ཀྲུང་གོ་བོད་ཀྱི་དྲ་བ།

བྲན་གྱི་ལེགས་རྩོམ་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

     འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ༧སྟོན་པ་

       མཉམ་མེད་ཤཱཀྱའི་རྒྱལ་བོའི་མཛད་པ་ལ་ཆ་ཙམ་བསྟོད་པ་

               ངག་རིག་མཚོ་མོ་སྐྱོམ་པའི་རླབས་ཕྲེང་།               

 

                                         

                            བྲན། རྨ་ལྷོ།

 

ཕྱོགས་ཀུན་མཛེས་མའི་ལག་ན་འཕྱང་འཕྲུལ་གྱི།།

ཕྱིན་དྲུག་ཨུཏྤལ་འཛུམ་པའི་རླབས་ཀྱི་རིས།།

ལེགས་བྱས་ཟུང་འཇུག་ནོར་བུའི་དགའ་ཚལ་མར།།

ཡོངས་ཁྱབ་བརྩེ་བའི་ཉི་མ་ཆེན་པོར་འདུད།།

 

རྣམ་འདྲེན་བཞི་བའི་མཚན་སྙན་རོལ་མོའི་དབྱངས།།

ཕྱོགས་མེད་སྒྲ་འཛིན་སྟོང་གི་གདེངས་ཀ་རུ།།

འགུགས་པའི་མགོན་པོ་ཤཱཀྱ་སེང་གེ་ལ།།

གུས་པ་མི་བགྱི་དཔྱོད་ལྡན་སུ་ཞིག་མཆིས།།

 

དང་བའི་མཚོ་ལ་ཡོན་ཏན་ཟླ་དཀར་མའི།།

འོད་ཀྱི་ཟེགས་མ་འཐོར་བས་གདུལ་བྱའི་བློ།།

ཀུ་མུད་མེ་ཏོག་འཛུམ་པའི་ས་ཆེན་གདོང་།།

དགའ་བས་མ་ནོན་སྟོང་གསུམ་མཁའ་ལ་རེག།

 

ཁྱོད་སྐུ་མཐོང་འདོད་ཞེན་པའི་རང་བྱུང་གི།

སེམས་ལ་ཆུ་མིག་བརྡོལ་བའི་བསོད་ནམས་འདི།།

སྔོན་བྱས་དགེ་ལེགས་དཔྱིད་ཀྱི་ཕུན་ཚོགས་མས།།

བསྐྲུན་པའི་སེམས་བསྐྱེད་སྟོན་འབྲས་བྲི་ལ་སྤྲོ།།

 

སྐུ་ཡི་གཟི་བྱིན་མཚོན་ལ་སྲིད་གསུམ་གྱི།།

དངོས་རྣམས་གཅིག་ཏུ་སྤུངས་ལ་འཇའ་ཚོན་གྱིས།།

མཛེས་པར་སྤུད་ཀྱང་ད་དུང་ཆ་ཙམ་ལས།།

མཚོན་མིན་ཁྱོད་སྐུ་མཐོང་བའི་དཔལ་འཐོབ་ཤོག།

 

གསུང་གཅིག་གསུང་ལ་སྒྲ་དབྱངས་དུ་མ་ཡི།།

འཁྱུད་པའི་འཕྲུལ་ནི་ལུས་ཅན་མཛའ་བོའི་བློར།།

གང་འཚམ་ཤོང་བའི་གསུང་ལ་རྡོ་རྗེ་རྒྱ།།

བཏབ་པའི་སྐུད་ཐག་ཙམ་ཡང་ནམ་ཞིག་ལྷོད།།

 

ཐུགས་ཀྱི་བྱམས་བརྩེར་ཀུན་ཁྱབ་ཉི་ཟླས་ཀྱང།།

འགྲན་པར་མི་བཟོད་སྲིད་ཞིའི་དགེ་ལེགས་ཕོན།།

སྤུངས་པ་ལས་ཀྱང་ཕྱོགས་ཙམ་ག་བུར་རྡུལ།།

སྦྲང་མའི་མཆུ་རྩེར་འགོས་པའི་ངང་ཚུལ་ལགས།།

 

ཞི་བ་གཉུག་གཤིས་འོད་ཀྱི་གུར་ཁང་ལས།།

ལྷུན་གྲུབ་སྒྱུ་མའི་རོལ་བ་ཅི་དགར་འཛིན།།

གོམས་པའི་ཐུགས་རྗེ་ཕྱག་གིས་ཉེར་ཁེབས་པའི།།

འདྲེན་པའི་སྐྱ་རེངས་དབང་ཕྱོགས་ཁྱོད་མིན་སུ།།

 

རིང་བོའི་ཐུགས་བསྐྱེད་ནོར་བུའི་འཁྲི་ཤིང་གི།

ཡལ་གའི་ལྕུག་ཕྲན་དངུལ་དཀར་ལང་ཚོ་ལ།།

སྨིན་པའི་གཟི་མདངས་འཁྱུག་ལ་ནོར་འཛིན་མའི།།

ཐབས་ཤེས་འཁོར་ལོ་རྩེན་པའི་གྲོགས་དན་མཛད།།

 

སྙིགས་མའི་ཞིང་ལ་ལྷག་པར་བརྩེ་བའི་མཐའ།།

ལྷ་ཡི་རྫིང་རིང་ཁམས་ཀྱི་ཁྱོན་ལས་བརྒལ།།

འདི་ལྟའི་མཛད་པ་གུར་ཀུམ་གཞོན་ནུའི་དྲི།།

རྐང་བ་དྲུག་པ་གེ་སར་བཅུད་ལ་བཞིན།།

 

ཕྱོགས་ཀྱི་ཟླ་འོད་འཚེར་ལ་རིགས་བདག་གི།

བྱེད་པོ་གར་དུ་རྩེན་པའི་ཀློང་ཡངས་ནས།།

དོན་གཉིས་ཕུན་ཚོགས་མཐུ་ཡི་དཔལ་གྲུབ་སྟེ།།

མཁྱེན་པའི་སྐས་ལ་འཛེགས་ཁྱེད་དོན་ཀུན་གྲུབ།།

 

རྒྱལ་ཀུན་མཛད་པའི་རི་མོ་སྣ་ཚོགས་ལ།།

ངེས་འབྱུང་གསེར་རྩི་བྱུགས་བཞིན་སེམས་ཉིད་ཀྱི།།

སྟོང་བ་ཉིད་ཀྱི་མཁའ་དབྱིངས་རིན་ཆེན་ནོར།།

ཁུགས་པའི་ཚུལ་དེ་ཕྱི་ནང་དཔལ་དུ་སྒེག།

 

ལེགས་ཚོགས་སྒོ་བརྒྱ་འབྱེད་པའི་བཤེས་གཉེན་ལས།།

ལུང་རིགས་མན་ངག་བྱེ་བའི་ཁུར་བསྣམས་ཏེ།།

རྩེ་གཅིག་ཏིང་འཛིན་རླུང་གི་གཤོག་པ་ལ།།

གོས་དཀར་གསོལ་བའི་ཐབས་དེ་ཉམས་སུ་བཞེས།།

 

བྱང་ཆུབ་ཤིང་ལོ་དུད་པའི་གྲིབ་བསིལ་འོག།

གོས་དཀར་ལན་བུ་གྱོན་པའི་དཔའ་བོ་ཡི།།

མཁྱེན་བརྩེའི་འོད་དཀར་ཟེར་མ་འཕྲོས་ཙམ་གྱིས།།

ལུས་མེད་མུན་པའི་དཔུང་ཚོགས་རང་སར་དེངས།།

 

དངོས་འཛིན་ལོག་རྟོག་དགྲ་བོའི་དཔུང་འཇུག་གིས།།

ཁྱབ་འཇུག་འཕྲུལ་ལ་རྒོལ་བའི་ཚུལ་འཛིན་བཞིན།།

རྣོ་བའི་མདའ་མཚོན་འཆང་བའི་དགྲ་ཚོགས་དག།

མ་ལུས་ཕམ་མཛད་ཁྱོད་གཅིག་སྲིད་པའི་མིག།

 

སྐད་ཅིག་ཡུད་ཙམ་ཀློང་ནས་རྒྱལ་ཀུན་གྱི།།

མཛད་པའི་རི་མོ་འཆང་ལ་སོམ་ཉི་མའི།།

ཐག་པ་གཅིག་ལ་བརྒྱུས་པའི་རྟེན་འབྱུང་གི།

རིགས་པའི་གསང་ཆེན་གྲོལ་ཁྱེད་འགྲོ་བའི་མགོན།།

 

བསླབ་གསུམ་གསེར་ཞུན་འཁྱོག་འགྲོའི་འཁྲི་ཤིང་ལ།།

ཡོན་ཏན་ལྷུན་རྫོགས་འབྲས་བརྒྱ་དུད་པའི་ཉམས།།

ཐུན་མོང་སྣང་བའི་ཉིན་བྱེད་ཟླ་བོར་སྙེམས།།

ཐུན་མིན་མཛད་པ་འཕགས་པའི་སྤྱོད་ཡུལ་ཉིད།།

 

བདེ་བའི་དངོས་ཀུན་སྤྲོལ་བྲལ་ཆོས་ཉིད་ཀྱི།།

མཛའ་བར་འཁྱུད་པའི་ཚོགས་གཉིས་རླབས་ཀྱི་ཕྲེང་།།

གདུལ་བྱའི་བསམ་པ་རྒྱ་མཚོ་གོས་ཅན་མའི།།

ཐོས་པས་ཡིད་ཀྱི་ཉལ་འགྲོའི་རྒྱུན་ལས་རིང་།།

 

ཁྱོད་སྐུ་ཛམྦུའི་གསེར་ཞུན་ལ་འཁུ་བ།།

མཚན་དཔེའི་རི་མོ་འབུམ་གྱིས་ལེགས་དཀྲིས་པས།།

ཉི་གཞོན་བྱེ་བའི་ཕྲག་བརྒྱའི་གཟི་མདངས་གར།།

གཅིག་ཏུ་སྡོམ་པ་བས་ཀྱང་ཁྱད་དུ་འཕགས།།

 

ཀུན་ལ་བརྩེ་བའི་ཆུ་རྒྱུན་འགྲོ་བའི་བློར།།

བྱེ་བ་ཕྲག་བརྒྱ་ཉིན་བཞིན་འབབ་ན་ཡང་།།

ད་དུང་མགོན་ཁྱེད་ཚད་མེད་ཐུགས་རྗེ་ཡི།།

གཏེར་དུ་གྱུར་འདིས་རྒྱལ་ཀུན་སོམ་ཉིར་ཚུད།།

 

ཕྱོགས་ཀུན་ཞབས་སྐྱེས་རྩེན་པའི་རི་མོ་བཞིན།།

ཁྱོད་ཀྱི་མཛད་པའི་རྡུལ་ཕྲན་གཅིག་ཙམ་ཡང་།།

ལྷར་བཅས་འགྲོ་བ་དུད་པའི་ཞིང་མཆོག་ཏུ།།

གྲུབ་པའི་སྒྱུ་འཕྲུལ་སྲིད་ཞིའི་རྒྱན་དུ་ཆེ།།

 

འགྲོ་ཀུན་ཡིད་ལ་དོགས་པའི་ཐེ་ཚོམ་ཀུན།།

དུས་གཅིག་ཉིད་ལ་སེལ་བའི་མགོན་པོ་འདིའི།།

མཛད་པ་རྟོགས་ལ་ཉན་རང་རྒྱལ་སྲས་ཀུན།།

ངལ་ན་སོ་སྐྱེ་ཡོངས་ནི་སྨོས་ཅི་འཚལ།།

 

ཁམས་གསུམ་མེ་ཚོགས་མཆེད་པས་རྣམ་དཀར་གྱི།།

དཔག་བསམ་ཤིང་གི་ནགས་ཚལ་བསྲེགས་པ་ལས།།

འཆི་བ་གཤེད་མའི་གདོན་གྱིས་མ་ཐུབ་པར།།

ངེས་པར་འབྱུང་ཁྱེད་ཐར་བའི་ས་མཁན་ལགས།།

 

རྡུལ་ཕྲན་གཅིག་ལ་འཇིག་རྟེན་སྟོང་ཕྲག་བརྒྱའི།།

རྡུལ་ཕྲན་སྣ་ཚོགས་བབས་པའི་རྟེན་འབྱུང་གིས།།

མཁྱེན་པའི་ཞིང་ལ་རོལ་བའི་ཡེ་ཤེས་ནི།།

སྒྱུ་མའི་རོལ་བ་ལས་ཀྱང་རབ་ཏུ་མཛེས།།

 

དེ་ལྟར་མཛད་བཟང་རྨ་བྱའི་སྒྲོ་མདོངས་ལ།།

རང་བྱུང་ལྷུན་གྲུབ་རི་མོ་བབས་པ་ལས།།

ཆ་ཙམ་མཐོང་བས་ངག་རིག་མཚོ་མོ་གང་།།

སྐྱོམ་པའི་རླབས་ཕྲེང་ཡིད་འགྱུའི་ཀློང་ནས་ཐལ།།

 

སྲིད་པའི་དོ་ར་སྟོང་ལས་རབ་འགོངས་པའི།།

ཁྱོད་ཞལ་ཟླ་བའི་རླབས་ཕྲེང་ལུད་པ་འདིས།།

ལེགས་ཚོགས་ནོར་གྱི་ཡིད་ལ་དགའ་བ་འབུམ།།

འཁྱིལ་བའི་མཛའ་བ་ཉམས་པ་མེད་གྱུར་ཅིག།

 

   ཅེས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོའི་མཛད་པ་ལ་ཆ་ཙམ་བསྟོད་པ་ངག་རིག་མཚོ་མོ་སྐྱོམ་པའི་རླབས་ཕྲེང་ཞེས་པ་འདི་ཡོངས་སུ་གྲགས་པའི་སྙན་ངག་མེ་ལོང་མའི་ལུགས་ལ་རྐང་བཅོལ་ཏེ་རང་བཞིན་བརྗོད་པའི་རྒྱན་ལ་གཟུགས་རྒྱན་འཕར་མ་སོགས་ཀྱིས་སྤྲས་ཏེ།  བྱིན་རླབས་ཀྱི་ཚན་ཁ་འབར་བའི་རྗེ་དོ་ཁ་མའི་གདན་ས་སྤེན་དཀར་ཐང་ནས་བྲན་གྱིས་གུས་པ་རྩེ་གཅིག་གིས་སྦྱར་བ་དགེ།། །།

 

 

    གཡུ་ལོའི་དགའ་ཚལ་དད་གསུམ་རླུང་གིས་བསྐུལ་བའི་དབྱངས།

 

