མོའི་སྐར་མ་བཞིན་མཐོང་ཐབས་བྲལ་ལ། གཟའ་འཁོར་གཅིག་ལ་ངེད་ལས་བྱེད་མི་སྣ་མ་གཏོགས་དཔེ་ཁང་དུ་དཔེ་ཀློག་བྱེད་མཁན་གྱི་མི་གཅིག་ཀྱང་མི་འདུག ཐ་ན་ལོ་གཅིག་པོའི་རིང་དཔེ་ཆ་བལྟ་ཀློག་བྱེད་དུ་ཡོང་མཁན་མི་རེ་གཉིས་མ་གཏོགས་མི་འདུག ལོ་གཅིག་གི་ནང་དུ་དཔེ་ཀློག་ལ་ཡོང་མཁན་གྱི་མི་རེ་གཉིས་ཀྱང་དཔེ་ཁང་དུ་ཡོང་ནས་སྐར་ཆ་འགའ་འགོར་རྗེས་གཞན་གྱིས་ཁ་པར་བཏང་ཡོང་སྟེ་སྒོ་ཕྱིར་ལོག་འགྲོ། མཐར་གཏུགས་ན་སེམས་རྣལ་མས་དཔེ་ཀློག་བྱེད་མཁན་གྱི་མི་ཕལ་ཆེར་མི་འདུག་ཅེས་ན་ཐལ་མི་ཆེ། སྔོན་ཆད་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་སློབ་མ་སྐོར་ཞིག་རྒྱུན་དུ་དཔེ་ཁང་དུ་དཔེ་ཀློག་བྱེད་པར་ཐོན་ལ། དེ་དག་མཐར་ཕྱིན་རྗེས་སློབ་གྲྭའི་སློབ་མ་ཞིག་དཔེ་ཁང་དུ་ཡོང་མ་མྱོང་ཞིང་། ཐ་ན་སློབ་གྲོགས་ཚོས་ཆབ་ཆ་ན་དཔེ་ཁང་ཞིག་ཡོད་པའང་ཤེས་ཀྱིན་མེད་པར་མ་ཟད་དགེ་རྒན་རྣམས་ཀྱིས་ཀྱང་དཔེ་ཁངཞིག་ཡོད་པའང་ངོ་སྤྲོད་བྱེད་ཀྱིན་མེད་ཚོད་འདུག་ཟེར། དཔེ་ཁང་གི་དོ་དམ་པས་ཁྱོད་ནི་དགེ་ཐོན་སློབ་ཆེན་ནས་སློབ་གྲོགས་སྐོར་ཞིག་སློབ་མཐར་ཕྱིན་རྗེས་ཀྱི་ངེད་དཔེ་ཁང་དུ་དཔེ་ཀློག་ལ་ཡོང་བའི་མཐོ་འབྲིང་གི་སློབ་མ་ཐོག་དང་པོ་རེད། རྒྱུན་པར་ཤོག ཁྱེད་དང་ཁྱེད་ལྟ་བུ་ཡོང་མཁན་དག་ལ་དགའ་བསུ་ཡོད་ཟེར། དེའི་དུས་ནས་བཟུང་ངས་ཀྱང་སྤྲོ་སྣང་བཏེགས་ཏེ་དཔེ་ཁང་དུ་སོང་བ་གྲངས་མེད་ཅིང་མཐོ་འབྲིང་གི་ལོ་དེ་དག་དཔེ་མཛོད་ཁང་དང་གཏན་དུ་བྲལ་མ་མྱོང་། དེ་ལྟར། མཐོ་འབྲིང་གི་ལོ་དེ་དག་མཐར་ཕྱིན་རྗེས་ཡུལ་གཞན་ལ་སློབ་གྲྭར་འགྲོ་དགོས་པས་ང་རང་ཆབ་ཆའི་དཔེ་མཛོད་ཁང་དང་དཔེ་ཁང་གི་དོ་དམ་པ་རྣམས་ལ་གྱེས་བྲལ་བྱེད་དགོས་བྱུང་ལ། ང་རང་སོང་མྱོང་ཞིང་བསྡད་མྱོང་བའི་ཆབ་ཆའི་གནས་གང་རུང་ལའང་དུས་དེ་ནས་གྱེས་བྲལ་གྱི་རྫོགས་ཚིག་བཀོད་དེ་ཆབ་ཆའི་ནམ་ཟླ་འཁུར་ཏེ་ས་མཐའ་ཞིག་སློབ་སྦྱོང་བྱེད་དུ་སོང་། ཡིན་ཡང་། ང་རང་ཁོ་ཚོ་དང་ཁ་བྲལ་མོད་ང་ས་གང་དུ་སོང་ཡང་ཁོ་ཚོ་བརྗེད་མ་མྱོང་ལ་བག་ཆགས་ཟབ་པའི་བརྗེད་བྱང་ཞིག་ཆབ་ཆའི་དཔེ་ཁང་ན་ལྗིད་ཏིག་གེར་བསྐྱུར་ཡོད། ང་གཅི་པུའི་རྐང་རྗེས་དང་གྲག་འགུལ་ཆབ་ཆའི་དཔེ་མཛོད་ཁང་གི་རྒྱན་ཆ་ཞིག་ཏུ་གྱུར་ཡོད།

དེ་ལྟར། ལོ་ངོ་འགའ་ལ་ཡུལ་གཞན་ནས་སློབ་སྦྱོང་བྱེད་དེ་བསྡད་ཀྱང་སློབ་གྲྭའི་དབྱར་དགུན་གནང་བཏང་སྟེ་ཕྱིར་ཡུལ་ལ་ལོག་སྐབས་ཆབ་ཆ་ནི་མི་འགྲོ་ཐབས་མེད་ཀྱི་ཡུལ་ཞིག་ཏུ་གྱུར་ཡོད་དེ། ཆབ་ཆར་ཐོན་དུས་མི་མངོན་པའི་སྟོབས་ཤུགས་ཤིག་གིས་ཆབ་ཆའི་དཔེ་མཛོད་ཁང་དུ་་གོམ་ཁ་མི་བསྒྱུར་ཐབས་མེད་དུ་གྱུར་འགྲོ། སྐབས་ཤིག་ལ་ང་རང་སློབ་གྲྭ་ནས་ཕྱིར་ཡུལ་ལ་ལོག་སྟེ་ཆབ་ཆའི་དཔེ་ཁང་དུ་སོང་བ་ན་དཔེ་མཛོད་ཁང་ནི་ང་ཡོད་དུས་ཀྱི་སྐབས་དང་འདྲ་བར་སྔར་བཞིན་ལྷིང་འཇགས་སར་གནས་ཡོད་ཅིང་། དཔེ་མཛོད་ཁང་གི་དོ་དམ་པ་རྣམས་སྨྲ་བ་ཅི་ཡང་མེད་པར་ཀློག་ཀླད་དང་ཁ་པར་གྱི་སྣེ་མོ་རུ་ཁོམ་གྱིན་མེད་པ་མ་གཏོགས་འགྱུར་ལྡོག་གཞན་ཅི་མེད་པར་སྔར་ལྟར་གནས་ཤིང་། ཡོང་ཐེངས་དེས་རྒས་ཤིང་འཁོགས་རུལ་དུ་གྱུར་གྱིན་པ་ཡོང་ཐེངས་ཤིག་གི་རྣམ་པ་རྣམ་པ་ཞིག་ང་ལ་གསལ་བཤད་བྱས་ཚར། སེམས་སུ་ཆུ་ཚོད་ག་ཚོད་ཅིག་འགོར་ཡང་དཔེ་ཁང་དུ་མི་ཡོང་མཁན་གཅིག་ཀྱང་མེད་ཅིང་། དུས་རབས་ག་ཙམ་ཞིག་འདས་རྗེས་ཆབ་ཆའི་མི་རྣམས་མུན་ནག་ལས་སད་དེ་དཔེ་ཁང་དུ་ཡོང་ན་ཅི་མ་རུང་སྙམ་པའི་སེམས་འདུན་ཞིག་རྒྱ་མཚོའི་རླབས་བཞིན་འཕྱུར་བཞིན་པ་སུ་ཡིས་ཤེས་ཨང་། དེ་ལྟར། ཆབ་ཆའི་དཔེ་མཛོད་ཁང་ནི་ང་དང་དཔེ་མཛོད་དོ་དམ་ཁང་གི་ལས་བྱེད་མི་སྣ་རྣམས་ལ་ཆེད་དུ་ངལ་གསོ་སའི་ཁོར་ཡུག་ཞིག་བསྐྲུན་པ་དང་འདྲ་ཞིང་། མི་ཞིག་གི་སེམས་ཁམས་མི་སྐྱིད་དུས་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བཙལ་ཏེ་སེམས་ངལ་གསོ་ཐབས་ལ་རེ་དུས་ཐོག་མར་ཡིད་ཀྱི་དྲན་ངོགས་སུ་ཆབ་ཆའི་དཔེ་མཛོད་ཁང་དེ་དྲན་འོང་། སྐབས་དེར་ང་རང་དཔེ་ཁང་དུ་ཐོན་པ་ན་དཔེ་ཁང་གི་དོ་དམ་པ་རྣམས་ཀྱིས་ང་ལ་གུས་འཛུམ་གྱིས་ནང་དུ་བསུས་ཤིང་། "ཁྱོད་ད་ལྟ་སློབ་ཆེན་གང་དུ་ཡོད། ཨེ་སྐྱིད་ཀི སློབ་གྲྭའི་འཚོ་བ་ག་འདྲ་རེད། དཔེ་ཀློག་གི་འཚོ་བ་ག་འདྲ་རེད། ཁྱོད་དེ་རིང་དཔེ་ཁང་དུ་ཡོང་བར་ཡེ་ནས་མ་དྲན"ཞེས་འཚམས་འདྲི་བྱེད་ཅིང་། དཔེ་ཁང་གི་གནས་ཚུལ་ཐམས་ཅད་ང་ཡི་དྲན་སྣང་ཇི་བཞིན་མཚམས་སྦྱོར་བྱེད་ལ་ད་ལྟའི་དུས་ཀྱི་སློབ་མ་དང་མི་རྣམས་ལ་དཔེ་ཀློག་གི་འདུ་ཤེས་མེད་ཚུལ་གྱི་གཏམ་ཡང་འཕྲོ་རིམ་འཕྲོར་ལབ། ངས་ཀྱང་དེའི་སྐོར་གྱི་གནས་ཚུལ་ཞིག་ཁོ་ཚོ་ལ་བཤད་ཅིང་མིའི་རིགས་ཀྱི་འཇིགས་ཉེན་གྱི་སྐོར་གྱི་གནས་ཚུལ་མང་བོ་ཞིག་ཁོ་ཚོར་ལབ་རྗེས། དཔེ་ཁང་གི་དོ་དམ་རྣམས་ཀྱིས། ཨ་ཙི། དེ་འདྲ་ཞིག་ཡིན་ནམ། དེ་འདྲ་ཡིན་ན་ང་ཚོ་ཡང་ཁོམ་ནས་འདུག་ཁོམ་ཞིག་མེད་པར་རང་རང་ས་ནས་ལས་ལ་བརྩོན་ན་འགྲིག་ཟེར། ངས་འཛུམ་ཞིག་བསྟན་ཏེ་མིའི་རིགས་ཀྱི་འཇིགས་ཉེན་ནི་ནམ་མཁའ་ཐེད་ཚུལ་དང་ས་གཞི་རྡུལ་འགྲོ་བ་ཟེར་པ་མ་ཡིན། མིའི་རིགས་ཀྱི་འཇིག་ཉེན་ནི་མི་ཡིས་བསམ་བློ་གཏོང་མི་འདོད་ཅིང་། ལག་པ་འགུལ་མི་འདོད་པ། སྙིང་རྗེ་མེད་པ། རྙོག་ལས་ལ་