ཀྲུང་གོ་བོད་ཀྱི་དྲ་བ།

ང་ཡི་ཨ་མ་མཛངས་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁངས་མ།(ཡུལ་ཤུལ)   སྤེལ་དུས། : 2022-08-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཁོར་བའི་རི་གསེབ་འདི་རུ་ལང་ཚོའི་མེ་ཏོག་ཟད་པའི། །

ལན་བུ་གཉིས་བསླས་བྱེད་པའི་ཨ་མ་དགའ་དགའ་མ་དེ། །

མ་མཇལ་ལོ་ཟླ་མང་བས་དྲན་པ་གཟུགས་མེད་འདི་ཡིས། །

ཤེལ་དཀར་ཕྲེང་བ་ཐོགས་ཤིང་ཡིད་འདི་ཕྱི་ལ་མ་མངོན། །


ལས་ཀྱི་རླུང་བུ་ཁེར་འཕྱན་བར་དོའི་འཕྲང་ལམ་བར་ནས། །

གར་འགྲོ་ངེས་མེད་ཡིན་དུས་སྟོབས་ཆེན་མཛངས་མ་དེ་ཡིས། །

བརྩེ་བའི་པང་དུ་བླངས་ཏེ་སྙོར་བསྐྱངས་གནང་བ་མེད་ན། །

བདག་ནི་མགོན་མེད་སེམས་ཅན་ད་ཆ་གང་དུ་གནས་ཡོད། །


སྒེག་པའི་དཔལ་དུ་འཛུམ་པའི་ཨ་མ་བརྩེ་བའི་བདག་མོ། །

ཁྱོད་ཞལ་ཟླ་དཀར་འཚེར་འདྲ་སུ་ཡིས་འགྲན་དུ་དབེན་པ། །

འཇིག་རྟེན་མཛེས་པའི་བདག་མོ་རྒྱང་རིང་ཡུལ་གྲུ་དེ་ནས། །

ཐུགས་བརྩེ་ལྷོད་པ་མེད་པར་བདག་ལ་ཉེ་བར་ཕྱོགས་སམ། །


ཐད་ཀྱི་རི་བོའི་རྩེ་ནས་སྨུག་པས་དར་དཔྱངས་འཐེན་ཞིང་། །

སྨུག་ཆུང་སྦྲ་གུར་དུ་མས་རི་འདབས་བསྐོར་འདི་མཐོང་ན། །

སེམས་ཀྱི་མཐོངས་ཁར་ངོགས་སུ་ཡུལ་གྱི་མ་མ་ཁྱེད་ཉིད། །

དྲན་པ་འགོག་མེད་ཅིག་གིས་ཡིད་འདི་གདུང་བ་འདུག་གོ །


གནའ་དུས་ཆུ་མོའི་གཞུང་གི་ཟམ་ཆུང་ཆུ་ཡིས་ཁྱེར་ནས། །

ཕ་རོལ་བགྲོད་ཐབས་བྲལ་ཏེ་ཁྱོད་ལ་རོགས་པ་མེད་དུས། །

ཁྱོད་ཀྱི་ངལ་བ་རྟོགས་མཁན་སུ་དང་གང་ཡང་མ་མཆིས། །

ད་སྐབས་འཚོ་བའི་ཁྲོད་ནས་དེ་དག་གླེང་མཁན་སུ་ཡོད། །


ཆར་ཆུ་འདབ་རྒྱས་དུས་ཀྱི་ཡུལ་དེའི་མཛེས་པ་དག་གིས། །

ཕལ་བའི་ཡིད་འཛིན་དབང་མོ་ཡོངས་སུ་འཕྲོག་པ་ཚོར་ན། །

ཡུལ་གྱི་ཕྱོགས་སུ་ཞེན་པའི་འཕྲེང་ཐག་ཆོད་ཐབས་མེད་པ། །

ཚོར་རྟོགས་བྱུང་བ་མཐོང་ཚེ་ནམ་མཁའི་ལྷ་ཡང་དགོད་སྲིད། །


གཞིས་ཁྱིམ་གྲུ་བཞི་ནང་གི་འབྲོག་མོ་གདོང་དམར་བ་ཡི། །

མི་ཚེའི་བཞུར་རྒྱུན་ཁྲོད་ཀྱི་སྐྱིད་སྡུག་སོས་ཀའི་གནམ་ངོ་། །

ལྷ་ཡི་སྤྱན་གྱིས་མཐོང་ཡང་ཕས་བས་མཐོང་བ་མེད་པར། །

ངལ་དུབ་ལྐོག་དོར་གནང་པའི་མཆོག་ཉིད་དེ་རིང་དྲན་པ། །


ཨ་མ་བརྩེ་བའི་བདག་མོ་རྒྱང་རིང་གནས་ཡུལ་ཞིག་ནས། །

བུ་ཕྲུག་གང་གི་ཕྱོགས་སུ་བྱམས་པའི་སྤྲིན་དཀར་ལྡང་ངམ། །

ཁྱོད་ནི་འཇིག་རྟེན་འདི་ཡི་སྟོབས་ཆེན་མཛངས་མ་དངོས་ཏེ། །

གཟུགས་མེད་དྲན་པ་གཉོམ་པོ་ཁྱོད་ཀྱི་ཕྱོགས་སུ་བུད་ཐལ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།