ཆོས་ཀྱི་དཔྱིད་དཔལ་ཟླ་བ་སྒེག་མོའི་བཞིན།།

ཟག་བཅས་བདེ་བ་ལྟར་སྣང་སྣ་ཚོགས་ཀྱིས།།

ཡོངས་སུ་བཏང་བའི་བཅུ་དྲུག་རི་དྭགས་མིག།

ཕྲིན་ལས་རྟག་སྩོལ་འཕགས་མས་རིང་དུ་སྐྱོངས།།

བརྩེ་ཆེན་སྣང་མཐའ་ཡས་པའི་སྨོན་ལམ་དང་།།

འཇིག་རྟེན་གསུམ་མགོན་ཆུ་སྐྱེས་གེ་སར་ལས།།

འཁྲུངས་པའི་རྒྱལ་ཡུམ་འགྲོ་ལ་རྗེས་ཆགས་མ།།  

སེང་ལྡེང་ནགས་ཀྱི་འཕགས་མ་ཁྱོད་ལ་འདུད།།

མཛེས་མཛེས་སྐུ་ཡི་སྣང་བའི་འོད་དཀར་དང་།།

སྙན་སྙན་གསུང་གི་སྒྱུ་འཕྲུལ་ཚངས་པའི་ངག།  

ཟབ་ཟབ་དངོས་གྲུབ་བྱིན་རླབས་སྦྲང་མའི་ཆར།།      

མྱུར་མྱུར་ཐུགས་རྗེ་ཞི་བའི་དབྱིངས་ནས་ཕོབས།།

ནུབ་ཕྱོགས་བདེ་ལྡན་ཞིང་གི་བཟོ་བཀོད་ལ།།

འགྲན་པའི་སེང་ལྡེང་ནགས་མའི་དགའ་ཚལ་ན།།  

མུ་མེད་སྲིད་མཚོར་བྱིང་བའི་འགྲོ་བ་རྣམས།། 

འདྲེན་པའི་མཆོག་གྱུར་སྒྲོལ་མ་ཡོད་ཅེས་ཐོས།།      

དེ་སྐད་ཐོས་པས་དད་གསུམ་ཉ་གང་ཟླ།།  

དབྱིངས་སུ་རྩེན་པའི་རྣམ་འགྱུར་ལྷག་ཏུ་རྒོད།། 

དེ་ཡི་མཛེས་སྡུག་ཨུཏྤལ་ནགས་མའི་ལྗོན།། 

ཕྱོགས་ཀྱི་དྲི་བཞོན་ལྡང་བས་ཡང་ཡང་སྒུལ།།  

ཉམས་དགའི་ཕོ་བྲང་སེང་ལྡེང་ནགས་ཚལ་གྱི།།

རྒྱུ་དང་མི་རྒྱུ་བརྟན་གཡོའི་ཆོས་རྣམས་ཀུན།།

རང་གི་གཤིས་ཀྱི་ལང་ཚོར་སྨིན་པའི་བཅུད།། 

མཚར་སྡུག་ཡོངས་སུ་རྫོགས་པ་དེ་དང་དེར།།  

མར་གད་ཞུན་མའི་མཚོ་ལས་པད་དཀར་འདབ།།  

བཞད་པ་ལས་འཁྲུངས་ཟླ་ཤེལ་སར་བའི་ཞལ།།

སྤྱན་ཟུང་ཨུཏྤལ་གཡོ་བའི་རི་དྭགས་གཟུགས།།    

ལུས་ཅན་བུང་བ་འདུད་པའི་མགོན་དུ་ཤར།།  

དམར་བའི་མདངས་ལྡན་བིམ་པའི་མཆུ་སྒྲོས་ཀྱི།། 

འདབ་མ་གེ་སར་གཡོ་བའི་ལྗགས་རྩེ་ནས།།

བྱིན་རླབས་བདུད་རྩི་བགོ་བའི་ལས་སྐལ་འདི།།  

ཚེམས་ཕྲེང་མུ་ཏིག་བརྒྱུས་པའི་གསེབ་ནས་མཐོང་།།

བྲང་གི་འོ་འཛིན་ཟུང་དཀར་ཟག་མེད་ཀྱི།། 

བདེ་བའི་ཕུན་ཚོགས་དཔྱིད་ཀྱི་བློ་གྲོས་མའི།།  

མགུལ་རྒྱན་རིན་ཆེན་སིལ་སིལ་སྙན་པའི་སྒྲ།།  

འཕྲལ་ཕུགས་རྒྱང་གི་དྲན་པ་སྐྱོམ་པའི་གཞི།།  

འོད་ཟེར་སྟོང་ལྡན་གསེར་གྱི་སྙན་ཤལ་ཟུང་།།   

ཡིད་འོང་སྐྱེད་མོས་ཚལ་གྱི་པདྨོ་བཞིན།། 

རྣམ་པར་བཀྲ་བའི་ལང་ཚོ་སྨིན་པའི་ཚུལ།།  

ལྗགས་བརྒྱར་སྤྲུལ་ནས་སྨྲས་ཀྱང་ག་ལ་འོ།།

སྲིད་དང་ཞི་བའི་མཛེས་སྡུག་མ་ལུས་ཀུན།། 

གཅིག་ཏུ་བསྡུས་བཞིན་མར་གད་ས་འཛིན་ལ།།  

རྒྱུ་སྐར་ཁྲག་ཁྲིག་བྱེ་བ་ཕྲག་བརྒྱ་ཡིས།།  

ཡོངས་སུ་སྐོར་བཞིན་མཛེས་པ་ཁྱེད་ལས་སུ།།

མཉེན་འཇམ་ཕྱག་གཡས་ཨུཏྤལ་ལྗོན་པའི་འདབ།། 

མཆོག་སྦྱིན་ཕྱག་རྒྱ་བརྐྱངས་ལས་རྣམ་ཤེས་ཀྱི།།

ཐང་དཀར་གཟན་ལ་འདྲེན་པའི་ལས་མཁན་མ།།  

འཛིན་མེད་སེམས་ཀྱི་རོ་གཅིག་དྲངས་སུ་གསོལ།།      

གཡོན་པའི་ཕྱག་མཚན་མཆོག་གསུམ་མཚོན་པ་ཡིས།།

མི་འཇིགས་སྐྱབས་སྦྱིན་ཕྱིན་དྲུག་ལ་སྦྱོར་ཞིང་།།

བསྡུ་བཞིའི་འགྲོ་ཀུན་འདུད་ལ་ཐོགས་མེད་མ།།

ཆོས་ཀྱི་དཔལ་མོ་མཆོད་པའི་སྟངས་ཀ་རྒོད།།  

ཕྱག་གཉིས་ཨུཏྤལ་ཞལ་ཁ་ཕྱེས་པ་བཞིན།།  

འཁོར་བའི་འདམ་ལས་སྐྱེས་ཀྱང་ར་རིའི་དྲི།།  

གཉུག་མའི་གཤིས་ལ་མ་འགོས་རིགས་ཀྱི་རྫས།། 

ཚང་བ་ཁྱོད་ཀྱིས་ཀུན་ནས་བསྐྱབ་ཏུ་གསོལ།།       

མཛེས་སྡུག་མཉེན་འཇམ་ནེ་ཙོའི་གཤོག་པ་ལྟར།།  

སྐུ་ཡི་ཆ་ཤས་རྫོགས་པའི་འཇིགས་སྐྱོབ་མས།།

སྲེད་པ་ཀུན་གསལ་དུ་ཀཱུ་ལ་ཡི་གོས།། 

རླུང་གི་རྒྱལ་མཚན་ཁེངས་པ་འཕྲོག་ཕྱིར་གྱོན།།    

ལྷབ་ལྷུབ་གཡོ་བའི་གོས་ཀྱི་ཤམ་ཐབས་སོགས།། 

སྙན་སྙན་གཡེར་ཁ་འཁྲོལ་བའི་རྒྱན་གྱིས་སྤུད།།  

མཚར་མཚར་རྐེད་སྐབས་འཁྲི་ཤིང་གསར་བ་ནི།།  

མཛེས་མཛེས་སྙིང་རྗེ་གཞན་ཕན་བསྐུལ་བའི་ཆ།།   

དཀྱུས་རིང་རྒོད་གཤོག་བརྐྱངས་པའི་སྣེ་མོ་ན།། 

ཐར་པའི་བགྲོད་ལམ་སྟོན་པའི་ཕྱག་རྒྱ་ཡོད།།  

ཨེ་མ་རྒྱལ་ཀུན་གསང་གསུམ་ལི་ཁྲིའི་རྡུལ།། 

མཁའ་རུ་འཕྱུར་ཡང་ལུས་མེད་འགྲོ་ལ་བྱམས།།    

སེང་ལྡེང་ནགས་མའི་ཚལ་གྱི་འཇིག་རྟེན་ནས།།   

སྲིད་ཞིའི་ཆོ་ག་སྤེལ་བའི་འཕྲིན་ལས་མཐའ།།   

རབ་འབྱམས་ཞིང་གི་བཀོད་པའི་སྒྱུ་འཕྲུལ་ནི།།

ཁྱེད་ལ་མངའ་འོ་འཕྲིན་ལས་རྟག་སྩོལ་ཤོག།  

ཕྱོགས་བཅུའི་ཞིང་གི་རྫུ་འཕྲུལ་ཁྱབ་འཇུག་གི། 

སྦར་མོས་ཁེབས་པ་ཇི་བཞིན་སེམས་ཉིད་ཀྱིས།།

ཇི་སྙེད་ཀུན་གཟིགས་ལྷ་མིའི་གཙུག་རྒྱན་མ།། 

བདག་གི་རྨོངས་པའི་སྨག་རུམ་མཐར་སེལ་མཛོད།།  

ཕན་བདེ་སྟོང་གི་གཟི་བྱིན་རིང་མོ་ནས།། 

ཡིད་ལ་བརྣགས་ཀྱང་ཕྲ་རྒྱས་གཤེད་མ་ཡི།།  

སྡུག་གིས་རབ་གཙེས་འགྲོ་འདི་ཁྱེད་འཕྲིན་གྱི།། 

བཅུ་གཉིས་བདག་པོས་འོད་ཀྱི་གོང་བུར་སྒྲུབས།།     

ངར་འཛིན་སེང་གེ་ཁྲོས་དང་གཏི་མུག་གི། 

གཉིས་འཐུང་ཚ་བས་རབ་གདུང་ཞེ་སྡང་མེ།།  

ཕྲག་དོག་འཁོར་ལོ་ཅན་སོགས་ལྟ་ངན་གྱི།། 

དགྲ་ཇག་འཇིགས་པ་ཀུན་ལས་བསྐྱབ་ཏུ་གསོལ།།  

སྲེད་པས་གདུང་ལས་སྣ་ཚོགས་ཞེན་པའི་སེམས།། 

མི་བཟད་བཙོན་དུ་འཆང་བྱེད་སེར་སྣ་ཡི།། 

ལུས་ཀྱི་ལྕགས་སྒྲོག་འཇིགས་ཆེན་འཁོར་བ་ལས།།  

མ་འགྱངས་སྐྱོབས་ཤིག་ནགས་ཀྱི་སྒྲོལ་མ་ཀྱེ།།   

འདོད་ཆགས་ཆུ་བོ་དཀྲུགས་པའི་གཡང་རོང་ན།། 

འཁོར་བར་ངེས་པར་འབྱུང་བའི་བྱ་བྲལ་སོགས།། 

དགེ་ལ་འདུན་པར་འཚེ་བའི་མཐའ་གཉིས་ཀྱི།། 

ཤ་ཟའི་འཇིགས་སྐྱོབས་ནགས་ཀྱི་ལྷ་མོར་འདུད།། 

ཡིད་འོང་ནེའུ་གསིང་སར་བའི་མཎྜལ་གཞིར།།

བྱེད་པོས་སྟངས་སྟབས་བསྒྱུར་བའི་བློ་མཚོ་གང་།།

བསྲུབས་ལས་མཆོད་སྤྲིན་འཁྲིགས་པའི་ཡོ་ལང་ནི།། 

དད་གསུམ་རླབས་ཕྲེང་གཡོ་བའི་ཡིད་ནས་འཕྱུར།།

ཐ་སྙད་ཚོན་མང་འཐུང་བའི་བློ་གྲོས་པིར།།

བསྐྱོད་ལས་འདི་སྐད་བགྱིས་པའི་རྣམ་དཀར་གྱི།།  

དགེ་ལེགས་བྱིན་རླབས་གྲུ་ཆར་འཇོ་བ་འདིས།།  

ས་སྟེང་སྐྱེ་འགྲོའི་བཞེད་དོན་འགྲུབ་གྱུར་ཅིག།   

ཁྱད་པར་གོས་དཀར་གསོལ་བའི་ལྷ་རྗེ་དང་།།

བསྟན་ལ་རི་མོ་བགྱིས་པའི་ངུར་སྨྲིག་སྡེ།། 

དར་ཞིང་རྒྱས་ལ་འཇིག་རྟེན་ཡངས་པའི་གྲོང་།། 

ཆོས་མཛད་དབྱར་གྱི་མཚོ་མོས་བརླན་གྱུར་ཅིག། 

 

         ཅེས་པ་འདི་ནི་རབ་རྒྱན་ས་ཕག་ལོར་རོང་བོ་དཔལ་གྱི་དགོན་ཆེན་གྱི་གྲལ་མཐའ་འཛིན་པ་བྲན་གྱིས་སྦྱར་བ་དགེ། །།

 

                     རིག་འཛིན་ཚངས་དབྱངས་རྒྱ་མཚོ།

                                       

                              བྱ་དེ་ཁྲུང་ཁྲུང་དཀར་མོ།།

                              གཤོག་རྩལ་ང་ལ་གཡོར་དང་།།

                             ཐག་རིང་རྒྱང་ལ་མི་འཕུར།།

                             ལི་ཐངབསྐོར་ནས་བསླེབ་ཡོང་།།

 

              • • •  ཁ་བྱང་གི་སྐྱོར«ཚངས་མགུར»ལས་དྲངས།

 

རྨད་བྱུང་ཐུགས་བསྐྱེད་ཀྱི་ས་འཛིན་མཐོན་པོའི་རྩེ་ནས།།

ཚོགས་གཉིས་ཉི་ཟླ་ཡི་འོད་ཀྱིས་ས་ཆེན་བཀབ་པའི།།

ཐུགས་རྗེ་ཀུན་ཁྱབ་ཀྱི་ཟེར་མས་སྐྱེ་དངོས་ཡོངས་ལ།།

བླ་མེད་རྟེན་འབྱུང་གི་སྣང་བས་སྒེག་པར་བྱས་སོང་།།

 

