ཀྲུང་གོ་བོད་ཀྱི་དྲ་བ།

སྟོང་སྡེ་འགུག་པའི་ལྕགས་ཀྱུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར་གྱིས་བརྩམས།   སྤེལ་དུས། : 2022-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འདང་རྩིད་ཐག་བཅུམས་མ།


དགུང་སྔོན་པོའི་གུར་ཞིག་ཕུབ་སྟེ།།

ས་དོག་མོ་གདན་ལ་བཏིངས་ན།།

ཞེ་སྣང་བ་ཨ་ལོང་སྟོང་འཁྱིལ།།

ཆུ་འོ་མ་བཞིན་དུ་འདྲེས་འགྲོ།།


ལུག་སྟོང་ལུག་རི་ནས་སྐོར་སྐོར།།

ཚིག་གོང་བའི་ནང་ནས་བཤད་ན།།

འདང་ཞེ་རྩེ་དུང་ལུང་གོར་མོ།།

དུང་གཡས་འཁྱིལ་འཁུར་ཐག་ལོས་ཉན།།


ན་མེ་ཏོག་ཁྲི་གྲངས་ཅན་པོ།།

སེར་ལམ་མེར་སྤང་ནས་སྐྱེས་ན།།

འབུ་སྦྲང་མ་གསེར་ཐམ་ཅན་པོ།།

གསུང་དིར་རེ་འཁོར་ས་ལོས་ཉན།།


བྱ་ཁྲུང་ཁྲུང་གཤོག་རྡང་སྒྲིག་སྒྲིག།

ཤ་མཆིན་པའི་སྟེང་འོག་བརྗེས་ན།།

མིག་ཁྲ་ཆེན་སྐར་ཆེན་འདྲ་བོ།།

ཞེ་སྣང་བའི་འོད་ཁང་ལོས་ཉན།།


སྤྲིན་ནག་པོ་རི་ཤོད་ཉུལ་ཉུལ།།

གཏམ་མྱི་ཁས་སྡུག་ལ་གཏད་ཀྱང་།།

འདང་ཞེ་རྩེ་རྡོ་བརྐོས་རི་མོ།།

ཞིག་འགྲོ་བའི་དཔེ་ཞིག་མེད་འདུག།


ཁ་ཕར་འཁོར་སྨྱུག་མ་ཚིགས་དྲུག།

ཁ་ཚུར་འཁོར་སྒྲོལ་མ་དཀར་པོ།།

ཚེ་སྔོན་མའི་ལས་སྐལ་མིན་ན།།

འབྲལ་ཐུབ་པའི་ཚོད་ཅིག་མི་འདུག།


བཤད་མི་བཤད་བརྒྱ་སྡེའི་ཁ་རེད།།

འགྲོགས་འཛིན་མིན་རང་གི་ལག་རེད།།

ལས་ཐོད་པའི་ཁ་ཡིག་དྲང་ན།།

སྐྲག་ཅི་དགོས་ཁྱོད་ཀྱང་ལོས་གསལ།།


ཚིག་གནའ་བཤད་སྲོག་གི་ཚབ་ཡིན།།

ཚིག་ད་བཤད་སེམས་ཀྱི་དྲོད་ཡིན།།

དྲོད་མེ་སྟག་འདྲ་བོ་བསམས་ན།།

འདང་ཞེ་རྩེ་དེང་མའི་ཡན་རེད།།


རོགས་སྟོང་གྲངས་སྟོང་ལ་མི་རྩི།།

གཅིག་རྩི་ན་རོགས་ལོ་ཁྱོད་རྩི།།

ངས་བརྩིས་ནོ་དོན་ཞིག་ཡོད་དགོས།།

དོན་རྡོ་རྗེ་མདུད་པ་ཁྱོས་རྒྱོབས།།


དགུང་མུན་ནག་ས་རྩ་རུབ་ཐལ།།

དྲོད་ཉི་མ་ཚང་ལ་ཡལ་ཐལ།།

ཞོགས་ཉི་མས་འབོད་བརྡ་བཏང་ན།།

