ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་དྲུག་པའི་འཁྱུག་བྲིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (ཁྲི་ཀ)མཁས་བཙུན་རྒྱ་མཚོ།   སྤེལ་དུས། : 2022-09-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་དྲུག་པའི་འཁྱུག་བྲིས།


ལག་གཉིས་སོར་མོའི་རྩེ་ལ། །

ཡིད་ཀྱི་འོད་ཟེར་དཀྲིས་ནས། །

རལ་གྲི་མཁའ་ལ་གདེང་བ། །

རི་མོ་བཞིན་དུ་བྲི་འོ། །


ཡུལ་འདི་དྭངས་བསིལ་རི་བོ། །

འདི་སྣང་ཡིན་མདོག་ཞུ་ཡང་། །

ཕྱི་ཡི་སྒྲིབ་པ་སངས་ཏེ། །

ལྷ་ཡི་སྤྱན་རས་འཁོར་ས། །


སྨུག་པ་ཟོམ་ལས་ལྡང་སྟེ། །

ཉི་མའི་རྒྱུ་ལམ་གཅོད་དུས། །

གཡུ་ལོ་གོས་སུ་བྱས་པ། །

ཚངས་ཆེན་པིར་ལ་འཁྱུགས་སམ། །


ཆུ་མོ་ཡིན་ན་དྭངས་པ། །

བཏུང་བས་སྙིང་ལ་བསིལ་བ། །

ཤེས་རབ་ལྷ་ཡི་ཆབ་འདིས། །

ནང་གི་དྲི་མ་དག་གོ། །


ངག་གི་སྐུད་པ་འཁྲོལ་པའི། །

དབྱངས་ཅན་གླུ་ལ་བྲེལ་ལམ། །

ནགས་མའི་བྱེའུ་ཡིན་ཡང་། །

ཡིད་ཀྱི་རི་དྭགས་འགུག་པ། །


བྱིན་རླབས་ཉི་འོད་སྤྲོ་བའི། །

འཇམ་དབྱངས་གཞོན་ནུའི་ཞིང་འདིར། །

ད་རེས་ཡིད་སེམས་དྭངས་པའི། །

སྐལ་བཟང་མེ་ཏོག་འཁྲུངས་པ། །


དབྱར་ཟླ་དྲུག་པ་འདི་ནི། །

མི་འདུག་འགྲོ་མཁན་ཡིན་པས། །

སྟོད་ཀྱི་ཨ་ཕོ་ང་ཡང་། །

མི་འདུག་འགྲོ་མཁན་ཡིན་པ། །

2018.7.18ཉིན་རི་བོ་རྩེ་ལྔ་ནས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།