ཟབ་ཞི་སྤྲོས་བྲལ་གྱི་བརྩེ་བས་འོག་མིན་ཞིང་ནས།།

འགྲོ་དྲུག་གདུལ་བྱ་ལ་སྙིང་རྗེ་སྤྱན་གྱིས་གཟིགས་ཏེ།།

དག་དང་མ་དག་གི་ཞིང་ཁམས་འབྱམས་སུ་ཀླས་པར།།

གང་ལ་གང་འདོད་ཀྱིས་སྤྲུལ་བའི་སེམས་དཔར་འདུད་དོ།།

 

ལྷ་གཅིག་པད་མོ་ཡི་ཐུགས་རྗེ་རྣམ་པར་སྤྲུལ་བས།།

གངས་ཅན་ཁ་བ་ཡི་ལྗོངས་ཀྱི་འགྲོ་དྲུག་སེམས་ཅན།།

རྗེས་བཟུང་གདུལ་བྱ་ཡི་ཚུལ་གྱིས་བསྐྱངས་པའི་སྐལ་བ།།

ཚེ་རབས་དཔག་མེད་ཀྱིས་བསྐྲུན་པའི་བསོད་ནམས་ལོས་ཡིན།།

 

དེ་ལྟར་བསམ་ཡས་ཀྱིས་སྤྲུལ་བའི་རྟ་བདུན་དབང་བོ།།

སྨག་མུན་ཡོངས་གཏིབས་ཀྱི་ཁ་བའི་དབྱིངས་སུ་འཆར་དེ།།

མཐའ་འཁོབ་ཡང་འཁོབ་གྱི་ས་ཆེན་འཛིན་མའི་ཁྱོན་འདི།།

བརྩེ་བའི་ཉི་ཟེར་གྱིས་ཡོངས་སུ་ཁྱབ་པར་བྱས་སོང་།།

 

སྟོད་ཀྱི་མོན་ཡུལ་ནས་འཁྲུངས་པའི་ཚངས་དབྱངས་རྒྱ་མཚོ།།

ཕོ་བྲང་དམར་པོ་ཡི་བརྩེ་བའི་འོད་ལ་ཟེགས་དུས།།

ཁ་འཛིན་རྒྱབ་རྟེན་གྱིས་དབེན་པའི་རི་ལ་བྲོས་པ།།

སུ་དང་གང་གིས་ཀྱང་བརྗེད་ཐབས་ཡོད་ས་མ་རེད།།

 

ལ་ལུང་ཞབས་མཐིལ་གྱིས་བཅགས་ནས་གང་སར་ཕེབས་ཏེ།།

འགྲོ་དོན་གང་སྒྲུབ་ཀྱི་བྱ་བའི་ལས་ལ་འཇུག་ན།།

གསང་བའི་འཁྱམ་པོ་ཡི་ངང་ཚུལ་བཟུང་བ་འདི་ཡིས།།

ཡངས་པའི་འཇིག་རྟེན་ལ་གཏན་ཚིགས་བཀོད་པ་མིན་ནམ།།

 

ཕོ་བྲང་དམར་པོ་རུ་བཞུགས་དུས་ཚངས་དབྱངས་རྒྱ་མཚོ།།

ས་མཐའ་ངེས་མེད་ལ་འགྲིམ་དུས་དང་བཟང་དབང་བོ།།

ཐུགས་ཀྱི་ཡོལ་གོ་རུ་འཁྱིལ་བའི་བྱིན་རླབས་ཟེར་མ།།

ནམ་ཡང་གཟི་བྱིིན་གྱི་ཀློང་ན་འོད་དུ་འབར་ཡོད།།

 

འཆད་པའི་ལེགས་བཤད་ཀྱིས་མཁས་རྒུའི་ཡིད་དབང་འཕྲོག་སོང་།།

རྩོད་པའི་བློ་རིག་གི་གློག་འགྱུས་སྨག་རུམ་གཏོར་བྱུང་།།

རྩོམ་པའི་བསྟན་བཅོས་ཀྱིས་མངོན་ལྐོག་སྒྱུ་མའི་རི་མོ།།

གང་དགར་བསྟན་པ་འདིས་འཇིག་རྟེན་ཧྲིལ་བོ་བསྒུལ་བྱུང་།།

 

ཐུགས་གསང་གངྒཱ་ཡི་ཀློང་ནས་བྱམས་པའི་བཞིན་ལ།།

སྐྱེ་མེད་འགག་མེད་ཀྱི་སྤྱན་གྱིས་གཟིགས་རྒྱུ་བྱུང་བས།།

མ་སྐྱེས་ཨ་མ་ཞེས་མགུར་རྟ་དབྱངས་སུ་འཐེན་པ།།

ཕལ་བའི་སྣང་ངོ་རུ་གང་དགར་ཤར་ས་མ་རེད།།

 

སྲིད་ཞིའི་མཛེས་སྡུག་གི་རི་མོ་མངོན་སུམ་གཟིགས་ཞིང་།།

མངོན་ལྐོག་ཆོས་ཚུལ་གྱི་སྒྱུ་མའི་ཁབ་ལ་རོལ་དེ།།

ཡང་སྤྲུལ་ལི་ཐང་ནས་འཁྲུངས་ཞེས་མགུར་གླུ་འཐེན་པ།།

འདི་ཙམ་མཐོང་བས་ཀྱང་དད་པའི་སྤུ་ལོང་རྒྱས་བྱུང་།།

 

བདེ་སྟོང་ཉམས་བརྒྱ་ཡི་རོལ་བའི་ཐབས་ཀྱི་འཕྲུལ་ལས།།

ལྷན་སྐྱེས་འོད་གསལ་གྱི་གཉུག་མའི་རིག་གཤིས་ཕྲ་མོ།།

མཐོང་བས་ངེས་དོན་གྱི་མགུར་ལ་མ་བྲིས་སེམས་ཀྱི།།

རི་མོ་བསུབ་ཀྱང་ཡང་སུབ་རྒྱུ་མི་འདུག་གསུངས་སོང་།།

 

ཉམས་འགྱུར་རྫོགས་ལྡན་གྱི་ཚངས་པའི་བུ་མོ་འཁོར་རམ།།

གསང་བའི་ཕྱག་རྒྱ་ཡི་ལོངས་སྤྱོད་རྫོགས་པ་ཡིན་ནམ།།

གང་ཡིན་འཕགས་སངས་ཀྱི་སྤྱོད་ཡུལ་ཁོ་ན་ཉིད་ལས།།

ཕལ་བའི་བློ་ངོ་རུ་ཅུང་ཙམ་ཤར་ས་མ་རེད།།

 

འཇིག་རྟེན་འཁོར་བ་ཡི་གྲོང་ལ་གོད་མོ་ཤོར་སྐད།།

སྲིད་ཞིའི་ལེགས་ཚོགས་ཀྱི་དགེ་བའི་བཙན་ས་ཟིན་སྐད།།

བརྩེ་བ་མགུར་དབྱངས་སུ་འཐེན་པའི་བནྡེ་ཡིན་སྐད།།

དམ་པའི་ཐུགས་རྗེ་འདི་སུ་ཡིས་ཤོད་ས་མ་རེད།།

 

དབུས་ཀྱི་བར་སྐོར་ནས་རྙེད་པའི་ཆུང་འདྲིས་བྱམས་པ།།

མ་སྐྱེས་ཨ་མ་ཞེས་ཀུན་གྱིས་ཤེས་མདོག་བྱེད་ཀྱང་།།

སྟོང་ཉིད་སྙིང་རྗེ་ཡི་སྙིང་བོར་འགྲེལ་བའི་ལུགས་དེ།།

མདོ་སྔགས་ཟུང་འཇུག་གི་གདམས་པའི་མཐིལ་དུ་ཆེ་འོ།།

 

འཁྲེང་ཟླུམ་ནུ་འབུར་གྱི་ལང་ཚོ་ཀུན་ནས་རྒྱས་པའི། །

གང་གི་ཉམས་འགྱུར་གྱིས་བསླུ་བྲིད་བྱས་སོང་སྐད་མོད།།

རྣལ་འབྱོར་དམ་པ་ཡི་ཐུགས་ཀྱི་བརྩེ་བའི་ཀློང་ན།།

རིགས་དྲུག་འགྲོ་བ་ཡི་བདེ་སྡུག་རྟག་ཏུ་སྒོམ་ཡོད།།

 

འཕྱོངས་རྒྱས་ཟླ་སྒྲོན་ལ་འཁྲེང་བའི་ཞེ་སེམས་དམར་པོ།།

བརྩེ་བའི་མེ་དཔུང་ལ་སྒྲོན་པའི་དན་རྟགས་རེད་ཅེས།།

གང་འདོད་ཐོལ་བྱུང་དུ་སྨྲ་བའི་མགོ་བདེ་དེ་ཚོ།།

འཇིག་རྟེན་སྣང་བ་ཡིས་བཟི་ནས་སྨྱོན་པར་ཆགས་འདུག།

 

དྲུག་པ་ཚངས་དབྱངས་པ་སྐུ་ཚེགས་མང་པོར་གཏད་སོང་།།

མི་ཁའི་རླུང་འཚུབ་གྱིས་གཤེ་གཤེ་མང་བོ་གཏང་བྱུང་།།

སོག་པོའི་ལྷ་བཟང་གིས་ཁྲི་ལས་ས་མཐར་བདའ་བྱུང་།།

སྐྱེས་ཆེན་འཛམ་གླིང་གི་ཉི་མ་ཡང་ཡང་དྲན་བྱུང་།།

 

ཁམས་ཕྱོགས་ལི་ཐང་གི་བརྩེ་བའི་ཕུ་ནུའི་དཔུང་གིས།།

དྲུག་པ་ཚངས་དབྱངས་པ་དྲན་པའི་རྗེས་དྲན་མཛད་སྒོ།།

སྤེལ་བའི་ཉིན་བཟང་ལ་བསླེབ་པར་ཉེ་བའི་སྐབས་འདིར།།

རྩེ་གཞུང་བྲན་མིང་བས་མགུར་འདི་དབྱངས་ལ་བརྒྱུས་ཡོད།།

 

