ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན། མཚོ་སྔོན། མཚོ་སྔོན། གཡུ་ཡི་མེ་ལོང་སྔོན་པོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།(མཚོ་ལྷོ)   སྤེལ་དུས། : 2022-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བདག་གིས་ཡུལ་མིང་ཐེངས་གསུམ་འབོད་དོན།

རྟེན་འབྲེལ་ཞིག་གི་སྔོན་འགྲོ་ཡིན།

སྨོན་ལམ་ཞིག་གི་འདེབས་སྟངས་ཡིན།

ཆོས་ཉིད་ཅིག་གི་ལམ་རིམ་ཡིན།

ཁ་བྱང་གི་ཐོག་མའི་གཏམ།

(༡)

ཆུ་གཏེར་གྱི་མུ་ཁྱུད་རབ་ཏུ་བསྐོར་བ།

གངས་རི་དང་གཡའ་རི།

སྤང་དང་ནགས་ཚལ།

བྲག་རི་ཁྱུང་ཆེན་གྱི་གཤོག་རུ་བརྐྱངས་པ།

རྒོད་པའི་མིག་ལ་ཐོགས་པའི་གནས་མལ་དྲོན་མོ།

རི་སྐྱེས་རི་དྭགས་ཀྱི་ཁུ་སིམ་བཅོལ་ས།

གླེང་མི་ཚར་བའི་མི་ཡུལ་གྱི་དག་ཞིང་།

བྲིས་མི་ཚར་བའི་སྨྱུག་ཁ་ཡི་སྒྱུ་རྩལ།

ང་ཡི་མཚོ་སྔོན་ཏེ།གཡུ་ཡི་མེ་ལོང་སྔོན་པོ།

(༢)

ཡིན་ཏེ།

ཕ་ས་གོར་མོའི་ཕྲ་རྒྱན་དུ་བཏབ་པའི་ཁྲི་ཤོར་རྒྱལ་མོ།

ཁྱོད་ཡོད་པ་ནས་བཟུང་།

ང་ཚོར་གཡུ་མདོག་གིས་བརྒྱན་པའི་ལང་ཚོ་ཡོད་མྱོང་ལ།

ང་རྒྱལ་གྱིས་བཅངས་པའི་ནམ་མཁའ་ཡོད་མྱོང་།

ཁྱོད་ཀྱིས་ལོ་རྒྱུས་ཀྱི་སྐས་ཐེམ་གྲངས་མེད་ཅིག་ཉུལ་ཏེ།

ཁྲུང་ཁྲུང་གིས་དེད་པའི་ཆུ་གཉེར་རེ་རེ།

རང་ཉིད་ཀྱི་མཛེས་རྒྱན་དུ་བཀོད་མྱོང་ཞིང་།

རྨི་ལམ་གྱི་འཕར་རྩར་ཞིབ་ཏུ་མྱངས་ཏེ།

ཕ་ཡུལ་གྱི་མིང་བྱང་ཁུར་ནས་ཡོང་།

(༣)

དུས་དེ་རིང་།

ང་ཚོས་མཛའ་མཐུན་གྱི་གྲུ་གཡོར་རླུང་ལ་བརྟེན་ཏེ།

ཁྱོད་ཀྱི་དགུ་ཚིགས་ལ་ཞིབ་ཉུལ་ཐེངས་ཤིག་བྱེད་ན་འདོད།

མཚོ་སྔོན།མཚོ་སྔོན།མཚོ་སྔོན།གཡུ་ཡི་མེ་ལོང་སྔོན་པོ།

གངས་འདབས་ཀྱི་གླུ་སྐད་དང་།

གྲོང་ཁྱེར་གྱི་བརྙན་མིག་ཁྱོད་ལ་གཏད་པ་ནས།

ཁྱོད་ཀྱིས་མཐུན་སྒྲིལ་གྱི་རྨུ་ཐག་རིང་མོ་ཞིག་བསྐྲུན་ཚར་ལ།

རི་རབ་ཀྱི་འཕོང་ལ་ཞོན་པའི་ལང་ཚོ་རྫོགས་མེད་ཅིག

རྒྱལ་ཁམས་པའི་བགྲོད་ལམ་དུ་བཅུག་ཚར།

(༤)

ཕུར་ཆེན་རྩེ་རུ་བབས་པའི་ཕུག་རོན་ཁྱོད་ཀྱི་ཆེད་དུ་འཛུམ་ཞིང་།

ཕུར་ཆུང་རྩེ་རུ་བབས་པའི་ཁུ་བྱུག་གིས་ཁྱོད་རང་སྐད་སྙན་དུ་བཀུག་མྱོང་།

ཀྱེ།མཚོ་སྔོན་ལགས་ཁྲི་ཤོར་རྒྱལ་མོ།

ཁྱོད་ནི་ཡུལ་གྱི་མང་དུ་ཆགས་ཤིང་།

ཆུ་ཡི་གཏེར་དུ་གྱུར་པའི་མེ་ལོང་སྔོན་པོ་ཞིག

ཁྱོད་ནི་རི་བོའི་ཡབ་ཏུ་གྱུར་ཞིང་།

གཙང་པོའི་ཡུམ་དུ་གྱུར་པའི་ནོར་བུ་བླ་མེད་ཅིག

ང་ཡི་མཚོ་སྔོན་ཏེ་སྲིད་པའི་མེ་ལོང་།

(༥)

