བོད་ལྗོངས་རིམས་འགོག་པར་སྤྲིངས་པའི་སྙན་ངག

འོད་ཀྱིས་སྲུང་ཡོད་འོད་མདངས་དཀར་དམར་བརྗིད།།

མིག་སྟོང་ཡིད་འཕྲོག་སྲིད་གསུམ་དང་བ་འདྲེན།།

དབང་གཞུའི་རང་བཞིན་གྱིས་བྱུང་སྐྱིད་ཆུའི་ཉམས།།

མི་འཇིགས་ལྷ་ལ་དྲངས་པའི་མཆོད་ཆབ་ཡིན།།

———ཐོག་མའི་གླེང་སློང་བ།

ལྷ་ས་ལྷ་ཡི་ཡུལ་ཡིན།།

ལྷ་མོ་འདུ་བའི་གནས་ཡིན།།

སྐྱིད་ཆུའི་དྭངས་ཤ་དེ་ཡང་།།

ལྷ་མོའི་ཕྱག་ལ་ཉར་ཡོད།།


དོ་ནུབ་རིམས་ཀྱི་དཔུང་ཆུང་།།

རླུང་ནག་ཞོན་ཏེ་སླེབས་བྱུང་།།

ཕོ་བྲང་དཀར་དམར་ཞལ་ལ།།

ཅུང་ཟད་བྲེལ་མདོག་ཤར་འདུག།


ལྷ་ས་སྐྱོ་སྐྱོ་མ་གནང་།།

ཉི་མའི་མདངས་ལ་གཟིགས་དང་།།

ཕོ་བྲང་རྒྱ་ཕིབས་སྟེང་དུ།།

གསེར་གྱི་ཁྱུང་ཆེན་བབས་བྱུང་།།


ལྷ་ཡིས་གསོས་པའི་ནམ་མཁའ།།

དམར་པོ་རི་ལ་ཆགས་འདུག།

རིམས་ཀྱི་སྐད་ཅིག་འཇབ་རྒོལ།།

འབྱུང་བཞིའི་འཁྲུག་སྟངས་ཤིག་ཡིན།།


ཕོ་བྲང་དཀར་དམར་སྒོམ་སྟེ།།

ལྷུན་ཆགས་ནང་སེམས་གཉོར་དང་།།

མཐུན་སྒྲིལ་དངུལ་གྱི་དཔུང་བས།།

དམར་པོ་རི་བོ་བསྐོར་ཆོག།


གླིང་བཞི་རིམས་ཀྱིས་དཀྲོགས་ཀྱང་།།

བོད་ལྗོངས་སྲིད་པའི་ལྗོངས་ཡིན།།

སྨོན་ལམ་དར་ཚོན་སྣ་ལྔ།།

ས་ཆེན་ཕུ་ནུས་འཐེན་ཡོང་།།


སྟོན་གྱི་འདབ་ལོ་སེར་པོ།།

དུས་བཞི་བསྐོར་ནས་སླེབས་བྱུང་།།

བོད་ལྗོངས་དམར་པོ་རི་ལ།།

གསེར་གྱི་གཡུང་དྲུང་བྲིས་བྱུང་།།


རིམས་ནད་གློ་བུར་དགྲ་ཡིན།།

སྔོན་འགོག་རྡོ་རྗེ་ཁྲབ་ཡིན།།

རིམས་ཀྱི་བཀོད་འདོམས་གཉོར་དང་།།

ལྷ་སའི་ནམ་མཁའ་དྭངས་ཡོང་།།


ཚངས་དབྱངས་མགུར་ལས་དྲངས་པ།།

ལྷ་སའི་ཟོལ་བསྟོད་མ་ཡིན།།

ལྷ་སའི་སྐུ་གསུང་ཐུགས་རྟེན།།

གཟི་འོད་ཆེམ་ཆེམ་འབར་བ།།


ད་ལོར་ཉེ་སར་བཅར་བའི།།

པྲོག་གསར་གློ་ཚད་འཇིགས་ཀྱང་།།

བྱམས་པ་གཡུ་ཡི་ཕྲེང་ཆུང་།།

འདེད་མཚམས་ཆད་པ་མི་འདུག།


རིམས་འགོག་གཡུལ་འགྱེད་ཐེངས་ཤིག།

བཀོད་འདོམས་དམག་གི་ཇུས་ཆེན།།

ལྷ་སའི་སྐྱིད་ཆུའི་སྲས་མོ།།

མཆོད་ཁ་ལན་གསུམ་འཕེན་རོགས།།


ཚང་ཚིང་འཁྲིགས་པའི་ནགས་ལོ།།

ལྷེམ་ལྷེམ་འདི་རུ་གསོན་དང་།།

རིམས་ཀྱི་བཙན་འཛུལ་རྒོད་པོར།།

ལོ་མའི་འཐབ་ར་རྒྱོབས་ཤིག།


ལྷ་སའི་སྐུ་དྲག་མ་གསུངས།།

མཉམ་པ་འབངས་དང་འདྲ་ལེ།།

རིམས་ཀྱི་འགོག་རྒོལ་འཐབ་ཇུས།།

བསྲུངས་ཤིག་བོད་ལྗོངས་སྤུན་མཆེད།།


ཨ་མདོར་ཁ་བ་བབས་བྱུང་།།

ལྷ་སའི་མི་ཡང་དྲན་བྱུང་།།

དྲན་པ་ནང་དུ་བཀུག་སྟེ།།

སྨོན་ལམ་སྤྲིན་པར་བསྐུར་ཡོད།།


ཀོང་པོའི་དྭངས་གསལ་ཆུ་མིག།

བཞུར་བཞུར་སྐྱིད་ཆུར་འདྲེས་ཡོད།།

འདྲིས་འདྲིས་ལྷ་སའི་ཡུལ་གྲུ།།

མཐུན་པའི་ཉི་ཟླ་འགུག་རོགས།།


ཏོག་དབྱིབས་ནད་ཀྱི་རང་རྣམ།།

གངས་དཀར་སེམས་སུ་བཏབ་སྟེ།།

འགོག་རྒོལ་གཟུངས་སྔགས་ཟབ་མོ།།

བོད་ལྗོངས་ལྟེ་བར་འགྲེམ་རོགས།།


མ་འདྲིས་གཞིས་རྩེའི་སྲས་མོར།།

སྨོན་ལམ་ཚིག་གིས་གསོས་ཏེ།།

རིམས་རྒྱལ་གད་རྒྱངས་འཇོ་བའི།།

ཁ་གཡང་ང་ཡིས་འདྲེན་ནོ།།


དོ་ནུབ་བཞེངས་པའི་མགུར་མ།།

ལྷ་སར་དུང་བས་ཡིན་ནམ།།

ཡང་ན་སྐྱིད་ཆུའི་སྲས་མོར།།

དུང་ཤ་ཚིག་གིས་དྲངས་སོ།།

༢༠༢༢ལོའི་སྤྱི་ཟླ༩པའི་ཚེས་པ༤ཉིན་བྲིས།

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།