ལོ་སར་ཤིས་ཚིག་བཀྲ་ཤིས་རྟགས་བརྒྱད།
(ཁྲི་ཀ ) མཁས་བཙུན་རྒྱ་མཚོ།
མི་བཤིག་གཡང་དྲུང་རི་མོ་བཀྲ་བའི་རིས། །
རྡོ་རྗེ་ཁམས་སུ་ཟ་བའི་དཔལ་བྱིན་ཏེ། །
མི་འགྱུར་སྐུ་ཡི་གཤིས་ལ་བབས་པ་ཡིས། །
རྟག་བརྟན་མཚན་མ་འབར་བའི་ཤིས་པ་བརྗོད། །
བཀྲ་ཤིས་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲས། །
འགག་མེད་གསུང་གི་སྒྲ་དབྱངས་བསྒྲག་གྱུར་ཏེ། །
རང་བྱུང་གདངས་སུ་འཐིམ་པའི་མཆོག་གིས་ནི། །
ངག་གི་སྒྲིབ་པ་དག་པའི་ཤིས་གྱུར་ཅིག །
མཉེན་ལྕུག་གཡུ་ཡི་གཤོག་པའི་ལྡེམ་འཁྱུག་གིས། །
ལེགས་ཚོགས་གཡང་གི་ཆུ་རིས་བཀོད་པ་ཡི། །
ཤེས་རབ་སྤྱན་ལ་ཕུལ་བའི་གསེར་ཉ་དེས། །
ཡེ་ཤེས་མིག་ཟུང་གདང་བའི་ཤིས་པ་བརྗོད། །
འཆི་མེད་ལྷ་ཡི་བདུད་རྩིས་གང་བ་ལ། །
ཡོངས་འདུས་དཔག་བསམ་ཤིང་གི་ཁ་རྒྱན་ཅན། །
བཅུད་ཀྱིས་གང་བའི་རིན་ཆེན་བུམ་པ་ཡིས། །
ཚེ་ཡི་རྨུ་ཐག་བསྲིང་བའི་ཤིས་པ་བརྗོད། །
འགྱུར་མེད་གསེར་གྱི་ཡུ་བ་བརྟན་པའི་གདུགས། །
ཉོན་མོངས་ཚ་གདུང་སེལ་བའི་དཔལ་དུ་གཡོ། །
མ་རྟོགས་ཡིད་ཀྱི་མདུད་རྒྱ་གྲོལ་བྱས་ཏེ། །
ཤེས་རབ་ཀློང་ནས་བརྡོལ་བའི་ཤིས་གྱུར་ཅིག །
སྤོས་དཀར་བསུང་ངད་རྡུལ་དུ་ཐུལ་བ་ཡི། །
སྤུབས་གཙང་པད་མ་དཀར་བོ་བཞད་པའི་མཐུས། །
སྨྲ་བའི་སྤོབས་པ་གཟེངས་སུ་མཐོ་བ་ལ། །
ལྗགས་ཡངས་རྩ་འདབ་གྲོལ་བའི་ཤིས་གྱུར་ཅིག །
འཇའ་ཡི་འོད་ཟེར་འགྱེད་པའི་རྟགས་མཚན་གྱིས། །
དྲུག་འགྱུར་རི་མོ་དབྱིངས་སུ་བཀྲ་བ་གང་། །
ཐུགས་ལ་ཕུལ་བའི་རིན་ཆེན་དཔལ་བེའུ་ཡིས། །
བཞེད་དོན་དགག་མེད་འགྲུབ་པའི་བཀྲ་ཤིས་ཤོག །
ལྷ་རྫས་ལས་གྲུབ་གོས་བཟང་ཤོམ་པའི་གདུགས། །
མི་ནུབ་བསྟན་པའི་རྒྱལ་མཚན་མངོན་མཐོ་བས། །
མི་མཐུན་བགེགས་ཀྱི་མཚན་མ་ཞི་གྱུར་ཏེ། །
བསོད་ནམས་དགོངས་ལ་རེག་པའི་ཤིས་པ་བརྗོད། །
སྲིད་པའི་དྲྭ་བ་གཅོད་པའི་རྩིབས་སྟོང་གིས། །
ཁམས་གསུམ་དབང་དུ་བསྒྱུར་བའི་འཁོར་ལོ་ཡིས། །
ལོ་ཉེས་སད་སེར་ནད་ཡམས་བཟློག་གྱུར་བའི། །
བཀྲ་ཤིས་མཚན་མ་བརྒྱད་ཀྱིས་ཤིས་པ་བརྗོད། །
2023.1.21
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
ལོ་སར་ཤིས་ཚིག་བཀྲ་ཤིས་རྟགས་བརྒྱད།