ཀྲུང་གོ་བོད་ཀྱི་དྲ་བ།

90རྗེས་ཀྱི“ཧྲུའུ་ཅི་དང་པོས”གྲོང་གསེབ་དར་སྤེལ་གྱི་མཐུད་རྒྱུག་འགྲན་སྡུར་ལ་སྣེ་དྲངས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ2པའི་ཚེས24ཉིན་གྱི་ཞོགས་པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་མགྲོན་མདའ་ཞང་ཐང་མདའ་སྡེ་བའི་ལུང་རོང་དུ་གྲང་རླུང་ལྡང་ཞིང་། དེ་རིང90རྗེས་ཀྱི་ན་གཞོན་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀུན་བཟང་རིག་འཛིན་ཐང་མདའ་སྡེ་བར“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་དུ་འགྲོ་དགོས་བྱུང་།

འབྲི་ཆུའི་འགྲམ་ངོགས་བརྒྱུད་དེ་ནུབ་ནས་ནུབ་ཏུ་བསྐྱོད་ཚེ།འཁྱགས་པས་བསྡམས་པའི་གཙང་པོ་དལ་བ་དལ་བུར་ཐུར་དུ་བཞུར་ལ། ལམ་འགྲམ་གྱི་ནོར་ལུག་ཀྱང་སོས་དལ་བག་ཡངས་སུ་རྒྱུ་བཞིན་འདུག ཧ་ལམ་དུས་ཚོད་གཅིག་རིང་གི་ལམ་ཐག་བརྒྱུད་མཐར། ལམ་དེའི་ཐག་མི་རིང་བའི་ས་ནས་ཟམ་ཆེན་ཞིག་མིག་ལམ་དུ་མངོན་བྱུང་།“ཟམ་པ་འདི་བརྒལ་རྗེས་ཐང་མདའ་སྡེ་བར་ཐོན་འདུག”ཅེས་ཀུན་བཟང་རིག་འཛིན་གྱིས་མདུན་ཕྱོགས་སུ་མཛུབ་མོ་བསྟན་ཏེ་བཤད།

ཀུན་བཟང་རིག་འཛིན་གྱིས་མཛུབ་མོས་བསྟན་པའི་ཕྱོགས་ལ་རྒྱང་ལྟ་བྱས་པ་ན། སྟར་ཕྲེང་དུ་བསྒྲིགས་ཤིང་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ར་སྐོར་རེ་རེ་མིག་ལམ་དུ་མངོན་པ་དང་། ར་སྐོར་གྱི་འདབས་རོལ་ནི་ཡུག་གཅིག་ཏུ་འབྲེལ་བའི་ཞིང་ས་རེད།ཀུན་བཟང་རིག་འཛིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན།ང་ཚོའི་ཞིང་ས་འབྲི་ཆུའི་རྒྱུད་དུ་ཡོད་པས་ཞིང་ས་ཅུང་གཤིན་པོ་ཡིན་ལ། ང་ཚོའི་སྡེ་མི་ལ་ཡང་ཁེ་ཕན་ཆེན་པོ་ཐོབ་བྱུང་ཟེར།

རླངས་འཁོར་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་དང་བསྟུན་ནས། ཁོད་ཡངས་པའི་ཐང་ཆེན་དང་གློག་ཚོང་ཟོང་སྐྱེལ་ས་ཚིགས། སྡེ་བའི་མཉམ་ལས་ཁང་ལ་སོགས་པའི་ཁང་པའི་བཟོ་བཀོད་དེ་དག་རེ་རེ་བཞིན་མིག་གི་སྣང་ངོར་ཤར་ཡོང་། སྡེ་བ་ཆེ་རྒྱུ་མེད་རུང་རྨང་གཞིའི་སྒྲིག་བཀོད་ཧ་ཅང་འཐུས་ཚང་བ་ཞིག་རེད།

རླངས་འཁོར་ལས་བབས་མ་ཐག་ཀུན་བཟང་རིག་འཛིན་ཐང་མདའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཡུང་དྲུང་རྡོ་རྗེ་དང་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་འཇིགས་གྲགས་དང་མཉམ་དུ་གཞུང་ལས་ཁང་དུ་སོང་སྟེ།“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”སྒྲོག་འགྲེལ་བྱེད་པའི་ཞིབ་ཕྲའི་ཇུས་གཞི་ལ་གྲོས་བསྡུར་བྱེད་མགོ་བརྩམས།

“ངས་བསམས་ན་ང་ཚོས་ཐོག་མར་ཏང་ཡོན་ནས་མགོ་བརྩམ་དགོས་ཏེ།ཏང་ཡོན་གྱིས་སྔོན་དུ་སློབ་སྦྱོང་དང་སྔོན་དུ་གོ་དོན་གསལ་པོ་བླངས་རྗེས། ཏང་ཡོན་གྱིས་རང་ནུས་ཀྱིས་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་དང་།ཉེ་འཁོར་གྱི་མང་ཚོགས་ལ་སྐུལ་ཁྲིད་བྱེད་པ།སྣེ་གཅིག་གིས་ཁྱོན་ཡོངས་ཁྲིད་པ། ཁྱིམ་ཚང་གཅིག་གིས་སློབ་པ་དང་ཁྱིམ་ཚང་ཚང་མས་བསླབས་ཏེ། མཇུག་མཐར་སྡེ་བ་ཡོངས་སུ་སློབ་སྦྱོང་བྱེད་པའི་སྲོལ་བཟང་པོ་ཞིག་ཆགས་དགོས།”ཞེས་ཀུན་བཟང་རིག་འཛིན་གྱིས་ཐད་ཀར་འདི་ལྟར་བཤད།