ཁ་ཚིག་གསུམ་དེ་དུས་བཤད་ཡོང་།།

༢༠༢༢ལོའི་བོད་ཟླ༦པའི་ཚེས་པ༡༣ཉིན།


ཞེ་དར་དཀར་མདུད་པ།


སྦྲ་རོག་རོག་འདབས་ཀྱི་འབྲོག་མོ།།

ངོ་འཛུམ་མདངས་ནོར་བུའི་དོ་ཤལ།།

ཁ་ཚིག་གསུམ་བལ་དཀར་ཁ་ཆུ།།

གཉོམ་དུང་ངེ་གྲོང་ནས་རིག་ཐལ།།


སྐྲ་ལན་རྐང་སྐར་མདའ་ལྷུང་ལྷུང་།།

འགྲོ་གོམ་པ་རིང་ལེན་ཐུང་ལེན།།

ཕྱི་ཁྲོམ་པའི་མིག་ལ་ལྷུང་སྟེ།།

ཁྲིད་ལོས་འགྲོ་བསམ་ན་སྐྲག་གི།


གཟུགས་སྨྱུག་མ་ཚིགས་དྲུག་འདྲ་བོ།།

མཁུར་དཀར་ཤ་དམར་མདངས་ཅན་པོ།།

ནོར་ནག་མོའི་རྗེས་ཀྱི་འབྲོག་མོ།།

སྐད་ལྷང་ལྷང་ཅོ་ཀའི་མགྲིན་ཚབ།།


འདང་ཞེ་རྩེ་ལུག་ཆུང་རྩེད་རྩེད།།

བྱིའུ་འཇོལ་མོ་གར་ལ་རྩེན་རྩེན།།

ཁ་ཚིག་གསུམ་བཤད་དབང་མེད་རུང་།།

ཞལ་འཛུམ་མེ་བལྟས་ན་ཡག་གི།


ཞེ་སྣང་བ་དར་སྐུད་འདྲ་བོ།།

སིང་དིར་རེ་དཀྲོལ་དབང་མེད་ཐལ།།

གཞོན་ཉི་ཤུ་ཝ་མོ་འདྲ་བོ།།

འཛུམ་སོ་ལེ་ལྟ་དབང་མེད་ཐལ།།


ཁྱོད་ཕར་སོང་སྡེ་བའི་ཕྱོགས་ནས།།

གླུ་སིང་སིང་སྐད་ལ་བཀུག་ན།།

ང་ཚུར་སྡོད་ན་ཟླའི་ནང་ནས།།

མིག་སྐར་ཆེན་ཟིལ་བ་འཐོར་གི།


འདང་འོ་མ་འདྲ་བོ་དྲན་ན།།

སེམས་གངས་དཀར་ལྕུག་རྒྱུན་འདར་གི།

ལུས་ལྷུ་དྲུག་མེ་ཏོག་བསམ་ན།།

སྙིང་དམར་པོ་གཅུ་ལོག་རྒྱག་གི།


ཁྱོས་གཡས་ལག་ཐོད་ལ་བཞག་སྟེ།།

ངའི་ཕྱོགས་ལ་བལྟས་ཡོད་བསམ་ན།།

སྡེ་ཆེན་པོར་ཁ་དབང་བཙན་རུང་།།

གཏམ་མྱི་ཁར་སྐྲག་འཇིགས་མེད་ཁུ།།


ཚིག་མགོ་མའི་མགོ་རྐང་དྲན་ན།།

ནམ་སྟོད་སྨད་གཉིས་སུ་འཆད་གི།

ཕྱི་གནས་ཡུལ་སྐྱིད་སྡུག་བསམ་ན།།

ལུས་འབྱུང་བཞིའི་འབྱུང་ཁམས་འཁྲུག་གི།


གཞོན་ཉི་ཤུ་འཇའ་ཚོན་འདྲ་བོ།།

ཞག་ཉི་མའི་བར་ནས་ཚར་ཐལ།།

ཞེ་སྣང་བ་དར་དཀར་འདྲ་བོ།།

སྡུག་མིག་ཆུའི་ནང་ནས་ཟད་ཐལ།།


འགྲོགས་འཛིན་པའི་ལས་སྐལ་མེད་རུང་།།

ཞེ་དར་དཀར་མདུད་པ་མ་ལྷོད།།

ཚེ་འདི་ནས་ཁ་ཁར་གནས་ཀྱང་།།