   ཅེས་པ་འདི་ནི་ཡུལ་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་རོང་བོ་དཔལ་གྱི་དགོན་ཆེན་ནས་སུ་མ་ཏི་མིང་ཅན་གྱིས་སྦྱར་བའོ།།

 

          ཡུལ་ཡར་ཀླུང་ཁོག་གི་དྲན་པ།

 

འདས་སོང་ལོ་ཟླར་བརྒྱུས་པའི་དྲན་པའི་ཕག་ན། །

ནགས་རྫོབ་གཡུ་ལོ་ཡིན་པའི་ཡར་ཀླུང་གཞུང་ཡོད། །

རྡོ་དང་གཡའ་མར་ཞེན་པའི་མི་རབས་ཤིག་གི །

རི་དྭགས་རྔོན་པའི་ལོ་རྒྱུས་རྙེད་ས་རེད་བཞག །

 

བཙན་པོའི་མཚན་གྱི་སྙན་པ་དང་བོར་ཐོས་དུས། །

ཉི་ཟླ་རྣ་ཆ་ཡིན་པའི་གཉའ་ཁྲི་བཙན་པོ། །

འབངས་ཀྱིས་གོང་དུ་བཀུར་བའི་ཉི་མ་དེ་ནས། །

ཡར་ཀླུང་རོང་ས་བཙན་པོའི་ཕ་ཡུལ་ཡིན་སོང་། །

 

ལྷ་སྲས་གཉའ་ལ་ཁུར་བའི་གཏམ་རྒྱུད་དེ་དག །

ཁྱོད་ཀྱི་པང་ནས་འཚར་ལོངས་བྱུང་བ་མིན་ན། །

ཡར་ཀླུང་སོག་ཁའི་རྣང་ཞིང་གྲུ་བཞི་དེ་ཡང་། །

ཁྱོད་ཀྱི་ཟུངས་ཁྲག་འཁྱིལ་བའི་གཞི་རྟེན་ཆེ་ཡིན། །

 

ཕྱིང་བ་སྟག་རྩེར་ཞེན་པའི་མི་སེར་དག་གིས། །

ཁྱོད་ལ་བཅིངས་པའི་བརྩེ་བ་རྣམ་དག་མིན་ན། །

ཁྱོད་དང་མཉམ་དུ་མྱངས་པའི་སྐྱིད་སྡུག་འཚོ་བ། །

མགོ་བོ་གླན་ནས་ཁྱེད་ལ་བཤད་དགོས་མི་འདུག །

 

གྲི་གུམ་ཁེངས་པའི་བཙན་གཏམ་རི་ལ་འཐེན་ཡང་། །

ཁོང་གི་ཟུངས་ཁྲག་དམར་བོ་ཁྱེད་ལ་འཐིམས་ཤིང་། །

བྱ་ཁྲིས་སྡུག་ཡུས་ཁུར་ཏེ་སྤོ་ཡུལ་འགྲིམས་ཀྱང་། །

སླར་ཡང་ཁྱོད་ཀྱི་རུམ་ནས་འཚར་བ་མིན་ནམ། །

 

རུ་ལས་སྐྱེས་ཀྱི་མཛངས་པའི་མཛད་པ་དེ་ཡང་། །

ཁྱོད་ཀྱི་པང་ནས་འཁྲུངས་པའི་བདེན་པ་རེ་ལ། །

ཡར་ཀླུང་གཙང་བོའི་གཞུང་གི་ལྟོ་དཀར་ཉ་མོས། །

གཤོག་འགྱུར་མཚོ་ལ་བརྡབས་པའི་དྲན་པ་ཡོད་བཞག །

 

ཐེག་ཆེན་མདོ་ཡི་གླེགས་བམ་སེར་བོ་དེ་ཡང་། །

ཁྱོད་ཀྱི་ཕྲག་ལ་སུ་ཡིས་བཞག་པ་ཡིན་ནམ། །

རྒྱལ་བསྟན་པད་དཀར་འཆང་བའི་མདོ་སྡེའི་ས་བོན། །

ཁྱོད་ཀྱི་མངལ་དུ་སྦྲུམ་པའི་གསང་བ་ཡོད་བཞག །

 

གཉན་བཙན་གསོན་པོ་དུར་ལ་ཕེབས་པ་ཡིན་ནམ། །

སྐྱོ་གར་སྡུག་ཡུས་འཁྲབ་པའི་ལེ་ཚན་བསྒྲིགས་བཞག །

གང་ཡིན་མ་ཤེས་ད་དུང་གསང་བར་ལྷག་པ། །

ཡར་ཀླུང་གཙང་བོ་ཁོ་ན་མ་གཏོགས་མི་ཤེས། །

 

སྲོང་བཙན་ཁྲོས་པའི་རྣམ་འགྱུར་མཐོང་མྱོང་ཡོད་དམ། །

མཐའ་བཞི་འདུལ་དུས་ཁྱོད་རང་དགའ་མྱོང་ཡོད་དམ། །

སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་བསྒྱུར་བྱེད་དུས། །

ཁྱོད་རང་དུང་བའི་རླབས་རྒྱུན་དབྱིངས་སུ་གཏོར་རམ། །

 

ཐོན་མིས་ཤེས་རབ་མིག་གི་ཞལ་ཁ་ཕྱེ་དུས། །

ཁྱོད་ཀྱིས་དབྱངས་གསལ་ངག་ལ་གྱེར་མྱོང་ཡོད་དམ། །

སྨག་རུམ་མཐའ་རུ་སེལ་བའི་སྐྱ་རེངས་འགྱོག་དུས། །

ཁྱོད་ཀྱི་བློ་སྤོབས་གསར་བའི་ཉི་མ་ཤར་བཞག །

 

མགར་གྱིས་ཀོང་ཇོ་བསུས་པའི་གཏམ་རྒྱུད་རེ་ལ། །

ཁྱོད་ཀྱིས་རྣ་བ་གླགས་ནས་ཉན་རྒྱུ་བྱུང་ངམ། །

གཉེན་ཆང་ཧུབ་གང་འཐུངས་པས་བཟི་རྒྱུ་བྱུང་སྟེ། །

དགའ་སྐྱོ་ཟུང་གིས་གྲུབ་པའི་འཚོ་བ་རྙེད་བཞག །

 

བཙན་པོའི་དཔུང་ཆེན་བཤར་བའི་ལོ་ཟླ་དག་ལ། །

གཡུལ་ངོ་ཐབས་ཀྱིས་བསྒྱུར་བའི་རྟུལ་ཕོད་ཅན་དེ། །

ཁྱོད་ཀྱི་པང་ནས་ཆས་པའི་ཞབས་རྗེས་དཔར་ཡོད། །

ཡར་ཀླུང་རོང་ས་བླ་དང་སྲོག་གི་མཁར་ཡིན། །

 

དུག་གི་ཁ་རླངས་བགོས་པའི་བློན་ངན་ཞིག་གིས། །

རྒྱལ་སྲིད་འཇིག་པའི་ལྟས་ངན་མིག་ལ་བཤམས་ཀྱང་། །

འཁྲེང་སེམས་ཁྱོད་ཀྱི་གཞུང་ནས་ལྷག་པ་མིན་ན། །

བཙན་པོའི་བང་སོ་དེ་དག་རྙེད་ས་མ་རེད། །

 

བཙན་བྲོད་གཤེགས་པའི་ཕྱི་ནང་ཤེས་པར་འདོད་དུས། །

ཁྱོད་ཀྱི་རླབས་དཀར་ཟེགས་མའི་དྲན་པ་བསྒུལ་ཡོང་། །

ཡ་ཆུང་སྲོག་གི་གཤེད་དུ་སྙིང་རླུང་འཚང་དུས། །

སྐྱོ་བའི་མིག་ཆུ་མ་བཏོན་ཁྱོད་ཀྱི་ཆེད་ཡིན། །

 

ཁྲེལ་གཞུང་ཕྱི་ཐག་རིང་བའི་དམ་ཚིག་ཅིག་ལ། །

བྱམས་པའི་ཁ་ཆད་བྱས་པའི་སྙིང་གཏམ་མེད་ན། །

ཁེར་རྐྱང་འཚོ་བའི་ཀློང་གི་ཡར་ཀླུང་གཙང་བོ། །

བགྲེས་སོང་ལོ་ཟླའི་ཁྲོད་ནས་སྐམ་ས་ལོས་ཡོད། །

 

འཕྱོངས་རྒྱས་མི་སྤུས་དག་པའི་གཞུང་ཁོག་ཅིག་རེད། །

ཟླ་སྒྲོལ་སྐྱེ་གཟུགས་མཛེས་པའི་སྨན་ཤར་ཞིག་རེད། །

བཙུན་པ་ཚངས་དབྱངས་དུང་བའི་འཕྲིན་པ་རེ་ལ། །

བརྩེ་བས་འདི་ཕྱི་ཟུང་གིས་སྐྱབས་འཇུག་གནང་ཡོད། །

 

འཕྱོངས་རྒྱས་འཕྱོངས་རྒྱས་མ་ཟེར་འཕྱོངས་རྒྱས་གཞུང་གི །

མཛངས་མ་མ་བཟང་བུ་མོ་ཟླ་བ་སྒྲོལ་མའི། །

སྤྱན་གྱི་གཟིགས་ཕྱོགས་དྲན་པའི་སྟག་ཤར་རེ་ལ། །

ཡར་ཀླུང་འཕྱོངས་རྒྱས་དྲན་པས་རྨ་ཁ་བཟོས་བཞག །

 

དགུན་གྱི་དྲགས་རླུང་ལྡང་ཡང་དངན་པ་མ་འཐེན། །

དབྱར་གྱི་ཚ་གདུགས་སླེབས་ཀྱང་ཉོབ་པ་མ་གནང་། །

སྟོན་གྱི་བ་མོ་ཁུར་བའི་རེ་སྒུག་ཁྲོད་ནས། །

དཔྱིད་ཀྱི་ཁུ་ལོ་གྲག་པའི་ལོ་ཟླར་ཉོན་ཨང་། །

 