མོས་པ། ཀུན་མཐུན་མིན་པའི་བྱ་སྤྱོད་ཡ་མ་བརླ་སྤེལ་ཏེ་མི་གསོད་པ། ཕ་མ་ལ་འཁོན་འཛིང་དང་གཅར་རྡུང་བྱེད་པ། རིག་གནས་དོན་གཉེར་མི་བྱེད་པ་ནི་མིའི་རིགས་ཀྱི་འཇིགས་ཉེན་ཡིན་ཚུལ་བཤད་རྗེས་ཁོང་རྣམ་པས་སེམས་བདེ་ལ་བབས་ཏེ་ང་ཡི་ལྟ་ཚུལ་ལ་རྒྱབ་སྐྱོར་བྱེད་པ་དང་རྗེས་ཕྱོགས་ཁྱོད་རང་སློབ་གྲྭ་ཞིག་གི་དགེ་རྒན་ལ་འོས་ཚུལ་ལབ། སྐབས་དེར་ང་རང་ཁོ་ཚོ་ལ་བསྐོར་རྒྱག་ཏུ་ཕྱིན་ཏེ་ཕན་ཚུན་ལ་གླེང་མོལ་ཙམ་བྱས་མོད། ཁོ་ཚོས་རང་གི་བུ་བུ་མོ་རྣམས་ལ་སློབ་གསོ་གཞན་ཞིག་གཏང་དགོས་ཚུལ་གྱི་ལབ་གླེང་དེ་ཁོ་བོར་བག་ཆགས་ཤིན་ཏུ་ཟབ། ང་ཡི་སེམས་སུ། མི་རབས་རྗེས་མ་དེ་དག་སྒྱིད་ལུག་ངང་དུས་འདའ་བའི་བག་འཁུམ་གྱི་ལོ་ཟླ་དེ་དག་རྒྱང་ལ་སྤྱུགས་ཏེ་ན་ཟུག་དང་ཉེན་ཚོར་གྱི་འདུ་ཤེས་ཤིག་གིས་མདུན་དུ་བསྐྱོད་ཐུབ་ན་ཅི་འདྲའི་སྤྲོ་ཨང་སྙམ་བྱུང་། སྐབས་དེར་ང་ཡིས་དེ་འདྲའི་རེ་སྨོན་དགུང་ལ་བཏེགས་ཏེ་ཡིད་ཆེས་བརྟན་པོ་ཞིག་གིས་ཕྱིར་རང་གི་སློབ་གྲྭར་ལོག་པ་ཡིན། ང་རང་ཆབ་ཆ་དང་ཁ་འབྲལ་སྐབས་ཆབ་ཆ་ནི་ཧ་ཅང་ཆུང་ལ། རླངས་འཁོར་གྱི་སྒེའུ་ཁུང་ལས་ཆབ་ཆའི་མི་རྣམས་ནི་དེ་ལས་ཀྱང་ཆུང་བའི་སྣང་བ་འགོག་མེད་དུ་སྟེར།

2010ལོར་སློབ་ཆེན་ནས་མཐར་ཕྱིན་ཏེ་ཕྱིར་རང་གི་ཕ་ཡུལ་ཆབ་ཆ་ལ་ཡོང་སྟེ་ལས་ཁུངས་ཞིག་ཏུ་ཡིག་བསྒྱུར་དང་རྩོམ་སྒྲིག་གི་ལས་ཀ་རེག་ནའང་། ཆབ་ཆའི་དཔེ་མཛོད་ཁང་དུ་འགྲོ་རྒྱུ་ནི་རང་གི་གོམས་གཤིས་ཤིག་ཏུ་གྲུབ་ཚར་པས་གཟའ་འཁོར་གཅིག་གི་ནང་དུ་ཐེངས་གསུམ་ལ་ཕྱིན་པ་ཡིན། སློབ་མཐར་ཕྱིན་ཏེ་དཔེ་མཛོད་ཁང་དུ་སོང་བ་ན་དཔེ་མཛོད་ཁང་ནི་སྔར་ལྟར་ལྷིང་འཇགས་སར་གནས་ཡོད་ཅིང་དཔེ་མཛོད་དོ་དམ་པ་རྣམས་ཀྱི་གདོང་ལ་རྒས་གཉེར་ཇེ་མང་དུ་སོང་ཡོད་པ་མཐོང་། སྔར་བཞིན་ཀློག་ཀླད་དང་ཁ་པར་གྱི་ཀློང་དུ་འདར་ཙམ་བྱེད་པ་ལས་ལས་ཀ་གཞན་མི་འདུག "ཁྱོད་ནམ་ཐོན་པ་ཡིན། མཐར་ཕྱིན་སོང་ངམ། ད་ལྟ་ལས་ཀ་གང་དུ་བྱེད་ཀྱིན་ཡོད"ཅེས་འཚམས་འདྲི་དང་བཅས་ཁ་བརྡ་མང་པོ་ཞིག་ལབ་མོད། ངས་རང་གི་སེམས་འདི་རྣལ་ལ་ཕབ་ཏེ་ཁོ་ཚོས་བཤད་བཞིན་པའི་སྐད་ཆ་ལ་ཇི་ལྟར་ཉན་རུང་མགོ་མཇུག་ཚང་བ་ཞིག་སེམས་སུ་འབབ་མ་ཐུབ། རྒྱུ་མཚན་ནི། དེ་སྔར་ངས་དྲན་མྱོང་བའི་རེ་སྨོན་དེ་དག་སྟོང་བར་གྱུར་འདུག་ལ། དཔེ་མཛོད་ཁང་ནི་ང་ཁོ་ནར་ཆེད་དུ་ཕྱེ་བ་དང་མཚུངས་ཤིང་ང་ནི་དཔེ་མཛོད་ཁང་འདིའི་མགྲོན་པོ་རྙིང་བ་ཞིག་ཡིན་པ་ད་གཟོད་དུས་ཚོད་ཀྱིས་གསལ་བཤད་བྱས་ཚར་འདུག སྣང་བ་ཞིག་ལ་དཔེ་མཛོད་ཁང་དུ་སྤུངས་ཡོད་པའི་གནའ་དཔེ་དེང་གི་དཔེ་ཆ་དག་གིས་ཀྱང་ང་ཤེས་ཀྱིན་ཡོད་པའི་རྣམ་འགྱུར་བསྟན་ལ་ཅི་ཞིག་བཤད་འདོད་ཀྱི་ཚུགས་ཀ་ཡང་ཡང་སྟོན་གྱིན་པ་དུས་ཚོད་ཀྱིས་ང་ལ་གཞི་ནས་ར་སྤྲོད་བྱས་ཚར། དེ་ལྟར། ད་ལྟ་ང་ལ་ཡོད་པ་རེ་ཆད་དང་སྡང་སེམས་ཡིན་ལ། སྡུག་བསྔལ་དང་གནོན་ཤུགས་འབའ་ཞིག་ཡིན་པས་ལྷིང་ཞིང་འཇགས་པའི་ས་འདི་ནས་ངས་རང་གི་ཆུ་ཚོད་ཇི་ལྟར་བསྐྱལ་དགོས་པ་མ་ཤེས་ལ། གནས་འདི་ནས་ངས་སྐད་ཤུགས་མཐོ་པོས་སྙན་ངག་རེ་གྱེར་ཡང་གཞན་གྱིས་འཕྱ་བའི་གནས་སུ་གྱུར་བའི་རྨོངས་གྲོང་ཞིག་ཡིན་པས། ངས་སུ་ལ་རང་གི་སྡུག་བསྔལ་བཤད་ཨང་། སུས་ང་ལ་སེམས་གསོ་བྱེད་ཐུབ། སུ་ཞིག་གིས་རྨོངས་གྲོང་འདི་སད་པར་འཇུག་ཐུབ་ཨང་།