“དེ་རེད། དེ་ལས་གཞན་ངས་བསམས་ན་ང་ཚོས‘ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི’དགོངས་དོན་ལ་དམིགས་དགོས་པར་མ་ཟད།ང་ཚོའི་སྡེ་བའི་ཞིབ་ཕྲའི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ།ཁ་གཏད་རང་བཞིན་གྱིས་སྡེ་མི་ཚོར་ནང་དོན་གཙོ་བོ་འགའ་སྒྲོག་འགྲེལ་བྱེད་དགོས་ལ། དེ་དང་ཆབས་ཅིག་ཏུ་སྒྲོག་འགྲེལ་ཡུལ་བབ་དང་བསྟུན་ནས་སྲིད་ཇུས་བཟང་པོའི་དགོངས་དོན་གོ་སླ་བའི་སྒོ་ནས་མང་ཚོགས་ལ་བརྒྱུད་སྒྲོག་བྱེད་དགོས”ཞེས་གཡུང་དྲུང་རྡོ་རྗེ་ཡིས་དེར་མཐུད་ནས་ཁ་གསབ་བརྒྱབ།

ཚང་མའི་བགྲོ་གླེང་སྔར་བས་ཛ་དྲག་ཆེ་ནའང་། ཁོ་ཚོའི་བར་ལ་འགལ་བ་ཅི་ཡང་མ་བྱུང་། “བཟང་གི དེས་ན་ང་ཚོས་ད་ལྟ་མྱུར་དུ་མགོ་བརྩམ་ཡ”ཞེས་ཀུན་བཟང་རིག་འཛིན་གྱིས་བཀའ་བབས་མ་ཐག ཚང་མས་ལས་ཀ་ལས་མགོ་བརྩམས་ཏེ། ལ་ལས་སྒྲོག་འགྲེལ་བྱ་ཡུལ་བཀོད་སྒྲིག་བྱེད་པ་དང་ལ་ལས་སྡེ་བའི་ནང་གི་ཏང་ཡོན་ལ་འབྲེལ་གཏུགས་བྱེད་པའི་འགན་འཁུར། གཞན་ད་དུང་ཁ་ཤས་ཀྱིས་ཡིག་ཆའི་རྒྱུ་ཆ་གྲ་སྒྲིག་བྱས། སྐབས་དེ་དག་ཏུ་ཀུན་བཟང་རིག་འཛིན་གྱིས་ཡང་བསྐྱར“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ནན་ཏན་གྱིས་སྒྲོག་འདོན་བྱས།“འདི་ནི་སྡེ་མི་ཚོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བའི་དོན་ཆེན་ཞིག་ཡིན་པས། ངས་གནད་འགག་གི་སྐབས་འདིར‘ལས་དོན་དེ་མ་འཁྱོངས་པ’བྱ་མི་རུང་།ད་དུང་ཐེངས་འགའ་ལ་ཀློག་དགོས།”ཞེས་ཀུན་བཟང་རིག་འཛིན་གྱིས་གསལ་བཤད་བྱས།

འཕྲེད་བྱང་ལེགས་པར་བཀལ་རྗེས། ཏང་ཡོན་ཚོ་སྡེ་བའི་ཞིང་ས་ཞིག་གི་འགྲམ་དུ་སྒོར་སྒོར་བྱས་ནས་བསྡད་པ་དང་། ཧྲུའུ་ཅི་དང་པོ་ཀུན་བཟང་རིག་འཛིན་ས་འབུར་ཞིག་གི་སྟེང་ཙོག་པུར་བསྡད་དེ། ད་ལོའི་ཐང་མདའ་སྡེ་བའི“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོ”ཐེངས་དང་པོར་སྒྲོག་འགྲེལ་བྱེད་མགོ་བརྩམས།

