༄༅།།ལྷ་སྲས་དགྲ་ལྷའི་ཚེམས་ལ་མངོན་པར་བསྟོད་པ།

སྐུ་གཟུགས་མཚན་དཔེའི་འོད་ཟེར་འབུམ་གྱིས་སྤྲས།།

གསུང་རབ་བདུད་རྩིས་འགྲོ་བའི་སྡིག་སྒྲིབ་བཅོམ།།

ཐུགས་རྒྱུད་བཟང་བོས་ཉམ་ཆུང་མཐའ་ནས་བསྐྱངས།།

སྐྱབས་གནས་གེ་སར་ནོར་བུར་སྙིང་ནས་འདུད།།

ཁམས་གསུམ་བདེ་ལ་བཀོད་པའི་འཕྲིན་ལས་སྤེལ།།

མགོ་ནག་བོད་ལ་ཕན་བདེའི་དངོས་གྲུབ་བསྩལ།།

མཆོག་ལ་རིགས་སྲས་དངོས་སུ་མ་བལྟམས་ཀྱང་།།

སྐུ་ཚ་དགྲ་ལྷ་རང་རྒྱུད་བུ་ལས་ལྷག །

གོང་མ་ལྷ་ཡི་ལུང་བསྟན་གནང་པ་བཞིན།།

ཁོང་གི་རླབས་ཆེན་མཛད་འཕྲིན་མཐར་རྫོགས་དུས།།

གླིང་དཀར་སྟོད་ཀྱི་མི་དབང་རྒྱལ་པོའི་འགན།།

ལྷ་སྲས་དགྲ་ལྷར་སྤྲད་ནས་ཞིང་ལ་གཤེགས།།

གླིང་གི་ཐོག་མའི་རིག་དངོས་རྩ་ཆེན་རྣམས།།

གཟུགས་འཛིན་ལམ་དུ་མཐོང་རྒྱུ་ཡོད་མོད་ཀྱང་།།

གནའ་བོའི་དཔའ་རྟུལ་དམ་པའི་རིང་བསྲེལ་དག །

མཐོང་བ་ཉིན་མོའི་སྐར་མ་བཞིན་དུ་དཀོན། །

ད་ལམ་གླིང་རྗེ་གེ་སར་འཁྲུངས་པའི་གནས།།

ཨ་ཕྱུག་རྩྭ་ཐང་གསེར་གཞོང་རིང་མོ་ལས།།

གླིང་ཚང་རྒྱལ་པོའི་ཁྱིམ་བརྒྱུད་ནོར་བུ་མཆོག །

ལྷ་སྲས་དགྲ་ལྷའི་ཚེམས་བཟང་མཐོང་བ་རྨད།།

གླིང་ཚང་རྒྱལ་རྒྱུད་དགྲ་ལྷའི་གདུང་རྒྱུད་དངོས།།

རྒྱལ་རབས་ཞེ་དགུ་ཡིན་ཞེས་དེབ་ཐེར་ལས།།

གསུང་བ་དན་རྟགས་ལྷུན་པོ་བཞིན་དུ་གནས།།

སྟོབས་ལྡན་སུས་ཀྱང་བཟློག་འདོད་ངལ་བའི་རྒྱུ།།

ཚབ་ཚ་དགོན་པའི་ཉེ་འདབས་མི་རིང་སར།།

གེ་སར་ལྷ་ཁང་བཞེངས་པའི་ནང་རྟེན་མཆོག།

ལྷ་སྲས་དགྲ་ལྷའི་གོ་མཚོན་རིན་ཐང་ཅན།།

མཇལ་བའི་ལེགས་བྱས་སྐྱེ་འགྲོ་ཀུན་ལ་སྨིན།།

རྒྱལ་རབས་ཁུངས་བཙུན་ཀུན་གསལ་མེ་ལོང་ལས།།

མཁས་དབང་དམ་པའི་གསུང་གི་ཉིང་བཅུད་དུ།།

དགྲ་ལྷའི་ཚེམས་བཟང་ངོས་འཛིན་མཛད་པ་འདི།།

དཔྱད་བརྗོད་ལུང་གི་རྒྱབ་རི་དཔང་རྟགས་ལགས།།

ཚེམས་མཆོག་སྟོད་ན་རྡོ་རྗེ་འཇིགས་བྱེད་ཀྱི།།

ཞལ་གདོང་ངོ་མའི་དབྱིབས་དང་མཚུངས་པ་མངོན།།

ཚེམས་བཟང་ཁོང་དུ་ཆོས་སྐུ་རང་བྱོན་འཚེར།།

སྐྱེ་བོ་ཀུན་ལ་གཟི་བྱིན་གཞལ་མེད་སྦྱིན།།

གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་མཆོག །

རྒྱལ་རབས་རིམ་བྱོན་ཐུགས་རྟེན་གཡང་སྒམ་དུ།།

ཚེམས་བཟང་རིན་ཆེན་ནོར་ལྟར་ཉར་མཛད་པ།།

ཕྱོགས་ཀྱི་སྒེག་མོའི་རྣ་བའི་རྒྱན་དུ་གྱུར།།

ལོ་རྒྱུས་རིན་ཐང་ལྡན་པའི་ཚེམས་མཆོག་ཉིད།།

ཕྱི་ནང་གསང་གསུམ་བར་ཆད་ཐོར་རླུང་གིས།།

མཚམས་མེད་གདུངས་ཀྱང་ཨ་ཕྱུག་གནས་བཟང་འདིར།།

སྐད་ཅིག་ཙམ་ཀྱང་རྒྱང་རིང་གྱེས་མ་མྱོང་།།

གླིང་ཚང་རྒྱལ་པོའི་རྒྱལ་རབས་གྲངས་མང་རིང་།།

ཐོད་པའི་མིག་བཞིན་གཅེས་འཛིན་གནང་བ་ཡི།།

ཚེམས་བཟང་འཕྲོ་བརླག་མ་ཤོར་བསྣམས་པ་མཚར།།

སྐྱེས་བུ་དམ་པའི་མཛད་རྗེས་མངོན་པར་བསྟོད།།

ངོ་མཚར་སྟོང་གིས་སྤྲས་པའི་རྫ་ཆུ་ཁར།།

སྐྱིད་སོས་ཡག་གི་ཁ་མདོ་འབོད་པའི་ཡུལ།།

ཨ་ཕྱུག་སྟོབས་ལྡན་ལགས་ཀྱིས་ཉར་བའི་ཚེམས།།

བྱིན་རླབས་ཉིན་བྱེད་འོད་སྟོང་འཕྲོ་བར་སྨོན།།

                                                                  ཞེས2022ལོའི་ཟླ4བའིཚེས16ཉིན་གནའ་མཁར་ཟི་ལིང་དུ་ཐོལ་བྱུང་དུ་སྦྱར་བ་དགེའོ།།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།