ཕྱི་རོལ་གྱི་ཟང་ཟིང་གི་ཆོས་སྣ་ཚོགས་ཀྱིས་མིའི་ལྷད་མེད་མི་གཤིས་བཅོམ་སྟེ་ཡ་རབས་སྤྱོད་བཟང་གྱི་གཤིས་ཀ་དེ་དཔལ་འབྱོར་ཡོ་ལང་ཁྲོད་ནས་བརླགས་ཀྱིན་ཡོད་ཅིང་། དེ་བཞིན། རྨི་ལམ་ལྟ་བུའི་ཚན་རིག་གིས་མི་རྣམས་ལ་སློབ་སྦྱོང་བྱེད་འདོད་ཀྱི་ཡི་ག་མེད་པར་འདུག་བདེ་འགྲོ་བདེ་ཙམ་ཞིག་ལ་འཁེན་འདུག ཁ་སང་། ང་ཡང་བསྐྱར་ཆབ་ཆའི་དཔེ་མཛོད་ཁང་དུ་སོང་བ་ཡིན། ང་རང་ཐོག་མར་བོད་ཡིག་དཔེ་མཛོད་ཁང་དུ་སོང་བ་ཡིན། འགྲོ་ཁར་རྒྱ་ཡིག་གི་དཔེ་མཛོད་ཁང་དུ་ལོ་ན་གཞོན་པའི་བུ་མོ་ཞིག་གསར་དུ་དཔེ་མཛོད་ཁང་དུ་ལས་བགོས་བྱས་ཡོད་པ་མཐོང་། བོད་ཡིག་དཔེ་ཁང་དུ་འགྲོ་བའི་ལམ་དུ་བོད་ཡིག་དཔེ་མཛོད་ཁང་ཡུལ་གཞན་ཞིག་ལ་རུལ་སྤོར་གྱིན་ཡོད་པ་ངོ་ཤེས་རྙིང་བ་དེས་ལབ། དེ་ནས་རྒྱ་ཡིག་དཔེ་མཛོད་ཁང་དུ་སོང་བ་ཡིན། སྒོ་ཁར་ཐོན་མ་ཐག་མཐོང་བ་ནི་གསར་དུ་ལས་བགོས་བྱས་པའི་བུ་མོ་དེས་ཚགས་པར་ལྕགས་སྒམ་དུ་གཤར་གྱིན་ཡོད་ཅིང་ཅོག་ཙེའི་སྟེང་དུ་ཁ་པར་བཞག་སྟེ་ཁ་པར་ནང་གི་ནང་དོན་མེད་པའི་གླུ་དབྱངས་ཤིག་ལ་ཉན་གྱིན་འདུག ང་དཔེ་ཁང་གི་ནང་དུ་འཛུལ་མ་ཐག་བུ་མོ་དེས་མ་རངས་པའི་ཚུལ་གྱིས་ང་ལ་སྡང་མིག་ཅིག་བགྲད་བྱུང་། ཚུལ་དེ་མཐོང་མ་ཐག་ང་རང་ཁ་སྤོ་ཁ་ནས་ལངས་ཏེ་ཞེ་སྤོ་གཏིང་ནས་ལངས་ཏེ་ཁྱོད་ཀྱིས་ང་ལ་སྡང་མིག་བགྲད་དོན་ཅི། ང་དཔེ་ཆ་བལྟ་རུ་ཡོང་མི་ཆོག་པ་ཨེ་རེད། ཡང་ན་གོང་རིམ་འགོ་ཁྲིད་ཀྱིས་ང་དཔེ་ཁང་དུ་ཡོང་ན་སྡང་མིག་བལྟས་ཀྱང་ཆོག་ཅེས་པའི་བཀའ་ཕབ་ཡོད་དམ། ཞེས་བུ་མོ་དེར་སྡིག་དམོད་ཡིད་ཚིམ་པ་ཞིག་བྱས་རྗེས"བུ་མོ་དེས། ངས་ཁྱོད་ལ་ཅི་ཡང་བཤད་མེད་ཟེར།"ངས་ལན་དུ་ཁྱོད་ཀྱི་སྐད་ཆ་མ་བཤད་ཀྱང་མིག་གི་བགྲད་སྟངས་དེ་ནི་ང་ལ་མ་རངས་པའི་སྐད་ཆ་བཤད་པ་དང་ཁྱད་མི་འདུག་ཅེར་ཕྱིར་ལན་བཏབ་པ་ཡིན། ཡང་གཅིག་བཤད་ན་ཚུལ་དེ་ནི་དཔེ་ཀློག་ལ་མོས་པའི་ངས་གང་ནས་བཟོད་ཐུབ། ཁྱོད་ཀྱི་ཆུ་ཚད་ཇི་འདྲའི་ཞན་པ་ལ་ཨང་ཟེར་ཞོར་ཡང་བསྐྱར་སྡིག་དམོད་བྱེད་འགོ་བརྩམས་སྐབས་གཡས་ཀྱི་ཨ་ནེ་དེ་དོགས་མ་བདེ་བར། ཁྱོད་ཀྱིས་དཔེ་ཆ་གང་བལྟ་འདོད་ན་དེར་ལྟོས་ཤིག་ཅེས་རྐུལ་སྟེགས་ཤིག་འཁྱེར་ཡོང་སྟེ་ང་ལ་མཐུན་རྐྱེན་བསྐྲུན་པའི་མོད་ངས་ཀྱང་དམོད་མཚམས་བཞག དེང་གི་བསྐལ་བ་སྙིགས་མའི་དུས་འདིར་མི་རྣམས་ཀྱི་ཆུ་ཚད་ཇེ་ཞན་དུ་སོང་བ་དང་བསྟུན་བྱ་བ་བྱེད་སྟངས་དང་བསམ་བློ་གཏོང་སྟངས་སོགས་ཇེ་ཞན་དུ་སོང་ཡོད་པ་སློབ་ཆེན་ནས་མཐར་ཕྱིན་པའི་དེང་གི་ན་གཞོན་རྣམས་ཀྱིས་ཀུན་སྤྱོད་ཀྱིས་ར་སྤྲད་འདུག དེང་གི་དུས་འདིར་དཔེ་ཀློག་ལ་དགའ་བའི་མི་ཡོན་ཏན་ཅན་ལའང་བརྩི་བཀུར་བྱེད་པའི་ལུགས་སྲོལ་དང་གོམས་གཤིས་མེད་ལ། སུ་ལ་དམངས་སྒོར་མཐུག་ན་དེ་ལ་གུས་ཉམས་སྟོན་པའི་དེང་གི་བྱ་སྤྱོད་འདི་དག་ལ་ང་རང་གཞི་ནས་སྐྱུག་བྲོ་བྱུང་། དཔེ་ཁང་ནས་ཕྱིར་སྒོར་ཡོང་ཁར་ངས་བུ་མོ་དེའི་མདུན་ནས་ཤུགས་རིང་མཚར་བོ་ཞིག་འཐེན་ཞོར་སྐྱོ་ཤུར་ཤུར་གྱི་ཚོར་སྣང་ཐན་ཐུན་དང་བསྡོངས་ཏེ་ངའི་གོམ་པའི་འདེགས་འཇོག་ཆབ་ཆའི་མི་ཚོགས་ཀྱི་ཟང་ཟིང་གི་ཁྲོད་དུ་བསྒྱུར།

དེ་ལྟར། དཔེ་མཛོད་ཁང་དེ་ནི་ཆབ་ཆའི་ཇ་ཁང་དང་ཆང་ཁང་། མགྲོན་ཁང་དང་ནང་མ་ཁང་སོགས་ཀྱི་མདུན་ནས་ཧ་ཅང་ཉམ་ཆུང་ཞིང་། དཔེ་མཛོད་ཁང་དེ་ཁོ་ན་ཆབ་ཆའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་པ་ཤེས་མཁན་ཉུང་བ་ཇི་འདྲའི་སྨྲེང་དགོས་པ་ཞིག་རེད་ཨང་།

ཆབ་ཆ་ན་དཔེ་མཛོད་ཁང་ཞིག་ཡོད། དཔེ་ཁང་གི་སྒོ་ཤར་ཕྱོགས་སུ་གཏད་འདུག

2012-6-8ཉིན་ཆབ་ཆ་ནས་གྲུབ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།