ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་ལྷོའི་རིམས་འགོག་པར་ཕུལ་བའི་གསོལ་ཚིགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།   སྤེལ་དུས། : 2022-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་གྱོན་མའི་རིལ་བུའི་ཉིང་བཅུད་ཀྱིས་གསོས་པ་ནི་ཁྱེད་ཚོས་དཔའ་གདེང་གིས་འཕྱར་པའི་དར་ཆའི་འོག་གི་དམ་བཅའ་དེ་ཡིན་སྲིད། 

རྩོམ་བྱང་གི་སྔོན་འགྲོའི་ཚུལ་དུ།

མཆོད་བརྗོད།

ལྷ་ཀླུ་གཉན་གསུམ་ཐུགས་རྗེ་སྤྱན་གྱིས།།

རིམས་ཀྱི་གོད་ཆགས་ཞིབ་ཏུ་གཟིགས་ཏེ།།

འཇིག་རྟེན་མི་རྟག་འཇིགས་རུང་འདི་ཀོ།།

བྱིན་གྱིས་རློབས་ཤིག་མཆོད་པ་འབུལ་ལོ།།

ཏོག་དབྱིབས་ནད་ཀྱི་འཇབ་རྒོད་བཙན་པོས།།

གླིང་བཞི་གླིང་ཕྲན་ཁུ་སིམ་དཀྲོགས་བྱུང་།།

མི་སྡོད་དུས་ཀྱི་རི་མོའི་ངོས་སུ།

རླངས་པ་ནག་པོ་འཚང་ཀ་རྒོད་ཨང་།།

འདུ་བྲལ་འཁོར་བའི་ཆོས་ཉིད་ཀྱིས་བསྡུས།

གོས་དཀར་དཔའ་བོའི་བློ་སྤོབས་ཡངས་པ།།

བྱང་ཆུབ་ལྷ་ཡི་གཟི་བྱིན་གྱིས་བསྐྱངས།

དང་བླངས་སྤུན་ཟླའི་ལྷག་བསམ་གཙང་ངོ་།།

ཐང་ཆད་སྨྲེ་ངག་གདངས་སུ་མ་འབྱོར།།

ཚེ་སྲོག་རུས་ཀྱིས་སྲུང་བའི་ལྷ་རྗེ།།

འཇིགས་རུང་ཏོག་དབྱིབས་ནད་ལ་རྒོལ་ཞིང་།།

བྱམས་པ་ཐུགས་སུ་མངའ་བའི་དང་བླངས།།

རང་ཡུལ་རང་གིས་བསྐོར་བའི་ལྷ་རྗེ།།

མཚོ་ལྷོའི་ཉིང་བཅུད་གཉོར་བར་མཁས་པ།།

ཏོག་དབྱིབས་ནད་ལ་དཔུང་འཇུག་ཐུབ་པའི།།

མཚོ་ལྷོའི་བརྩེ་ཆེན་རིམས་འགོག་བཀོད་འདོམས།།

ཆ་འཕྲིན་དངུལ་གྱི་མེ་ལོང་བཀོལ་མཁས།།

མཚོ་ལྷོའི་སྒྲིག་གཞི་ལྕགས་ཐག་བསླས་མ།།

མཛའ་མཐུན་དཔུང་བ་སྦྲེལ་བར་མི་དོགས།།

མཐུན་པ་སྤུན་བཞིའི་རང་རྣམ་ཚུགས་པ།།

པྲོག་གསར་གློ་ཚད་ཉེ་སར་མངོན་ཀྱང་།།

འབངས་གཅེས་དཔོན་གྱྀ་འབོད་བརྡ་དུང་ཡིན།།

དུང་དཀར་གཡས་འཁྱིལ་ནང་དུ་ཤོང་བའི།།

མཚོ་ལྷོའི་སྤུན་མཆེད་བག་རེ་བྲོ་བ།།