མི་ལྡོག་ཁད་ཀྱིས་སླེབས་པའི་དུས་ཆད་ཅིག་ལ། །

རང་གི་མྱོང་བྱང་བྲིས་པའི་ཟིན་ཐོ་དམར་བོ །

བརྗེད་མེད་དཀའ་སྡུག་ཁུར་བའི་ལོ་ཟླའི་དྲན་པ། །

རང་གི་དྲུང་ལ་བསུས་དང་བདག་ཀྱང་ཐོན་ཡོང་། །

                               2021.7.10

 

 

                     ཡིད་འགྱུ་ཕྲེང་ལ་བསྟར་བའི་ལེའུ།

 

                  —— གྲོགས<ཟླ་གཞོན>ལ་ཕུལ་བའི་རིག་བྱེད་སེམས་ཀྱི་སྣང་བ།                                  

 

སྤྲིན་དཀར་ཞོ་གསར་སྤུངས་འདྲའི་མཛེས་སྡུག་གི་ལང་ཚོ།།

མ་ངེས་རྨི་ལམ་ནང་གི་ཆོ་འཕྲུལ་གྱི་མཐིང་གོས།།

སྤུ་ལོང་བསེར་བུས་བསྒུལ་བའི་ནགས་ཀླུང་གི་སྐྲ་ལོ།།

ཏིང་འཛིན་རླབས་ཕྲེང་འཕྱོ་བའི་ཟེགས་མ་རང་རེད་དོ།།

 

གོས་སྔོན་ཐང་ལ་བཏང་འདྲའི་ན་སྤང་གི་མཚམས་ན།།

འབྱམས་ཀླས་སྤྲོ་དགའི་མྱོས་པའི་ན་ཆུང་གི་རྒོད་པོ།།

དྭངས་གསལ་མཁའ་རུ་འཕུར་བའི་ལས་ཀ་དེ་བསྐྱུར་དང་།།

བློ་དཀར་གཞན་ཕན་བརྩེ་བའི་གཏམ་རྒྱུད་ཅིག་བཤད་ཡ།།

 

ཆོས་ཀུན་བདག་དུ་འཛིན་པའི་བག་ཆགས་ཀྱི་འདམ་ལས།།

ཐར་འདོད་བློ་ཡི་གཤོག་རྩལ་ངོམ་འདོད་ནི་ཡོད་ན།།

དཔྱད་གསུམ་རིག་པ་ཀུན་གསལ་ལྷ་ལམ་གྱི་དབྱིངས་ནས།།

བདེན་པའི་རླུང་གི་སྤུ་གྲིར་མ་ཐུག་པར་འཕུར་ཤོག།

 

མ་བརྟག་མ་དཔྱད་བློ་ཡི་འཛིན་སྟངས་ཀྱི་ངོས་སུ།།

སྣང་བའི་ཆོས་ཀུན་ཤེལ་དཀར་མེ་ལོང་ལ་འཆར་བཞིན།།

སེམས་ཀྱི་ཞེ་ཕུག་གང་ན་མངོན་ལྐོག་གི་ཚུལ་གྱིས།།

མངོན་པའི་ཟོལ་ནི་དོན་གྱིས་བཅོས་མ་རུ་མཐོང་ངམ།།

 

བརྩེ་བའི་ནམ་མཁའ་འདི་ལ་ཐོགས་རེག་ནི་མེད་ཀྱང་།།

སྤྲིན་པ་གོས་སུ་གྱོན་པའི་རྣམ་འབྱོར་གྱིས་བཤིག་སོང་།།

མ་རིག་རྨོངས་པའི་གཉིད་ལས་སད་ཚོད་ཅིག་མིན་ན།།

ཐོགས་བཅས་ཐོགས་མེད་བཤད་ན་དཀའ་ཚོད་དུ་གདའ་འམ།།

 

ཞེན་ཆགས་བདུད་རྩིའི་ཐིགས་པ་རྔམས་སྟོབས་ཀྱིས་འཐུང་རྗེས།།

ཚུལ་བཞིན་བྱ་བར་བརྟག་པའི་འདུ་ཤེས་ཤིག་མེད་བཞིན།།

རྒོད་པོ་གཟན་ལ་ཆས་འདྲའི་སྣང་བ་ལས་མེད་ན།།

བློ་ཡི་མདའ་མོ་འབེན་ལ་ཕོག་པ་རང་ཡོད་དམ།།

 

དཔྱད་འཇོག་གང་ཡང་མེད་པའི་རིག་བཟང་གི་ན་ཆུང་།།

གཤིས་གྱོང་འབྲོག་པ་རྒན་པོས་དུས་རྟག་ཏུ་བསྐྱངས་པས།།

ཁ་བཤད་རྦ་རླབས་འཕྱོ་བའི་རྨོངས་རྒན་ཞིག་མ་གཏོགས།།

རིག་པ་མརྒད་བཞད་འདྲའི་མཁས་པ་ནི་ཉན་ནམ།།

 

རྩེ་གཅིག་བསམ་གཏན་སྒོམ་པའི་བྱ་བཏང་བ་མིན་ལ།།

འཁོར་བའི་མཚོ་མོར་སྐྱོམ་པའི་གྲུ་མཁན་ཡང་མིན་ཞིང་།།

དམངས་ལ་ཕན་པ་བགྱི་བའི་ས་སྐྱོང་བ་མིན་པའི།།

མི་ཡི་གཟུགས་ཙམ་ཉན་ན་སེམས་གཏིང་ནས་སྐྱོ་འམ།།

 

འཕུར་ནས་སད་རྒྱུ་མེད་པ་ནམ་མཁའ་ཡི་སྐྱེད་ཚལ།།

མ་འཕུར་ཡལ་རྒྱུ་མེད་པ་སྟོང་དབྱིངས་ཀྱི་ཆོས་ཉིད།།

དཔྱིད་དཔལ་ཁུ་བྱུག་མྱོས་པའི་གྲེ་འགྱུར་གྱི་སྙན་དབྱངས།།

ཐོས་པའི་ས་མཚམས་དྲན་ན་སྐྱོ་རྒྱུ་རང་འདུག་གམ།།

 

སྤྲོས་བཅས་སྤྲོས་མེད་ཐང་དཀར་བྱ་ཁྱུ་ཡི་ཚོགས་གང་།།

ལྷོ་ནས་ལྷོ་རུ་འཕུར་བའི་ངང་ཚུལ་ལ་འཁྲེང་སྟེ།།

སྐྱོ་བའི་ཚངས་གཞས་གང་ཞིག་མགྲིན་ལམ་ནས་འགུག་ཞོར།།

དྭངས་གཙང་སྨུག་ཞགས་འཁྱིལ་སའི་རུ་སྡེ་ན་བཞུགས་སམ།།

 

བློ་གྲོས་ཞོ་འཐུང་རས་པའི་རྨི་ལམ་གྱི་གཙང་བོར།།

ཡན་པའི་ལུས་དཀར་ཟུང་གི་མཛའ་གཅུག་གི་བྲང་ལ།།

སྙེས་པའི་འདས་དོན་སྟོང་གི་དྲན་གདུང་གི་རབ་ཁ།།

སྡུག་ཡུས་ལྷགས་རླུང་རྒོད་པའི་མཚན་ལྗོངས་ཤིག་རེེད་དམ།།

 

ཞོགས་ཟིལ་རྩྭ་རྐང་གཅིག་གི་སྒལ་གཞུང་ལ་ཁེན་དུས།།

ངེས་མེད་རླུང་བུ་ལྡིང་བས་མ་བསྒུལ་བ་བདེན་ཀྱང་།།

མིག་མེད་གྲོག་མའི་འགྲོས་ཀྱིས་གང་ས་རུ་གཏོར་བ།།

འདུ་ཤེས་ཏིལ་ཙམ་མེད་པའི་ལན་ཆགས་ཀྱིས་མནར་རམ།།

 

སྣ་ཚོགས་ལས་རླུང་ལྡང་བའི་སྲེད་ལེན་གྱི་སྤྲིན་པ།།

ཡིད་ཀྱི་མཁའ་རུ་རྒྱུ་བ་སྡིག་སྒྲིབ་གྱི་ཁ་སྣོན།།

ཞེ་གཙང་ནང་གི་གཏམ་ལ་སྨན་སྦྱོར་གྱིས་དབུལ་ན།།

ཞེ་རྩ་ཕ་མཁར་སྨུག་པོ་ཉམས་པ་རང་སྲིད་དམ།།

 

ཕར་ནས་ཚུར་ལ་བལྟས་ན་འཛུམ་འཛུམ་དུ་སྣང་མོད།།

ཚུར་ནས་བདེན་པ་བརྡར་ན་གཉོམ་གཉོམ་དུ་འདུག་པས།།

འཇིག་རྟེན་དགའ་སྐྱོ་ཟུང་གི་ཆགས་སྡང་གི་ས་བོན།།

མི་ཤེས་རྨོངས་པའི་རྒུད་པ་འདི་ཉིད་ལས་འདུག་གམ།།

 

གཅིག་ཤེས་ཀུན་གྲོལ་བྱམས་པ་ཉ་གང་གི་ཟླ་བ།།

ཀུན་ཤེས་གཅིག་སྡུག་མུན་པའི་གཉེན་པོ་རུ་ཤར་ཚེ།།

འགྲོ་བློའི་ཨུཏྤལ་འཛུམ་པའི་ས་ཆེན་གྱི་བདེ་སྐྱིད།།

རང་དབང་ཉི་གཞོན་བསུ་བའི་སྐྱ་རེངས་དེ་ཡིན་ནམ།།

 

ཐེ་ཚོམ་ཞགས་པ་ནག་པོས་རིང་མོ་ནས་བཀྱིགས་པའི།།

སེམས་ཀྱི་ནད་ཆེན་སངས་པའི་འཚོ་བྱེད་ཅིག་ཡོད་ན།།

ནོངས་འགྱོད་དུཿཁཱ་གཅོང་རོང་ཟབ་མོ་ཡི་དོང་ལས།།

སྐྱོབས་པའི་ལས་ནི་སུ་ལ་བབས་པ་དེ་རྟོགས་སམ།།

 

སྐད་ཅིག་དུས་ཀྱི་ལས་དབང་རྒྱུ་སྐར་གྱི་དབུས་སུ།།

སྨག་རུམ་སེལ་བའི་མཚན་མོའི་མགོན་པོ་གང་མེད་ན།།

དུངས་པའི་གཏམ་རྒྱུད་ཅིག་གི་རྒྱུད་སྐུད་ཀྱི་སྣེ་ནས།།

སོར་མོའི་འདེགས་འཇོགས་སྒྱུར་ལ་ཕན་པ་ཙམ་མཆིས་སམ།།

 

གང་ལྟར་ཡིད་འགྱུའི་རི་མོ་སྤང་དཀར་གྱི་ཐང་ལ།།

བཀྲམ་པའི་དགའ་ཕྱོགས་མུ་ཏིག་ཚོམ་དཀར་གྱི་ཕྲེང་བ།།

འདི་རུ་བསྟར་བའི་ལེའུ་རིང་མོ་འདི་དོན་གྱིས།།

རྒྱང་རིང་འདུན་མ་བསམ་པའི་སྔོན་འགྲོ་ཞིག་ཡིན་ནོ།།

 

         ཞེས་པ་འདི་རིང་ནས་འདྲིས་པའི་གྲོགས་དམ་པ་ཟླ་གཞོན་ལ་ཕུལ་བ་ཡིན་ཞིང་ཉིད་ཀྱི་བུ་ཆུང་གཉིས་ཀྱི་མ་འོངས་པའི་འདུན་ལམ་གྱི་ཤིང་རྟ་ཆེན་མོའི་ཁ་ལོ་བ་ནི་ཁྱེད་རང་ཡིན་པའི་ངང་ཚུལ་ལ་བསམ་ཞོར་ཞེ་སྐྱོ་བའི་ལོ་རབས་བདུན་ཅུ་བའི་རིག་གནས་ཀྱི་མཁའ་དབུགས་ལ་སྦྱར་ནས<རིག་བྱེད་སེམས་ཀྱི་སྣང་བ>ཞེས་པ་འདི་ཁྱེད་ཉིད་ལ་ཕུལ་བ་ཡིན། མཇུག་མཐར་ཁྱེད་བཟའ་མི་ཡོངས་ལ་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་དང་བཅས་བྲན་ནམ་སུ་མ་ཏི་གྲོལ་སྡེ་རུ་འབོད་པའི་དབེན་པའི་དགའ་ཚལ་གང་ནས་ཧོར་ལྔ་བའི་ཚེས་ཉེར་ལྔ་ཉིན་བྲིས་པའོ།།

 

                   འོག་འགྱུའི་རྣམ་རྟོག་འཕྱོ་བའི་དྲན་པ།


                                  ….ALFYལ་བྲིས་པ།

 

གཡོ་བྱེད་ཆུང་ངུས་ཡིད་ཀྱི་ལྗོན་པ་ལན་གཅིག་བསྒུལ་བའི་ཞེ་འདང་གི །

གཙང་བོ་ལྷུང་ལྷུང་བཞུར་བའི་འགྲོས་ལ་ངང་ངུར་རྩེན་པའི་རྣམ་འགྱུར་བཞིན། །

རླུང་ལ་བསྐུར་བའི་ཁ་ཆད་དེ་གས་བདག་ཡིད་དྲངས་པས་ཀུན་རྟོག་ཡོངས། །

སྤྲིན་ནག་འཁྲིགས་པ་རྒྱ་མཚོའི་རླབས་སུ་འདྲེས་པའི་དུངས་པ་ཡང་ཡང་འགྱུ། །

 

མི་རྣམས་འཚོ་བའི་འོད་དང་བྲལ་རྗེས་ཤིང་ཤུན་བརྗེས་པའི་རོར་སྤྲུལ་ཏེ། །

གཞན་སེམས་འགུག་པའི་སྒྱུ་མའི་རྡེའུ་ཤིང་དབང་བོའི་མགྲོན་དུ་ཐོན་ཙ་ནས། །

མྱོས་བྱེད་ལྕགས་ཀྱུས་རིང་ནས་བཟུང་བའི་ནགས་ཀྱི་རི་དྭགས་མིག་མེད་མར། །

མདའ་ཡིས་བཙས་པའི་བདེན་པའི་སྣང་བ་ཀུན་རྫོབ་བྲག་ཅའི་བུ་མོར་འཕྱ། །

 

ཡུལ་གྱིས་བསྐལ་པའི་རྒྱ་མཚོའི་མཐའ་བཞིན་དྲི་ཟ་ལྷ་ཡི་རོལ་མཁན་གྱིས། །

ཅིག་ཅར་བཏང་བའི་ག་ཞའི་སྙན་པ་འགོག་མེད་གདངས་སུ་འཕོས་པའི་སྒྲ། །

བརྩེ་བའི་སྒྲ་འཛིན་བུ་གར་སིམ་ལས་སྙན་པ་ཁྲག་ཁྲིག་འབུམ་རྒུའི་དབྱངས། །

དམན་སར་འགོད་པའི་ཡིད་ཀྱི་སྐད་ཆར་གདངས་བཞི་མཚར་བས་ང་རོ་འཛིན། །

 

མཚར་སྡུག་གདོང་གི་ཆུ་ཤེལ་གསར་བའི་ངོས་སུ་བཀལ་བའི་མེ་ལོང་གི །

དཀྱུས་རིང་མིག་ཟུང་འཁྱུག་པའི་གར་ཉམས་ཕྲ་རྒྱས་མཚོ་ལ་ཤར་བའི་མདངས། །

གཞན་གྱིས་མ་ཡིན་འདུ་བྱེད་རེག་པས་རྟོག་འགྱུའི་ཚང་ཚིང་ཁ་ཟས་སུ། །

གནང་བས་མིན་ནམ་གང་ཡིད་འཕྱོ་བའི་དྲན་པའི་ཤ་ཁྱུ་སྤང་ལ་ཞོགས། །

 

རི་རབ་རྩེ་ཡི་སྤྲིན་པའི་རླབས་འཕྲེང་བརྒལ་བའི་འཇིག་རྟེན་ཕར་ངོགས་ནས། །

གསོན་པོའི་ཚེ་ལ་སྙིང་བོ་ལེན་པར་ཡང་ཡང་བདས་པའི་དྲང་སྲོང་གིས། །

ནགས་མའི་རང་སྤྱིལ་གཅིག་པུར་བསྟེན་ཅིང་ཀུན་གཞི་གཡོ་བ་རླུང་གི་དཔེར། །

བཀོད་ལས་རྣམ་རྟོག་ནང་དུ་བཀུག་སྟེ་ཅི་ཡང་མེད་པའི་ལྟ་བར་གཞོལ། །

 

སྐབས་རེར་འདི་ལྟའི་ལྟ་བའི་སྙིང་བོར་ཅིག་ཅར་བསྲེས་ལས་སྣང་བའི་ངོར། །

གང་ཡང་མི་འཆར་མུན་པའི་ཁུང་བུར་འཛུལ་བུའི་སྐལ་བ་མ་བསྟེན་ན། །

རྣ་བ་རིངས་ཤིང་ལྗགས་རྩེ་རྣོན་པོས་ཐལ་བར་བསྲེལ་པའི་ཙནྡན་ཟླར། །

འགོད་པའི་ལས་ཀྱི་རླུང་བུ་བཙན་པོས་ན་རཀ་དམྱལ་བའི་ཁམས་ཀྱང་སྟོན། །

 

རྩེད་མོ་མ་ཡིན་ཚིག་གི་རྩེ་ཡི་མདའ་ཚོགས་སྣེ་མོས་དགྲ་བོའི་སྙིང་། །

ཕུག་པ་མ་ཡིན་རང་ཉིད་སྨྱོས་པའི་བདུད་བཞིར་འཐབ་པའི་བྲོ་ར་ནས། །

གུར་ཀུམ་གཞོན་པའི་ཆང་གི་ག་བུར་ཅུང་ཙམ་ལུད་པའི་འོག་འགྱུ་ཡི། །

ནང་གི་ལོག་རྟོག་ཀུན་ནས་འཕེལ་བའི་འདི་ཙམ་སྨྱུ་གུའི་རྩེ་ནས་ཐལ། །

 

ལྗོན་ཕྲེང་གཡོ་བའི་མཚར་སྡུག་མདངས་ལ་ཆུ་ཟིལ་ཕྲ་མོས་བརླན་ཙམ་གྱིས། །

འཇམ་མཉེན་ལང་ཚོའི་རེག་པའི་ཚོར་བ་རླུང་བུ་ལྡང་བའི་དཔྱིད་དཔལ་ལྟར། །

གདོང་དང་སྐྲ་ཚོགས་མཛེས་པའི་ལན་བུར་ཕན་པའི་སྙིང་གི་མཛའ་ན་མོའི། །

སེམས་སུ་སྨིན་པའི་མེ་ཏོག་དམར་བོ་ཀུན་ཡིད་འཛིན་པའི་བདུད་རྩིར་གྱུར། །

 

སྨུག་སྤྲིན་ཡང་མོས་རི་བོ་འགེབས་ཤིང་ཆུ་མོའི་སྙན་དབྱངས་སྒེག་པར་བྱེད། །

དྲག་ཞན་གདངས་ཀྱི་རྒྱུད་ལས་འཕོས་པའི་རྣམ་རྟོག་བསེར་བུ་བཞོན་པ་མོས། །

གཟུང་འཛིན་ཡུལ་གྱིས་སྟོང་བའི་གཞི་དབྱིངས་གཉུག་མའི་ངོས་ཀྱི་ཟླ་བའི་ཞལ། །

མཐོང་བ་མ་ཡིན་ནང་གི་འཛིན་པ་རྡུལ་ཕྲན་འབུམ་རྒུའི་ཚོགས་ཀྱིས་བསྐོར། །

 

མ་བརྟགས་མ་དཔྱད་བློ་ཡི་ངོས་ན་ནམ་མཁའི་གཟི་མདངས་སྔོ་ཞིང་དྭངས། །

བརྟགས་ཤིང་དཔྱད་ན་ཁྱོད་དང་ང་ཡང་རང་རང་གྲུབ་པའི་ས་མཚམས་ཤིག །

བཞག་ཙམ་ཉིད་ལས་བཏགས་པའི་བློ་ངོར་གང་ཙམ་ཤོང་བའི་ཤིང་རྟ་བཞིན། །

རྟོག་འགྱུ་གསར་བའི་རྩིག་གྱང་ངོས་སུ་ཚིག་གི་ཐང་ག་བཤམ་པར་འགྲན། །

 

འདི་ལྟར་བསམ་ཞིང་བསམ་པའི་རྒྱབ་ན་དེ་ཉིད་སྟོང་གི་རང་གཟུགས་དང་། །

མུན་དང་སྨག་ལ་རིང་ནས་འདྲེས་པའི་བསིལ་ལྡན་གངས་ཀྱི་སྙིང་བོ་འབུམ། །

གཏེར་ལ་སྦས་པའི་གཏམ་རྒྱུད་ཅིག་གི་དབུ་ཁྱུད་ཆུ་ལ་བྲིས་པའི་ཚོགས། །

དཔྱོད་པ་དྭངས་གསལ་ལྗགས་ཀྱི་རྩེ་ནས་ལན་གཅིག་རྣམ་པར་འགྲེལ་ལ་དུང་། །

 

གནོན་སྦྱིན་གང་ཞིག་ཁྲོས་པ་ཙམ་གྱིས་ས་མཐར་བདས་པའི་ནག་མོ་ཁོལ། །

བརྩེ་ཞིང་བྱམས་པའི་སྒེག་མོར་བྲལ་ལས་གདུང་བའི་ཁུར་གྱིས་རབ་མནན་ཏེ། །

གསེར་གྱི་ལག་གདུབ་དཔུང་རྩར་རྒྱུ་བའི་འཆར་ཡན་ནང་གི་གཟུགས་བརྙན་དེས། །

ལྷན་འཛོམས་མེད་པའི་མི་ལོ་དྲུག་ཅུའི་གདུང་བ་མཚོན་པ་ག་ལ་སྲིད། །

 

ཆུ་སྟོད་ཟླ་བའི་ལྷོ་ཕྱོགས་སྤྲིན་པ་རྒྱ་མཚོའི་ཀློང་ལས་འཕྱུར་བ་ལྟར། །

མཁའ་ལ་དཀྲིགས་པའི་སྣང་བ་དེ་ཡིས་རཱ་མའི་རི་བོ་དྲན་སྙིང་ཙམ། །

ཡིད་ལ་འཆར་ལས་འདོད་ལྡན་གངས་ཀྱི་ར་བའི་སེང་གེ་སྲབ་མེད་ཅིག །

གློ་བུར་དྲན་པའི་སྙིང་གཟེར་དེ་གས་ཡོད་ཚད་ཡོངས་སུ་ཕལ་བར་བྱེད། །

 

རླུང་བུ་བསིལ་བསིལ་སེམས་སུ་ལྡང་ཞིང་སྡོང་ལོ་སེར་བོ་གཏོར་དུས་རེར། །

ལྷོ་འཕུར་ཁྲུང་ཁྲུང་ཕྲེང་ལ་བརྒྱུས་ལྟར་རྒྱང་ལ་འཕུར་བའི་བར་ལྷག་ནས། །

རྣང་ཞིང་གྲུ་བཞིས་སྣང་བ་མ་ཁོག་དྲན་འཛིན་རི་ཚོགས་རྐང་བའི་མཐིལ། །

བརྒྱ་བྱིན་ཁྲོས་པས་རྡོ་རྗེ་རྩེ་བརྒྱས་བཅག་པའི་ཚུལ་ལ་ཡང་ཡང་སྡང་། །

 

ཉི་འོད་སྤྲིན་པས་དབྱིངས་ནས་མ་ཁོག་རབ་ཏུ་ཚ་བའི་ཟོལ་གྱིས་ཐོན། །

བསིལ་བའི་རླུང་ལ་རེ་བ་འཆའ་བའི་ལྗོན་པ་གང་གི་སྒལ་གཞུང་ལས། །

མིག་མེད་གྲོག་མས་ཁ་ཟས་བཙལ་ལྟར་ནང་གི་སྙིང་བོར་ཞུགས་ཙ་ན། །

འཆི་བས་བདས་པའི་ཡིད་ལ་སྡུག་བསྔལ་ཆུ་ཡི་གཉེར་མ་ཤུགས་ཤུགས་གཡོ། །

 

གང་ཞིག་བསྐྱོད་པའི་ཐོག་ཁང་ནང་གི་རྨི་ལམ་རྐུན་པོའི་བྱད་གཟུགས་དེས། །

དུས་ལས་འདས་པའི་མགྲོན་པོ་གང་གི་རྣམ་ཤེས་ཕྲ་མེན་བསེར་བུའི་སྒྲར། །

སྤྲུལ་ལས་ཡིད་ཀྱི་འཇིག་པ་ཆེན་པོས་དུས་ཀྱི་མཐའ་རུ་བརྫངས་པའི་སྐལ། །

བཀའ་ཆད་བཙན་པོས་ཕྲག་ཏུ་བཀལ་བ་མི་ཁུར་རང་དབང་བདག་ལ་མེད། །

 

ཆུ་ཁུར་གླང་བོ་མཁའ་རུ་རྒྱུ་དུས་ནོར་འཛིན་བློ་གྲོས་སྒེག་པ་མོས། །

ཆར་སིམ་ཁྱོར་གང་ཧུབ་ཀྱིས་འཐུང་འདོད་ཡི་ག་ཕྱེས་པས་ཁ་ལ་ཡུག །

ཡང་ཡང་འཕུར་བའི་བར་སྐལ་ཞིག་ལ་བསྐལ་པའི་མི་དག་དྲན་འཛིན་གྱིས། །

ཀུན་ནས་མྱོས་པས་རང་གི་གདོང་བ་དམར་བོའི་རང་བཞིན་རྟོགས་མ་གྱུར། །

 

ཞེ་སྡང་ཆུ་ཡིས་ཁྱེར་བ་གང་དེ་ཚིག་གི་ན་བུན་དཀྲིགས་པ་མིན། །

སོས་ཀར་ཚ་བས་གདུང་བ་དེ་ཡང་མེ་ཆེན་ཁྲོས་པའི་འོད་འགྱུ་མིན། །

སྣང་བར་རྩེན་པའི་གཡུ་ལོ་གང་དེ་ཚང་ཚིང་ནགས་ནས་འཁྲུངས་པ་མིན། །

དེ་ལ་བརྩེ་བའི་བྱེའུ་ཆུང་དེ་ཡང་ཕལ་བའི་འདབ་ཆགས་མིན་སྙམ་ཤར། །

 

ཇི་ལྟར་རྨི་ལམ་ཡུལ་ལ་བརྟེན་པའི་བདེ་སྡུག་སྙོམས་པའི་ཚོར་རྟོག་ནི། །

ཡུལ་གྱིས་སྟོང་བཞིན་གདོད་ནས་མ་ཡིན་གང་ཞིག་ཁྱོད་ལ་བརྟེན་པ་ན། །

ཡུལ་དང་ཡུལ་ཅན་འབྲེལ་ལས་སྤྲུལ་གྱི་ཁ་ཆུས་ཕྱི་ཕྱིར་ཟློག་པ་ལྟར། །

ཡིད་ཀྱི་ལྗོན་རྩེར་སྔོན་ནས་བབས་པའི་བྱེའུ་ཆུང་དེ་ཡང་སྙིང་ལ་སྡུག །

 

མཚར་སྡུག་གདོང་གི་སྨིན་མའི་ཚལ་ན་དཀྱུས་རིང་སྣང་བྱེད་རྩེན་པ་དེས། །

རབ་དམར་བྱི་རུའི་མཆུ་སྒྲོས་གང་ལ་འགྲན་སེམས་འཛུགས་པའི་རྣམ་འགྱུར་ངོམ། །

རྒྱ་སྐྱེགས་ཁུ་བས་ལན་བརྒྱར་བྱུགས་འདྲའི་མཆུ་རྩེ་གཡོ་བའི་གདེངས་ཀ་ནས། །

སྦྲང་རྩིས་བརླན་པའི་སྒེག་པ་མོ་དེ་ཡིད་འཛིན་ལྷ་མོ་གང་ཞིག་ལགས། །

 

འཁོར་འདས་ཆོས་ཀྱི་སྙིང་བོ་འཚོལ་བའི་དགེ་སྦྱོང་གང་གིས་གུས་བསྟེན་ན། །                         

རྟག་ཏུ་ཤེས་རབ་ཀུན་ནས་སྩོལ་བའི་དབྱངས་མཁན་དྲི་ཟའི་ན་ཆུང་མས། །

མི་མངོན་བརྩེ་བས་མཐོངས་ནས་གཟིཊ་ཤིག་འདོད་གསོལ་ཚིགས་ཀྱིས་ཕུད་མཆོད་ན། །

རྣམ་ཀུན་དགེ་བའི་ལས་ལ་སྐུལ་ཞིང་རྣམ་རྟོག་གཡུལ་ལས་རྒྱལ་བར་མཛོད། །     

 

                                      

                       2022.5.11 ཡུལ་རིག་པ་འབྱུང་བའི་གྲོང་ཁྱེར་ནས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།