དཔལ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་ཡི་ཆེ་རྟགས།

 དཔལ་རིག་འཛིན་ཧཱུྃ་ཀར་རྡོ་རྗེ་ཡི་ཆེ་རྟགས།


སྤྲུལ་རབས་ཡང་སྲིད་འཚོལ་ལུགས་བདོ་བ་ལས། །

མཆོག་དང་བར་མའི་ལོ་རྒྱུས་ཅི་ཡང་བྱུང་། །

དཀར་ནག་སྤེལ་མའི་འདྲ་འབག་ཇི་སྙེད་བསྐྲུན། །

དེ་དག་མ་ལུས་ཅིར་བརྗོད་ལོངས་ཀྱང་མེད། །

རིག་འཛིན་ཧཱུྃ་ཀར་རྡོ་རྗེ་བག་ཙམ་གླེང་། །


སྐུ་གསུམ་གླིང་བའི་བུར་གྱུར་རིགས་ཀྱང་མཐོ། །

ཟང་ཟིང་ཆེ་ཐབས་སྤེལ་རྒྱུ་ལས་སླ་ཡང་། །

དྲེགས་ཉམས་སྤངས་ཤིང་སྤངས་ཤིང་ཐོས་བསམ་བྱས། །

ཉན་ཐོས་སྤྱོད་པ་ཚུན་གྱིས་དམན་ས་བླངས། །

ཞིབ་ཏུ་བསམས་པས་ཡི་རངས་ཕྱེད་ཙམ་ཤོར། །


འདོད་ཡོན་ལམ་དུ་འཁྱེར་ལ་ལུང་ཡང་མང་། །

སྒྱུ་མའི་ནོར་དུ་འབག་ལ་ཐབས་ཀྱང་མཆིས། །

ལུས་རྒྱ་ཕྱག་རྒྱ་བསྟེན་ལ་བློ་མངའ་ཡང་། །

ཅིས་ཀྱང་ངུར་སྨིག་རྒྱལ་མཚན་མཐོན་པོར་བཙུགས། །

དེས་ཀྱང་དམ་པར་འགྲོ་ཞེས་མཆིད་འདི་ཐལ། །


སྤྲང་པོར་ནོར་དང་ལྡོམ་པོར་མལ་ས་སྤྲད། །

སློབ་གསོའི་ཤུགས་ཕྱུང་རིས་སུ་ཆད་པ་མེད། །

དུས་ཀྱི་རྩོད་རྙོག་རིམ་གྱིས་བསྐྱུར་པ་སོགས། །

ནང་གི་མི་གཡོའི་གོ་འཕང་བདེ་བླག་ཐོབ། །

སྤྱོད་ཚུལ་འདིར་ཡང་འཐད་ཉམས་ཅིས་མི་བསྟར། །


བག་ལ་ཉལ་དང་བསམ་པའི་བྱེ་བྲག་ལ། །

ངེས་པར་མཐུན་པའི་སྒོ་ཡིས་འཁྲིད་པ་ལས། །

གྲུབ་མཐའི་ཆགས་སྡང་མི་སློང་མཉམ་ཉིད་དགོངས། །

བཙན་དང་ན་རཀ་བཀོལ་བ་དཔེ་མི་སྲིད། །

མཁྱེན་པའི་གཙོ་བོ་གཅིག་ནི་དེ་ག་ལགས། །


ངའི་འདི་ཁ་ལ་གང་བྱུང་མ་ཡིན་ཁར། །

མ་བཅོལ་རྒན་མོའི་རི་དཔྱོད་དེ་ཡང་མིན། །

ཞེ་ས་ཆེར་སྦྱར་སྤྲེལ་ལད་ཀྱང་མིན་པས། །

ཞེ་ཁོང་དོག་པའི་གྲས་ལའང་མི་གནོད་སྙམ། །

གང་སྨྲས་དོན་དང་ལྡན་པའི་ཡིད་ཆེས་ཡོད། །


ཅེས་པ་འདི་ནི། ཁོང་གི་སློབ་བུ་གྲྭ་ལག་བསྟན་ཉི་ཡིས་སྐྱེས་ཆེན་པོ་དང་བཅས་ཡང་ཡང་བསྐུལ་བའི་ངོར་བྲིས་པའང་ཡིན་མོད། མི་འོས་པའི་བསྟོད་ར་དང་། རྒྱུས་མེད་ཀྱི་རྒྱུས་གཏམ། ནོར་ཕྱིར་ཤོར་བའི་གཅམ་ཚིག་ནི། ཉག་གཅིག་རྐང་གཅིག་ཀྱང་མེད་པའི་གདེང་ཚོད་རང་མཆིས་སོ།།

2022.9.15 སེང་རྡོར་གྱིས་ཕུལ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།