ཀྲུང་གོ་བོད་ཀྱི་དྲ་བ།

སྐད་གྲགས་ཆེ་བའི་སྣང་རའི་གོར་མོ་ཆེ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་རིང་སྐྱིད།

ད་ལོའི་ལོ་སར་སྐབས་ཀྱི་རིག་རྩལ་དགོང་ཚོགས་ཤིག་གི་སྟེང་བདག་གིས་སྣང་རའི་གོར་མོ་ཆེ་ཞེས་པའི་གོ་རེ་ཧ་ཅང་ཆེན་པོ་ཞིག་མཐོང་མྱོང་།སྔོན་ཆད་ཁ་བརྡའི་བར་ནས་སློབ་གྲོགས་དང་ལས་གྲོགས་གཞན་གྱི་ངག་ལས་གཅན་ཚའི་ཡུལ་ན་སྣང་རའི་གོར་མོ་ཆེ་ཞེས་པའི་གོ་རེ་ཧ་ཅང་ཆེན་པོ་ཞིག་ཡོད་རབས་བཤད་པ་དར་མོ་རྣ་བས་ཐེངས་མང་དུ་ཐོས་མྱོང་ཡང་ཁྲ་ཆུང་མིག་གིས་དངོས་སུ་མཐོང་བ་ནི་ད་ཐེངས་ཐོག་དང་པོ་ཡིན་པས། མཐོང་མ་ཐག་ཡིད་ལ་ངོ་མཚར་ཆེས་ཆེར་བསྐྱེད་ཅིང་གོ་རེ་འདི་འདྲ་ཆེན་པོ་ཞིག་ཇི་ལྟར་བསྲེགས་པ་ཡིན་ནམ་སྙམ་ནས་གོ་རེ་དེའི་བྱུང་ཚུལ་གྱི་ཐད་ལ་རྟོག་པ་འོག་འགྱུའི་ཚུལ་དུ་བསམ་བློ་ཡང་མང་ཙམ་བཏང་།ས་དེའི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ངལ་རྩོལ་མི་དམངས་རྣམས་ཀྱིས་ལོ་རྒྱུས་རིང་བའི་མིས་པོ་གོང་མ་དག་གི་འཚོ་བའི་ཉམས་མྱོང་དག་ཕྱོགས་སྡོམ་བྱས་ཏེ།རང་རང་གི་ངལ་རྩོལ་གྱི་འཇོན་ཐང་ལ་བརྟེན་ནས་གནམ་འོག་ན་འགྲན་ཟླ་མིད་པའི་གོ་རེ་ཆེན་པོ་བསྲེག་པའི་སྲོལ་ཁྱད་པར་བ་སྔ་ན་མིད་པ་ཞིག་བཏོད་དེ་བླ་མ་དཔོན་ཆེན་ལ་ལེགས་སྐྱེས་སུ་འབུལ་བའི་སྟ་གོན་བགྱིས་པ་དེའི་སྲོལ་ལེགས་ད་བར་དུ་བསྐྱངས་པ་ལ་ས་ཕྱོགས་གཞན་གྱི་མི་རྣམས་ཀྱིས་དེ་ལ་སྣང་རའི་གོར་མོ་ཆེ་ཞེས་ཡ་མཚན་ཅན་ཞིག་ཏུ་བརྩིས་ནས། གཞན་དང་ཐུན་མོང་མ་ཡིན་པའི་སྣང་རའི་གོར་མོ་ཆེ་འདི་ལ་བསྔགས་བརྗོད་དོན་ལྡན་བྱས་ཤིང་བསྟོད་པའི་མཐེ་བོང་བསྒྲེངས་དང་སྒྲེང་བཞིན་ཡོད།

སྐད་གྲགས་ཆེ་བའི་སྣང་རའི་གོར་མོ་ཆེ་ནི་གཅན་ཚའི་གོར་སྐྱ་ཆུང་བ་ལ་དཔེ་འགྲེས་བྱས་ནས་བྱུང་བ་

