ཡོམ་རྒུད་གདུང་འབོད་སྙན་ངག

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ཡོམ་རྒུད་ལས་རྐྱེན་ལམ་དུ་ཤོར་པའི་ནང་གྲོགས་དག་ལ་སྐྱེལ་མའི་མ་ཎི་ཡིག་དྲུག་ཚར་གཅིག་གི་དོད་དུ།

———ཁ་བྱང་གི་ཐོག་མའི་གཏམ།


དེ་རིང་སྟེ།

ས་ཆེན་གྱི་གདུང་བས་རི་རབ་བསྒུལ་ཞིང་།

ཡ་ང་བའི་འཇིགས་རུང་གི་གོད་ཆགས་ཀྱིས།

ངའི་སྤུན་ཟླའི་ལྷིང་འཇགས་ཁད་ཀྱིས་དཀྲོགས་སོང་།

འཚོ་གནས་ཀྱི་སྟ་གོན་ག་ཤས་ཐལ་བར་བརླག་སྟེ།

ལྕགས་ཟམ་རྫོང་གི་ནམ་མཁའ་གཞི་ནས་འགྱུར།

གདུང་བའི་ཉམས་ཀྱིས་སྤྲིན་པའི་ཡོལ་བ་འཐེན།

ན་ཟུག་གི་མཚོ་མོ་འཕྱུར།

ཀྱི་ཧུད།

ཁྱེད་ཚོས་ནང་སེམས་སུ་འདུན་མ་ཅི་རྙེད་ཅིག་བསྐུངས་ཏེ།

མི་སྣང་བའི་ཞིང་ཁམས་དེར་ཆས་སོང་།

ནང་ཁྲོལ་གྱིས་འཇིག་རྟེན་བསྐྲུན་ནས།

མི་ཚེའི་རྒྱུད་སྐུད་ཀྱི་དབྱངས་འགྲོས་ཆད་སོང་།

ཤུ་རེ་བདེ་བར་བཞུད་ཅིག

ང་ཚོས་ཁྱེད་ཚོར་སྐྱེལ་མ་བྱེད་བཞིན་ཡོད།

༦.༨ཡོམ་རྒུད།

ཁྱུར་མིད་དུ་བཏང་བའི་ཚེ་སྲོག

མི་རྟག་པའི་ཆོ་འཕྲུལ་ཐེངས་ཤིག

ལྕགས་རྫོང་གི་བྲང་ལ་འཁྱུད་ནས།

ན་ཟུག་གི་ནམ་མཁའ་བསྐྲུན།

ཡི་གར་འོང་བའི་ཡུལ་གྲུ་འདིར།

རྨ་ཁ་གྲངས་མེད་ཀྱི་རྡོག་ཁྲེས་བཀལ།

དོ་ནུབ་སྟེ།

བདག་གིས་མཐོང་མེད་ཀྱི་ཞིང་ཁམས་སྒོམ་ནས།

ཁྱེད་ཅག་ལ་ལམ་བྲོ་རྒྱག་གིན་ཡོད།

ནང་གྲོགས་ཚོ་བདེ་བར་བཞུད་ཅིག

འཇིག་རྟེན་སྲིད་པའི་ཕུན་ཚོགས།

འཁོར་བའི་ཚ་གྲངས་ཀྱི་དམྱལ་ཁམས།

ཡོད་ཚད་ཀྱི་ཡོད་ཚད་བཞག་སྟེ་ལྷིང་ངེར་བཞུད་སོང་།

བཞུད་ཀྱིན་པའི་མི་རྟག་པའི་རྒྱབ་གཟུགས།

དུས་འཁོར་གྱི་ཚག་སྒྲའི་ཀློང་ནས།

སྐད་ཅིག་སྐད་ཅིག་གིས།

ཁྱེད་ཅག་དང་བཅར་བས།

ནང་གྲོགས་ཚོ།

མི་རྟག་པར་འཁང་ར་མེད་པར་ཞུ།

མུ་མཐའ་མེད་པའི་ཡིད་འོང་ལ་འཁང་ར་མེད་པར་ཞུ།

རེད་དེ།

རླུང་གིས་མར་མེ་གཟིམས།

ཁྱེད་ཅག་གཞི་ནས་བཞུད།

ངས་རྨི་ལམ་ལས་ཁྱེད་ཅག་བཙལ་བཞིན་ཡོད།

ངས་ཚོར་སྣང་ལས་ཁྱེད་ཅག་རྒུམ་གྱིན་ཡོད།

ཀྱེ་ཀྱེ་ངའི་ནང་གྲོགས་ཚོ།

ད་ནི་ལྷིང་འཇགས་ཀྱི་ཞིང་ཁམས་དེར།

ལྷིང་འཇགས་ངང་རྐང་པ་སྤོས་དང་།

ངས་ཁྱེད་ཚོར་མྱ་ངན་ཞུ་བཞིན་ཡོད།

ནང་གྲོགས་ཚོ་བདེ་བར་བཞུད་ཅིག

༢༠༢༢ལོའི་སྤྱི་ཟླ༩པའི་ཚེས་པ༦ཉིན་བྲིས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།