ས་ཡི་མིང་དུ་བཏགས་པའི་མཚོ་སྔོན།

མཐོ་སྒང་གི་གཙུག་ཏོར་ནས་བྱུང་བའི་མིང་བྱང་སྔོན་པོ།

ས་ཆེན་གྱི་དབུ་གཙུག་ན་འགྱིངས་པའི་མིག་གི་ལོངས་སྤྱོད།

ཉི་ཟླ་རི་བོའི་མེ་ལོང་དུ་ཁྱོད་རང་ཤར་ཡོད་ལ།

མཛའ་མཐུན་སེམས་ཀྱི་དན་རྟགས་སུའང་ཁྱོད་རང་བཤམ་ཆོག

མཚོ་སྔོན།མཚོ་སྔོན།མཚོ་སྔོན།དུས་དེ་ན་བཟུང་།

ང་ཁྱོད་ཀྱི་པང་ནས་སྐྱེས་པས།

ངས་ཁྱོད་ལ་བདག་པོ་བྱས་ཤིང་།

མོ་ཁྱོད་དང་སེམས་ཐག་ཉེ་བས།

མོས་ཁྱོད་ལ་ཁམས་འདྲི་ཞུས་མྱོང་།

དུས་ད་ལྟའང་ང་ཚོ་མཉམ་དུ་ཁྱོད་དང་བཅར་ཏེ།

མ་འོངས་པའི་མཚོ་སྔོན་བསྐྲུན་པར་ཆས་དགོས་ཨང་།

(༦)

བཤད་སྲོལ་དུ།

མཚོ་སྔོན་པོ་ཕ་མའི་ཁ་མ་ཡིན་ཟེར།

དོ་ནུབ་ཞིབ་ཏུ་བསམ་ན།

དེ་ཡང་བདེན་ཏེ།

མཚོ་སྔོན་པོ་ཕ་ཡུལ་གྱི་མིང་དུ་ཐོགས་ཤིང་།

གཙང་གསུམ་གྱི་རྒྱན་དུ་གྱུར་པ་ནས།

ང་ཡི་སྤྲོ་སྐྱིད་དང་ཁྱོད་ཀྱི་བདེ་སྡུག

ས་ཡི་གཟུང་ཐག་དང་ཆུ་ཡི་བཞུར་རྒྱུན།

སྨྲ་མི་ཤེས་པའི་བརྙན་ལམ་དུ་བསྟར་ཞིང་།

དྲོད་འཇམ་གྱི་ཉི་འོད་བླ་མེད་ཅིག

ཁྱོད་དང་ང་ཡི་རུམ་ཁུང་དུ་བརྫངས།

(༧)

མཚོ་སྔོན་ལགས།ཁྲི་ཤོར་རྒྱལ་མོ།

ཁྱོད་ནི་རིག་གནས་ཤིག་གི་བང་མཛོད་ཡིན་ལ།

ལག་རྡང་སྟོང་གི་སྦྲེལ་ཐག་ཡིན།

འཇའ་ཚོན་གྱི་གོས་ལྭ་མནབས་པའི་ཁྱོད་རང་།

དོ་ནུབ་ངའི་མིག་མདུན་དུ་སྡེར་ཁར་བཤམས་ཡོད་ཅིང་།

ཕ་ཡུལ་གྱི་ཚབ་མཚོན་དུ་སྒྲེངས་ཏེ།

མཚར་སྡུག་གི་མཚོ་སྔོན་ཞེས་པའི་མིང་བྱང་བརྗིད་པོ་ཞིག་ཁྱོད་ཀྱིས་ཁུར་ཡོད།

མཚོ་སྔོན།མཚོ་སྔོན།མཚོ་སྔོན།

ཕྱག་ལན་གསུམ་གྱི་གཟི་མདངས།

ང་ཁྱོད་ལ་ཤིན་ཏུ་དུངས།

(༨)

མཚོ་སྔོན་ལགས།བདག་གི་གནས་མལ་དྲོན་མོ།

དོ་ནུབ།

འབྱམས་སུ་ཀླས་པའི་ནམ་མཁའ་དེའི་དོན་དུ།

ངས་ཁྱོད་ལ་བཀའ་དྲིན་ཞུ།

ངས་ཁྱོད་རང་ནམ་མཁར་འཁྲུལ་བ་མ་ཡིན་ཏེ།

ཁྱོད་ཀྱིས་བདག་ལ་ནམ་མཁའ་གཞན་ཞིག་བསྩལ་པས་ཡིན།

ཀྱེ་ཀྱེ་མཚོ་སྔོན་ལགས།

ངས་ཁྱོད་ལ་གུས་པས་འདུད།

གུས་འདུད་དེ་སྙན་ངག་ཏུ་བྲིས་ཏེ་ཁྱོད་ལ་འབུལ།

སྙན་ངག་འདི་ཁྱོད་ཀྱི་རླབས་རྒྱུན་དུ་དྲངས་ཏེ།

རྒྱང་རིང་རྒྱང་རིང་དུ་འཁྱེར་རོགས།

༢༠༢༢ལོའི་སྤྱི་ཟླ༡༡པའི་ཚེས༡༠ཉིན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།