ཡིན་ལ།གོར་སྐྱ་ཆུང་བ་ནི་གཅན་ཚའི་ཡུལ་གྱི་འཚོ་བའི་ཁྲོད་དུ་ཧ་ཅང་རྒྱུག་ཆེ་ལ་སྤྱོད་རྒྱ་ཡང་ཆེན་པོ་ཡོད་པའི་དམངས་ཁྲོད་ཟས་རིགས་ཤིག་ཡིན།དེ་ནི་གཙོ་བོ་རྩྭ་སྲེག་མི་མདག་ནང་དུ་བསྲེགས་པའི་གོ་རེ་ཐལ་གོར་དང་མི་མཚུངས་པར།འོ་ཐོ་མང་པོ་བསྒོངས་ནས་བུད་ཤིང་མི་ལ་བསྲེགས་ཡོད་པའི་ས་འཚིག་ཐལ་མདག་ལ་བརྟེན་ནས་བཟོས་པ་དང་།གོ་རེ་སྲེག་ཐབས་ཀྱི་ཐབས་རྩལ་དང་དེའི་མཚོན་དོན།བཀོལ་སྤྱོད་བྱེད་སྟངས་བཅས་ནི་གཟུགས་ཅན་མ་ཡིན་པའི་རིག་གནས་ཤུལ་བཞག་གལ་ཆེན་ཡིན་ཕྱིར།དེ་ཉིད་རྒྱུན་འཛིན་དང་དར་སྤེལ་བྱེད་རིན་ཡོད།དུས་སྐབས་རེ་རེའི་ནང་གཅན་ཚའི་ཡུལ་འདིར་འཚོ་བའི་ཆ་རྐྱེན་དང་ལག་རྩལ་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས།ཡུལ་སྡེ་སོ་སོའི་གོ་རེ་བསྲེགས་སྟངས་ལ་ཁམས་རའི་གོར་སྐྱ་དང་སྐྱ་རྒྱའི་གོར་སྐྱ།ནང་ཁོག་གོར་སྐྱ་སོགས་ཟོས་ན་ཁ་ལ་ཞིམ་ཞིང་བྲོ་བ་ཆེ་བས་ཀུན་གྱིས་ཟ་འདོད་ཆེ་བ་ཞིག་ཡིན་ཞིང་།རང་རང་ལ་ཐུན་མིན་གྱི་ཁྱད་ཆོས་མི་འདྲ་བ་རེ་ཐོན་ཡོད་པ་དང་།འབྲེལ་ཡོད་དཔྱད་ཡིག་ལས་གསལ་བ་ལྟར་ན།ཐོག་མར་ས་སྐྱ་པཎ་ཆེན་བོད་དུ་ཕེབས་དུས་ཤིག་ལ་སྣང་ར་མཛོ་བརྒྱའི་དད་ལྡན་རྣམས་ཀྱིས་གོར་མོ་ཆེའི་ཚངས་ཐིག་ལ་ཕལ་ཆེར་སྨི1.2དང་མཐུག་ཚད་ལ་ལི་སྨི20ཙམ་ཡོད་པའི་གྲོ་ཕྱེ་རྒྱ་མ100ཙམ་བཀོལ་ནས་བསྲེགས་པའི་གོ་རེ་ཆེན་པོ་མཇལ་རྟེན་དུ་ཕུལ་མྱོང་བ་དང་། དེ་ནས་རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་ཨ་མདོར་ཕེབས་སྐབས་ཀྱང་སྣང་རའི་དད་ལྡན་རྣམས་ཀྱིས་གྲོ་ཕྱེ་རྒྱ་མ100ལྷག་གི་གོར་མོ་ཆེ་བསྲེགས་ཏེ་ལེགས་སྐྱེས་སུ་ཕུལ་བ་ལ། སྐབས་དེར་ཁོང་གི་ཐུགས་བཀོད་ལྟར་སྐུ་གཡོག་ཚོས་ཀོ་ཐུམ་བརྒྱབ་རྗེས་ཤིང་སྒམ་དུ་བཅུག་ནས་ལྷ་སའི་ཕྱོགས་སུ་གཡག་ལ་བཀལ་ནས་ཕྱིན་པ་དང་ས་གསུམ་གྱི་རྟེན་རྩ་ཆེན་ཇོ་བོ་རིན་པོ་ཆེར་ཕུལ་ཏེ་མཆོད་བཤམས་བྱས་མྱོང་ཟེར་ལ།རྗེ་འཇམ་དབྱངས་བཞད་པའི་སྐུ་ཕྲེང་གཉིས་པ་ཀུན་མཁྱེན་འཇིགས་མིད་དབང་པོ་མཆོག་གིས་ཡུལ་དབུས་ལྷ་ལྡན་གྲོང་ཁྱེར་གྱི་འབྲས་སྤུངས་སྒོ་མང་གྲྭ་ཚང་ན་བསླབ་པ་སློབ་གཉེར་བགྱིད་པའི་དུས་སུ་ཡང་ཕ་ཡུལ་སྣང་རའི་གོར་མོ་ཆེ་བསྐུར་ཡོང་སྟེ་ལྷ་སའི་ཇོ་བོ་རིན་པོ་