ཕུགས་ཀྱི་འདུན་པ་བསིལ་མོ་རླུང་ཡིན།།

ཏོག་དབྱིབས་ནད་ལ་རྒོལ་བའི་དེང་དུས།།

བསིལ་མོ་རླུང་གི་རྟ་ཕོར་ཞོན་ཏེ།།

མཚོ་ལྷོའི་ཞི་འཇམ་གླིང་ལྔར་བསྐྱལ་བྱུང་།།

རིམས་ཀྱིས་དཔུང་འཇུག་རྒོད་པོའི་དེ་རིང་།།

ས་ཆེན་ཕུ་ནུའི་སྐྱོ་བའི་མིག་འབྲས།།

དྲ་ལམ་བརྙན་ལམ་བརྒྱུད་ནས་མངོན་ན།།

ང་ཡི་བྲང་གཞུང་རྨ་མེད་རྨས་བྱུང་།།

ངས་ནི་ས་ཆེན་ཕུ་ནུའི་དྲུང་དུ།།

མཚོ་ལྷོའི་སྨོན་ལམ་ལོ་གྱོན་རིལ་བུ།།

གོས་དཀར་ལྷ་རྗེའི་ཞལ་དཔར་དང་བཅས།།

རེ་བའི་མཁའ་རུ་བཏེགས་ཏེ་སྤུར་ཡོད།།

༡༠

ཏོག་དབྱིབས་ནད་ལ་ནམ་གྱེས་ཆ་མེད།།

རྒྱལ་ཁའི་གད་རྒྱངས་ཅིས་ཀྱང་སྒྲོག་སྲིད།།

བརྩོན་པའི་གཤོག་པ་མཁའ་རུ་རྐྱོངས་དང་།།

སྔོན་མོ་མཚོ་ལ་གཏན་དུ་འཇུག་སྲིད།།

༡༡

མཚོ་ལྷོའི་རྫོང་ལྔ་མཛུབ་མོ་ལྔ་ཡིན།།

མཛུབ་མོ་ལྔ་བཅིངས་ཁུ་ཚུར་བྱེད་དགོས།།

རེ་བའི་སྐར་ཆེན་མཁའ་རུ་ཚེས་དུས།།

རྒྱལ་ཁའི་ས་གཞི་འོད་དུ་འཁྱིལ་ཡོང་།

༡༢

མི་རྟག་སྐྱེ་འཆི་སྐད་ཅིག་ཙམ་ཡིན།།

དང་དུ་ལེན་པ་རྟུལ་ཕོད་རྣལ་མ།།

མཚོ་ལྷོའི་ཏོག་རྒོལ་དམ་བཅར་ཚུད་པའི།།

རང་སྐྱེས་དཔའ་བོ་དཔའ་མོར་འདུད་དོ།།

༡༣

ཟིལ་གྱིས་གནོན་པའི་བཀའ་རྒྱ་དམ་པོ།།

ཐོག་མ་རང་ནས་གཙིགས་སུ་ཟུངས་དང་།།

རིམས་ཀྱི་སྤྲིན་ནག་འཐིབས་པར་ཅི་དོགས།།

མི་རྟག་འཇིགས་པ་གློ་བུར་ཙམ་ཡིན།།

༡༤

ལྷིང་འཇགས་སྡོད་པ་རིམས་ཀྱི་དགྲ་ཡིན།།

ཉིང་སྐྱུར་བརྟག་པ་རྡོ་རྗེ་ཁྲབ་ཡིན།།

ཁ་འཁྲུག་ཉུང་བ་ངག་གི་ཐུན་ཡིན།།

རིམས་ནད་མཐའ་སྐྲོད་གཏོང་བའི་གཞི་ཡིན།།

༡༥

མཇུག་ཏུ་གཏམ་ལ་རོ་བཅུད་བསྣན་ཏེ།།

རེ་བའི་སྙན་ངག་སྨྱུག་རྩེར་འཁྱུད་པ།།

མཚོ་ལྷོའི་ཡུལ་ལ་སྨོན་པའི་ལྷ་དར།།

སྒོས་སུ་དང་བླངས་དཔའ་བོར་སྐྱེས་རྟེན།།

༢༠༢༢ལོའི་སྤྱི་ཟླ༩བའི་ཚེས་པ༢ཉིན་བྲིས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།