ཚེ་ཕྱི་མར་དྲན་ཤིང་བཞག་ཆོག།


༢༠༢༢ལོའི་བོད་ཟླ༦པའི་ཚེས་པ༢༣ཉིན་བྲིས།


ལས་སྐྱ་ཟད་སྔོ་སྡུག


ངས་ན་ནིང་དབྱར་ཁ་ཞིག་ལ།།

ཚིག་སྙི་མོ་སྙིང་ལ་བཏབ་མྱོང་།།

དེའི་ཚིག་མགོ་རླུང་གིས་བཅད་ཐལ།།

ཡང་ཚིག་གཞུག་མྱི་ཁས་དེད་ཐལ།།


ལར་མྱི་ཁ་སྐྲག་དགོས་ཅི་ཡོད།།

གཏན་མི་སྡོད་མི་ཡུལ་མགྲོན་པོ།།

དེ་ཡིན་ཡང་ལས་དབང་བསམ་ནག།

སྡུག་འཁོར་བའི་ལྕགས་སྒྲོག་བརྒྱབ་ཐལ།།


ཉིན་སུམ་བརྒྱ་དྲུག་ཅུ་རྨི་ལམ།།

ལུས་ལང་ཚོ་སྟོན་མགོའི་མེ་ཏོག།

རླུང་བསེར་བུས་ཕུ་ཞིག་བཏབ་ན།།

འཐོར་མི་འགྲོ་ལས་ཀྱི་རང་འགྲོ།།


ས་ནག་པོ་སེར་ཁ་གས་ན།།

སེམས་ཡ་ཆུང་འཁྱག་པའི་རྒྱུ་རེད།།

ལས་སྐྱ་ཟད་སྔོ་སྡུག་འདི་ཡང་།།

ཚེ་སྐལ་བ་སྟོང་གི་དགྲ་རེད།།


གཏན་མི་འགྱུར་མནའ་ཞིག་བཞག་ཀྱང་།།

ལས་ངན་པས་དུམ་སེ་བཅད་ཐལ།།

སྲོག་དམར་པོ་དཔང་ལ་བཞག་རུང་།།

ལས་འགོག་མེད་བྲུག་ཆུས་ཁུར་ཐལ།།


ཞེ་འདོད་འཇོའི་བ་མོ་གཡོས་ཀྱང་།།

ལས་སྡིག་ཅན་རླུང་བུ་ལྡང་བྱུང་།།

འདང་རྡོ་རྗེ་རི་མོ་བྲིས་ཀྱང་།།

ལས་ཁ་ཆར་ངར་ཁས་བསེད་ཐལ།།


སྤྱིར་མི་རྟག་འཇིག་རྟེན་འདི་ནས།།

ལས་བཟང་ངན་གང་ཞིག་བྱས་ཀྱང་།།

གང་འདོད་པའི་ལམ་ཞིག་འཚོལ་རྒྱུ།།

ནུབ་རྒྱ་མཚོའི་ནང་གི་ཁབ་རེད།།


ཤར་ཉི་མའི་འོད་མདངས་ལ་ནི།།

བྱང་མི་འགྱུར་སྐར་མ་ཨ་བརྟན།།

ལས་ཉིན་ནུབ་དབྱེ་བ་ཡོད་པས།།

ཕྱི་མི་རྟག་འགྲོ་བ་ཅི་བཤད།།


ངས་བརྒྱ་བཤད་བརྒྱ་ཡི་དོན་རྩ།།

ལས་སྐྱ་ཟད་སྔོ་སྡུག་བཤད་ཡོད།།

ཚིག་ཚོར་བའི་ནང་གི་ཞིམ་ཤ།།

བློ་རྣམ་དཔྱོད་རྒྱན་དུ་འཁྲུངས་ཤོག།


གཞོན་ཕོ་མོའི་འདང་གི་དྭངས་མ།།

ལས་མི་རྟག་གཏིང་ལ་བརྒྱབ་ན།།

ཁྱི་ནག་པོ་གཞུག་ལ་འདྲུད་འདྲུད།།

ལས་སྐོར་ལོག་དབང་དུ་བསྡུས་འགྲོ།།

༢༠༢༢ལོའི་བོད་ཟླ༥བའི་ཚེས་པ༡༥ཉིན་བྲིས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།