ཆེའི་མདུན་དུ་བྱང་ཆུབ་སེམས་བསྐྱེད་ཀྱི་སྒོ་ནས་ལྗོངས་འདིའི་འགྲོ་བ་སེམས་ཅན་ཀུན་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་མི་འབྱུང་བ་དང་ཁྱད་པར་རྣམ་དཀར་དགེ་བའི་ལས་ལ་གཞོལ་བའི་སེར་སྐྱ་ཕོ་མོ་ཡོངས་ལ་ཞལ་ཟས་རོ་བརྒྱ་ལྡན་པའི་ཟས་ནོར་ལོངས་སྤྱོད་འཛད་མིད་དུ་རྒྱས་ཤིང་ཆོས་སྒྲུབ་པའི་མཐུན་རྐྱེན་ལེགས་པར་འཛོམས་ནས་མཐར་ཐུག་ཡང་དག་རྫོགས་པའི་བྱང་ཆུབ་ཐོབ་པར་གསོལ་བ་སྨོན་ལམ་བཏབ་པའི་ལོ་རྒྱུས་བཤད་རྒྱུན་ཡང་མཆིས།བསྟན་པ་ཡང་དར་གྱི་སྐབས་སུ།ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་མཆོག་ལ་ཡང་སྐད་གྲགས་ཆེ་བའི་སྣང་རའི་གོར་མོ་ཆེ་འདི་མཇལ་རྟེན་དུ་བྱས་ཏེ་འབུལ་སྐབས་ལྷ་སའི་ཇོ་བོ་རིན་པོ་ཆེའི་མདུན་དང་གཙང་བཀྲ་ཤིས་ལྷུན་པོ།རྒྱལ་ས་པེ་ཅིན་སོགས་སུ་ཁྱེར་ནས་ཕ་ཡུལ་ཕྱོགས་ཀྱི་ཟས་མཆོག་གི་ཚབ་ཏུ་མཆོད་བཤམས་བགྱིས་མྱོང་བ་སྐྱེ་བོ་མིག་ཡོད་ཚང་མས་མཐོང་མིད་པ་ག་ལ་སྲིད།དེ་ནས་སྤྱི་ལོ2002ལོའི་ཟླ7པར་གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་ཧྲང་ཧེ་ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་རེ་ཞུ་ཕུལ་བ་བཞིན་ཆོག་མཆན་ཐོབ་པའི་གནས་ཚུལ་མཚོ་སྔོན་བཪྙན་འཕྲིན་ཁང་གི་གསར་འགྱུར་མཉམ་སྒྲོག་ལེ་ཚན་དུ་འཕྲལ་མར་བསྒྲགས་ཏེ།སྣང་རའི་གོར་མོ་ཆེ་འདི་ཇི་ལྟར་བསྲེག་ཚུལ་དང་

བཅས་པ་མཚམས་སྦྱོར་ཞིབ་མོ་བྱས་མཐར།སྣང་རའི་གོར་མོ་ཆེ་འདིའི་མཚན་སྙན་མདོ་དབུས་ཁམས་གསུམ་གྱི་ཡུལ་ཕྱོགས་ཀུན་ལ་ཁྱབ་པ་དང་། འབྲེལ་ཡོད་ཡིག་ཆའི་ནང་གོར་མོ་ཆེ་འདིའི་དགེ་མཚན་ཡང་མང་དུ་བགྲང་ཡོད་མོད།མདོར་དྲིལ་ན་འདི་དག་ཡིན་ཏེ།གཅིག་ནི་ཡུན་རིང་ཟོས་ཀྱང་སུན་སྣང་མིད་པའི་གོར་མོ་ཆེ།གཉིས་ནི་ཕོ་བར་འཕྲོད་པའི་གོར་མོ་ཆེ།གསུམ་ནི་ལུས་ཟུངས་ལ་ཕན་པའི་གོར་མོ་ཆེ་ཞེས་གདེང་འཇོག་གི་ཚིག་གསུམ་པོའི་ནང་སྣང་རའི་གོར་མོ་ཆེ་འདིའི་ཁྱད་ཆོས་དང་དགེ་མཚན་མ་ལུས་འདུས་ཡོད་པར་བཤད།གོ་རེའི་རྒྱུ་ཆ་གཙོ་བོ་གྲོ་ཕྱེ་ཡག་པོ་ཞིག་ཐོན་དགོས་ན་ཕྱི་ནང་གི་ཆ་རྐྱེན་གང་མང་ཞིག་ཀྱང་འཛོམས་དགོས་ཏེ།ཆ་རྐྱེན་དེ་དག་གལ་སྲིད་མ་ལྡན་ན་གྲོ་ཕྱེ་ཡག་པོ་ཡོང་ཐབས་མིད།གྲོ་ཕྱེ་ཡག་པོ་མིད་ཚེ་ད་ལྟའི་ཆར་སྐད་གྲགས་གང་སར་ཁྱབ་པའི་སྣང་རའི་གོར་མོ་ཆེ་འདི་ལྟ་བུའི་གོ་རེ་བཟང་པོ་ཡང་ཐོན་ཐབས་མིད་པ་ཡིན། དེ་བས་གཅན་ཚའི་གནས་འདིར་གོར་སྐྱ་སྲེག་པའི་རང་བྱུང་ཁོར་ཡུག་གི་ཐོན་ཁུངས་སྔ་མོ་ནས་ཕུན་སུམ་ཚོགས་པ་ལྡན་ཡོད།ཡང་གཅིག་བཤད་ན་ཡུལ་ཕྱོགས་འདིའི་རང་བྱུང་མཁའ་དབུགས་དྭངས་ཤིང་གཙང་བར་མ་ཟད།

གནམ་གཤིས་དྲོ་ཞིང་ནམ་ཟླ་ཤིན་ཏུ་ལེགས་པས་འབྲུ་རིགས་དང་སྔོ་ཚོད་དང་སིལ་སྡོང་སོགས་འདེབས་འཛུགས་བྱེད་པ་ལ་ཕུན་སུམ་ཚོགས་པའི་རང་བྱུང་ཆ་རྐྱེན་ལྷུན་གྱིས་འཛོམས་འདུག་པ་དང་། མཚོ་སྔོན་ཞིང་ཆེན་གྱི་མངའ་ཁོངས་ཡོངས་ནས་བཤད་ན།རྨ་ཆུའི་འབབ་རྒྱུད་ཀྱི་ས་དམའ་ས་དང་གནམ་དྲོ་ས་དང་འབྲུ་རིགས་སོགས་ཀྱི་ཐོན་ཚད་ཧ་ཅང་མཐོ་བའི་ས་ཁུལ་ཆེས་ལེགས་ཤོས་ཡིན་པས།སའི་ཡོན་ཏན་ཕུན་སུམ་ཚོགས་པར་གྲུབ་ཅིང་།ཕུ་ཆུ་ཡུར་དུ་དྲངས་ཏེ་ཞིང་ཐོག་ཏུ་ཆུ་འདྲེན་པའི་རོང་པའི་ཞིང་ས་གཤིན་པོ་ཆགས་ཡོད་ལ།ལོ་རེ་བཞིན་ལོ་ཏོག་གི་འཕེལ་ཁ་དར་བ་དང་མཉམ་དུ་གྱ་ནོམ་པའི་བཟའ་ཕྱེ་དཀར་པོས་ཟ་མ་ཡང་སྣ་ཚོགས་ལས་རྒྱུའི་གོམས་སྲོལ་དར་འདུག དེའི་ནང་ནས་གཅན་ཚའི་གོ་རེ་བསྲེགས་མ་ལ་ས་ཁུལ་གཞན་དང་མི་འདྲ་བའི་བྲོ་བ་ཞིམ་མངར་ལྡན་པ་འཁྱོངས་ཡོད་པས།ཐག་ཉེ་རིང་གི་སྐྱེ་བོ་ཐམས་ཅད་ཀྱིས་བསྔགས་པ་མི་བརྗོད་མཁན་ཕལ་ཆེར་མིད་པ་ལྟ་བུ་ཡིན།རྒྱུན་དུ་སྲེག་བཞིན་པའི་བཀོལ་ཁྱབ་ཆེ་བའི་གཅན་ཚའི་གོར་སྐྱ་ཆུང་བ་ནི་ཧ་ལམ་གྲོ་ཕྱེ་རྒྱ་མ་ལྔ་ནས་དྲུག་ཙམ་གྱིས་བཟོས་པ་དང་།དེའི་སྤྱོད་རྒྱ་སྣང་རའི་གོར་མོ་ཆེ་ལས་ཀྱང་མང་བ་རེད།ཡུལ་ཕྱོགས་འདིའི་གོམས་སྲོལ་དུ་གོར་སྐྱ་ནི་བྱིས་པ་བཙས་པའི་བུད་མིད་དང་ནད་ཀྱིས་གཟིར་བའི་ནད་པ་སོགས་ལ་ཆེད་དུ་བསྲེགས་ནས་ཟ་རུ་འཇུག་གིན་ཡོད་ལ།ཟས་འདིས་དོན་སྣོད་གང་ལའང་གནོད