ཀྲུང་གོ་བོད་ཀྱི་དྲ་བ།

གསར་འགོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྐང་ཚ།མདའ་སྲིན་པོ།   སྤེལ་དུས། : 2022-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

      གསར་འགོད་པ།

          རྐང་ཚ། མདའ་སྲིན་པོ།


གོམ་པ་རེ་རེ་གསར་འགོད་ཀྱི་ལམ་ལ་ཕྱོགས་ཤིང་།

 འབད་པ་དུ་མས་འཇིག་རྟེན་ལ་སྒོ་དང་སྒེའུ་ཁུང་སྤྲད་ནས། 

ཡིད་འོང་གི་གཏམ་རྒྱུད་སྣ་ཚོགས་དུས་ཚོད་ཀྱི་བརྙན་མིག་ངོས་སུ་ཕབ། 


ཉི་འོད་ཀྱི་རྡོག་ཁྲེས་ཁུར་བའི་ལོ་དང་ཟླ་བའི་འབྱུང་འགྱུར་ལ། 

དབྱིབས་དང་ཁ་དོག་མི་འདྲ་བའི་ཐ་སྙད་ཀྱི་བརྗོད་པ་བཟོས་ནས།

 ཤེས་རིག་གི་དྲན་པ་བཏེགས་པའི་བསམ་གཞིག་གི་ནང་རོལ་དུ།

ཚོར་བའི་སྡིངས་ཆ་མ་ལུས་སྒྱུ་རྩལ་ལ་བརྒྱུས་བས། 

དུས་གསུམ་གཏམ་གྱིས་གླེང་བའི་གསར་འགྱུར་གྱི་རྒྱུད་ལམ་དུ། 

ཁྱོད་ནི་དུས་རབས་ཤིག་གི་མགྲིན་ཚབ་པ་རྣལ་མ་དེ་ཡིན་ངེས།


མཐོ་བ་གནམ་འདེགས་གངས་རིའི་ཡུལ་དང་། 

རྐེད་པ་ནགས་ཚལ་ལྗོན་པའི་དབུས། 

དམའ་བ་དྭངས་གསལ་མཚོ་མོའི་མཐའ་རུ། 

ཁྱེད་ཀྱི་རྐང་རྗེས་མ་བཀོད་པ་མེད་ལ། 

ཁྱེད་ཀྱི་ལག་རྗེས་མ་བཞག་སའང་དཀོན། 

དེ་བས། ཁྱེད་ནི་བསྐལ་བ་སྟོང་གི་སྔོན་སྐྱོད་པའི་གྲས་སུ་འཇོག་འོས། 


དུས་ཚོད་ཀྱང་ཚེ་སྲོག་གི་སྣང་ངོར་འཁྱིལ་འོང་ལ།

ཁྱེད་ཀྱང་བྲེལ་བ་ཆེ་བའི་ལས་གནས་སུ་ཞུགས་ཏེ།

འཚོལ་རྟོག་མཐའ་ཡས་པའི་ཞིང་བཀོད་དུ།

ཡི་གར་འོང་བའི་གསར་འགྱུར་གྱི་ལེའུ་རེ་རེ།

ཁྱོན་ཡངས་པའི་ནམ་མཁའ་དང་ས་གཞིའི་ཚུལ་དུ་བཤད།


ལམ་རིང་བོ་འདི་འཆར་ཡན་དང་མཛེས་སྡུག་གིས་ཕྱུག་ཅིང་། 

རྣམ་དཔྱོད་ཀྱི་ཁམས་དྭངས་མོའི་ཕྱི་ནང་གསང་གསུམ་ན། 

ཁྱེད་ཀྱིས་བདུད་རྩི་ལྟ་བུའི་རང་ཉིད་ཀྱི་སེམས་པ་གཉོར་ནས། 

མི་རྣམས་ཀྱི་འཚོ་བ་དང་འཚོ་བའི་འཕོ་འགྱུར་ལ། 

རྔུལ་ཆུ་དང་ལོ་རྒྱུས་ཀྱི་བརྩེ་བ་ཡང་ཡང་ཕུལ་མྱོང་།


ཉི་མ་རེ་རེར་ངལ་དུབ་ཀྱི་དཀའ་བ་ཁྱད་དུ་བསད་ཅིང་། 

ལོ་ཟླའི་འགྲུལ་བཞུད་ཀྱི་རྒྱང་རིང་བའི་གྲུ་ཁ་རུ།

ཕ་ཡུལ་ལ་ཡི་གེ་སྣ་ཚོགས་ཀྱི་རོལ་མོ་དཀྲོལ་མཁན་དང་། 

རང་ཉིད་ལ་སྡུག་རུས་ཟབ་མོས་སྙིང་ཕུར་རྡེབ་མཁན་གྱི་ཁྱེད་ནི། 

 མེ་ལོང་དུ་དབྱར་ཁ་བཟོ་མཁན་སྔུན་མ་དེ་ཡིན་སྲིད་ལ།

ཁྱེད་ནི་མི་ཡུལ་ལ་གཏམ་རྒྱུད་སྨྲ་མཁན་ཐོག་མ་དེ་ཡང་ཅི་ལ་མིན་ཨང་།


ཁྱེད་ཀྱི་ཚོར་བ་རྣོ་བའི་གནའ་དེང་གི་མིག་རྒྱང་ལ། 

གཞལ་བར་དཀའ་བའི་གླེགས་བམ་གྱི་གན་མཛོད་འཁྲུངས་ཤིང་། 

དཔལ་ཡོན་གྱི་རྨང་མཐུག་པོའི་རིག་གནས་ཀྱི་ཕོ་བྲང་དུ། 

མེས་པོའི་རྟོགས་བརྗོད་ཀྱི་བྱམས་སྐྱོང་ཡང་ཡང་གནང་བྱུང་། 


དེ་བས། ཁྱེད་ཀྱིས་རང་ཉིད་ལ་སྨིན་ཐག་ཆོད་པའི་མི་ཚེ་བརྒྱུད་རིམ་ཞིག་སྣོན་ལ། 

ཡུལ་མི་ཚོར་ཕུགས་བསམ་གྱི་ལོངས་སྤྱོད་ལྡན་པའི་བར་སྣང་ཞིག་སྩོལ་ཨང་། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།