ལྷ་སར་ལོག་པ།

ལྕགས་སྒམ་རྒྱབ་ལ་གྱོན་པའི་ང་འདིར་ཡོད།།

རླུང་དང་ཁ་བ་ཙག་དང་བསེར་བུ་སོགས།།

འདིར་ཤོག་འདིར་ཤོག་ང་ལ་ཅུང་ཙམ་ཉོན།།

ང་ཡིས་ཉི་ནུབ་འདི་ལ་སྐད་ཅིག་བསྐུར།།


མཚན་མོར་སྙིང་ཁམས་དྭངས་པའི་སྐར་ཚོགས་ལ།།

འདི་ཟེར་གན་ཟེར་ཞེས་ཀྱང་མི་ཤོད་རོགས།།

སྐད་ཆ་ས་ལ་ལྷུང་ཚེ་རུས་པ་ན།།

སྙིང་ལ་རུས་པ་མེད་ན་ཁོག་པ་སྟོང་།།


ཤེལ་དེམ་ནང་གི་མེ་འོད་འཁྱག་པ་འདི།།

ང་ལས་གཞན་མིན་སུ་དང་གང་ཡང་མིན།།

ཅི་ཡིན་འདི་ཡིན་མེད་པའི་སྟོང་པ་འདི།།

འདི་ནས་ཕར་ལ་ཅུང་ཙམ་འཁྱེར་རོགས་གནང་།།


ང་ཡི་ལུས་ལ་ཤུགས་མེད་དྲན་པ་མེད།།

མེད་པ་གང་ལས་མེད་པ་འདི་ན་འདུག།

སང་ཞོགས་ཉི་འོད་འདི་རུ་འོངས་པའི་ཚེ།།

བདག་པོ་འདི་ཞེས་གཞན་ཡང་གན་ཞེས་ཤོད།།


ལྕགས་ཀྱི་རྐང་ལག་བར་གྱི་ལུས་པོ་འདི།།

རེ་ཞིག་འདི་ནས་མགྱོགས་པོར་འགྲོ་དགོས་སོང་།།

ལྷ་སར་ལོག་དགོས་དེ་ན་ང་ཡང་ཡོད།།

ཁྱོད་ཀྱང་ཡོད་ལ་མེད་པ་ང་ཡིན་ནོ།།


ཙོང་ཁ་གོར་མོ་ཨ་ཆེན་གངས་རྒྱབ་སོགས།།

ནག་ཆུས་དྲུད་ནས་ཡངས་པ་ཅན་ལ་སླེབས།།

ཐང་ལྷའི་ཕར་ན་གནམ་མཚོ་སྔོ་ལམ་མེ།།

ལྷ་སར་བལྟས་ནས་ཉི་འོད་འཛིན་བཞིན་འདུག།


མེ་འཁོར་འདི་ཡང་ལྕགས་ཀྱི་ཁང་ཆུང་ཞིག།

སྒེའུ་ཁུང་འདི་ཡང་དུ་ཁུང་འདྲ་ལེ་འདུག།

ཕྱི་ལ་ཤོར་བའི་ཁ་རླངས་དཀར་ནག་སོགས།།

ལྷ་སའི་གླིང་ན་མེ་ཏོག་བཞད་འདུག་གམ།།


གཞན་ལ་མ་བཤད་ངས་ཀྱང་མི་འཆད་ལགས།།

ང་ཡང་འདི་ཡིན་ཁྱོད་ཀྱང་གན་ཡིན་ནམ།།

ས་རྡོ་བརྩེགས་པའི་ཚིག་གི་གྲིབ་མ་འདི།།

ནམ་མཁའ་སྟོང་པ་འདི་ཡི་བདག་པོ་ཡིན།།


ལྕགས་ཀྱིས་གྲུབ་པའི་སེམས་པ་རྒོད་པོ་འདི།།

རུ་ཁོག་གཤགས་ནས་ལྷ་སར་བལྟས་པ་ཡིས།།

མིག་གཉིས་ལྷུང་བས་རླུང་གི་སྒོ་མོ་བཀག།

ང་ཡང་འདི་ནས་ལུས་སོང་ལྷ་ས་ལགས།།


དྲན་པའི་རིམ་པ་མཐོ་བ་གནམ་ལས་ཡངས།།

དགའ་བའི་སྐྱོ་བ་དམའ་བ་མཚོ་ལས་ལྗིད།།

ལམ་འདི་དེ་རིང་སོང་ཡང་སང་ཉིན་འདུག།

ང་ཡང་དེ་རིང་ཡོད་ཀྱང་སང་ཉིན་མེད།།


གང་ནས་བལྟས་ན་ནང་ཁོག་མཐོང་ས་འདིར།

ཅི་ཞིག་བཙལ་ཡང་མ་རྙེད་ལྷག་པ་ང་།།

ཉི་འོད་སྤུངས་པའི་འཁོར་བའི་དཀྱིལ་འཁོར་ནང་།།

ང་ཡང་མཛེས་པ་ཞིག་སྟེ་འཇིགས་པ་མེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།