་པ་མིད་ཅིང་ཞོར་སྐྱོན་ཅི་ཡང་མི་ཐེབས་པར་ལུས་ཁམས་ཧ་ཅང་བདེ་མོར་གསོ་ཐུབ་པའི་བགྲེས་པོའི་བཤད་རྒྱུན་མཆིས། དེ་མིན་ད་དུང་འགྲུལ་པ་ཡར་འགྲོ་མར་འགྲོ་ཀུན་གྱིས་ལམ་རྒྱགས་སུ་ཁྱེར་བའི་དཔེ་ཡོད་ལ།བྱིས་པ་ཕྱུགས་རྫིར་འགྲོ་བ་དང་བུད་མིད་ཞིང་ཁར་ཡུར་མ་ཡུར་དུ་འགྲོ་དུས་བྲོ་ཆས་སུ་བཟུང་བ་དང་།ལོ་ལོན་རྒན་རྒོན་གཞིས་སུ་རྒྱུན་འདུག་བྱེད་དུས་གོར་སྐྱ་ཆུང་བ་སྡེར་མའི་ནང་མཐོན་

པོར་བསྒྲིགས་ནས་བལྟས་པ་ཙམ་གྱིས་ཡིད་འགྲངས་ཐུབ་པའི་ཚོད་ཙམ་གྲ་སྒྲིག་བྱས་ནས་བཞག་ཡོད་ལ།ཟས་ཟ་མ་མོད་པོ་ཡོད་པས་དུས་ནམ་ཡིན་རུང་ཡུལ་འདིར་མགྲོན་པོ་སླེབས་དུས་མཚམས་མི་ཆད་པར་གོ་རེ་ཟ་རྒྱུ་འདང་ངེས་བཤམས་ཏེ། ཕོ་མོ་རྒན་གཞོན་ཀུན་གྱིས་ཁྱད་མིད་དུ་ལོངས་སྤྱོད་ཆོག་པ་ཡིན།

ཡུལ་འདིའི་མིས་པོ་གོང་མ་ཚོས་གདོད་མའི་དུས་ནས་འཚོ་བའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་ནི།ཆུ་འཁྱག་འཐུང་བ་ལས་ཆུ་ཁོལ་འཐུང་ན་ལུས་པོ་ལ་བདེ་སྣང་སྟེར་བ་དང་།ཤ་རློན་པ་ཟ་བ་ལས་ཤ་བཙོས་ཏེ་ཟོས་ན་ལུས་ཕུང་ལ་ཕན་ཞིང་བྲོ་བ་ཡོད་པ་ཤེས་པར་མ་ཟད། གོ་རེ་ཡང་བུད་ཤིང་གི་སོལ་བ་དང་འོ་ཐོ་དམར་པོའི་ཐལ་བས་གཡོགས་ནས་མི་མདག་གིས་བསྲེགས་པའི་གོར་སྐྱ་བསྒོག་ཏོ་ཟོས་ན་གོ་རེ་གཞན་ལས་བྲོ་བ་ཆེ་ཞིང་འཇུ་སླ་བའི་ངེས་ཤེས་ཪྙེད་ཟིན།ད་ལྟའི་སྤྱི་ཚོགས་ནང་དུ་ཟས་རིགས་མོད་པོ་བྱུང་དང་འབྱུང་བཞིན་ཡོད་ནའང་།ལས་སྣོན་བྱེད་པའི་གོ་རིམ་ཁྲོད་གཅན་ཚའི་གོར་སྐྱ་དང་སྣང་རའི་གོར་མོ་ཆེ་ལྟ་བུའི་ལྷད་མིད་དྭངས་གཙང་ཞོར་སྐྱོན་དང་བྲལ་བ་ཞིག་ཐོན་དཀའ་བར་མ་ཟད།དེང་གི་ཟས་རིགས་ལ་ལར་ལྕགས་ཀྱི་དྲི་མ་ཁ་བོ་ཡོད་པ་དང་།གནས་སྐབས་ཟོས་ན་ཁ་ལ་ཞིམ་ཡང་ཡུན་རིང་ཟོས་ན་ཞེན་ཁ་ལོག་པའི་སྐྱོན་ཆ་དུ་མ་མཆིས་པས་ང་རང་སེམས་གཏིང་ནས་གཅན་ཚའི་གོར་སྐྱ་དང་སྣང་རའི་གོར་མོ་ཆེ་བསྲེགས་སྟངས་དེ་ལ་ཤིན་ཏུ་ནས་དགའ་ཞིང་ཡིད་སྨོན་འཆོར་རོ།།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།