ཨ་མཚར་གཏམ་གྱི་ཀ་ཕྲེང་ལབ་པ་འདི།
(མཚོ་ནུབ) བོང་སྟག་རི་ལུ།
ཀ་ཡེ་ཁྱེད་ཚོ་ཅུང་ཙམ་དལ་དལ་བྱོས། །
ཁ་སང་དེ་རིང་འགྲོ་རྒྱུག་ཉུང་ཉུང་བྱོས། །
ག་ས་གང་དུ་ནད་ཡམས་ཐར་ཐོར་འདུག །
ང་ཚོ་ཚང་མས་ངེས་པར་གཟབ་གཟབ་དགོས། །
ཅ་ལག་དངོས་པོ་དུག་སེལ་ཡང་ཡང་བྱོས། །
ཆ་མེད་མི་ལ་བར་ཐག་བཀྱེད་བཀྱེད་བྱོས། །
ཇ་ཁང་ཆང་ཁང་ཉུལ་རྒྱུ་ཉུང་ཉུང་བྱོས། །
ཉ་ཉོག་དཀྲོགས་གཏམ་སྤེལ་བར་གཟབ་གཟབ་བྱོས། །
ཏཱ་རིན་དཔོན་པོ་ཡིན་ཡང་ལྷག་པ་མེད། །
ཐ་མལ་མེད་པོ་ཡིན་ཡང་གདམ་གསེས་མེད། །
ད་ལྟའི་དུས་ཀྱི་ནད་ཡམས་འདི་ཡིས་ནི། །
ན་ཚོད་རིགས་རུས་ཆོ་འབྲང་དགར་བ་མེད། །
པ་ཕ་ལྟ་བུའི་གོང་མའི་ཁ་ལ་ཉོན། །
ཕ་ནོར་ལྟ་བུའི་རང་ལུས་བདག་སྐྱོང་བྱོས། །
བ་གླང་མ་རེད་གོ་བ་ཡོད་པར་གྱིས། །
མ་ཁ་གཙོ་བོ་འདུར་རྒྱུག་མེད་ན་དགའ། །
ཙ་གེ་ཙིག་གེ་ཨུ་ཚུགས་མི་བྱེད་པར། །
ཚ་ཚ་འུར་འུར་ནང་དུ་མ་འགྲོ་ཨང་། །
ཛ་རེ་ཛོ་རེ་ནད་དུག་བྱུང་བ་ན། །
ཝ་ལེ་ཝོ་ལེ་རང་གཞན་གཉིས་ཀར་གནོད། །
ཞྭ་མོ་གོས་ཀྱིས་ལུས་ཡོངས་བཏུམས་པ་ཡི། །
ཟ་འཐུང་བར་ཡང་བྲེལ་འཚུབ་ཆེ་བ་ཡི། །
འ་ཅག་གོས་དཀར་ལྭ་བ་གྱོན་མཁན་ཚོས། །
ཡ་མཚན་སྡུག་རུས་བསྐྱེད་པ་མཐོང་ངམ་ཀྱེ། །
ར་མ་ལུག་ལྟར་གོ་བ་མེད་པ་ཡིས། །
ལ་ལུང་གང་ལ་འཁྱམ་ནས་མི་འདུག་པར། །
ཤ་ཚའི་སེམས་ཀྱི་གཏམ་ལ་ཉན་པ་ཡིས། །
ས་སྟེང་འདི་ནས་ནད་ཡམས་མཐར་སྐྲོད་ཅིག །
ཧ་ཧ་བོང་སྟག་རི་ལུ་ཁོམ་པ་ཡིས། །
ཨ་མཚར་གཏམ་གྱི་ཀ་ཕྲེང་ལབ་པ་འདི། །
ཧ་ནི་གོ་བར་ཡོད་ན་དང་དུ་ལོངས། །
དོན་ནི་རྟོགས་པར་ཡོད་ན་བརྒྱུད་བསྐུར་གྱིས། །