“ད་ལོར་ང་ཚོས་རང་ཅག་སྡེ་བའི་ཞོག་ཁོག་དང་ནས་སོགས་འབྲུ་རིགས་ལོ་ཏོག་འདེབས་འཛུགས་ཀྱི་བྱ་བ་མུ་མཐུད་དུ་ལེགས་འཛིན་བྱས་ཏེ། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་བརླིང་ཡོང་བ་དང་འདེབས་འཛུགས་ཅི་ཐུབ་བྱེད་པ་ལས་ས་རྒོད་དུ་མི་བསྐྱུར་བར་འགན་སྲུང་བྱེད་དགོས།”“དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཞིང་། འུ་ཚོ་སྡེ་བས་ད་ལོར་གསར་དུ་ཉོས་པའི་ནོར་གནག104ནི་ང་ཚོ་སྡེ་བའི་ཐུན་མོང་དཔལ་འབྱོར་ཡིན་པ་དང་།བཤས་རར་བཏང་རྗེས་ཚང་མར་ཁེ་སྤོགས་བགོས་ཆོག་པ་རེད།”“གཞན་ད་དུང་འུ་ཚོ་སྡེ་བའི་ཆུ་འཁོར་རྡོ་འཐག་རྩམ་པའི་ཡུལ་སྲོལ་སྲང་ལམ་དེ་ད་ལོར་བེད་སྤྱོད་ལེགས་པོ་བྱས་ཏེ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་འབྱུང་བར་བརྩོན་ལེན་བྱེད་དགོས”ཞེས་ཀུན་བཟང་རིག་འཛིན་གྱིས་ཚང་མ་དང་མཉམ་དུ་ཁ་བརྡ་བྱེད་པ་ཇི་བཞིན“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི”ནང་དོན་སྒྲོག་འགྲེལ་བྱས་ལ། ཏང་ཡོན་ཚོས་ཀྱང་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ཞིང་། སྐབས་རེར་ཕན་ཚུན་བགྲོ་གླེང་བྱེད་ཀྱིན་ཡོད་པའི་རྣམ་པ་དེ་ཧ་ཅང་ཞི་མཐུན་ཞིག་རེད།

ཐུན་མོང་སྒྲོག་འགྲེལ་མཇུག་རྫོགས་རྗེས། ཀུན་བཟང་རིག་འཛིན་གྱིས་ངལ་གསོ་མ་བྱས་པར་སྡེ་མི་ཐུབ་བསྟན་ཚང་དུ་སོང་ནས་མུ་མཐུད་དུ་སྒྲོག་འགྲེལ་བྱས་པ་རེད། ཐུབ་བསྟན་ནི2016ལོའི་ཡར་སྔོན་དུ་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་། དབུལ་ཐར་བྱུང་རྗེས་ཁོ་རང་སྡེ་བའི་ནང་གི་བྱ་འགུལ་སྣ་སོ་སོར་ཧུར་ཐག་གིས་ཞུགས་ཏེ་སྡེ་བའི་ནང་གི་ཧུར་བརྩོན་མཁན་དུ་གྱུར་ཡོད། ཀུན་བཟང་རིག་འཛིན་ཐོག་དང་པོར་ཁོའི་ཁྱིམ་དུ་ཡོང་དོན་ནི་ཐུབ་བསྟན་ལ་སྡེ་བའི་ནང་དུ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་པའི་རེ་འདུན་བཅངས་པ་དེ་ཡིན།“ཐུབ་བསྟན་ཚང་ལ་བསྡོམས་པས་ཞིང་ས་སྤྱི་ཆིང2.67ཡོད་པ་དང་།ད་ལོར་ཞིང་ས་སྤྱི་ཆིང0.3ལ་ཞོག་ཁོག་བཏབ་ཡོད་ལ། དེའི་ཕན་ཆད་ཚང་མར་ནས་འདེབས་རྩིས་ཡོད། ཁོ་ཚང་གིས་ལོ་རེར་ཞིང་བཏབ་པའི་ཡོང་འབབ་སྒོར་ཁྲི4ལྷག་ལ་སླེབས་ཡོད”ཅེས་ཀུན་བཟང་རིག་འཛིན་གྱིས་མཚམས་སྦྱོར་བྱས།

“ང་ཚོའི་ཧྲུའུ་ཅིའི་ལོ་ན་གཞོན་རུང་། ཁོ་ལ་འཇོན་ཐང་ཆེན་པོ་ལྡན། ངས་ད་ལོར་སྡེ་བའི་ནང་གི་བྱ་བར་ཧུར་ཐག་གིས་རམ་འདེགས་བྱས་ཏེ། སྡེ་བའི་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་ཐུབ་བསྟན་གྱིས་འདི་ལྟར་བཤད།

མིག་སྔར། ཐང་མདའ་སྡེ་བར་ཐོན་སྐྱེད་མཉམ་ལས་ཁང8ཡོད་པ་དང་། དབུལ་སྐྱོར་མ་དངུལ་སྒོར་ཁྲི500ལྷག་བརྩོན་ལེན་བྱས་ཏེ། ལས་གཞི་མ་དངུལ་དེ་དག་དངོས་འབེབས་བྱས་པ་བརྒྱུད། ཞིང་ལས་འཕེལ་རྒྱས་དང་ཞིང་ལས་ཐོན་འཕར། ཞིང་པའི་ཡོང་འབབ་འཕར་བའི་དམིགས་འབེན་ལས་འགན་དུས་ལྟར་དུ་མངོན་འགྱུར་བྱུང་སྟེ། གནད་ཁེལ་དབུལ་སྐྱོར་གྱི“ཐང་མདའི་དཔེ་དབྱིབས”གསར་སྐྲུན་བྱས།

“རྗེས་ཕྱོགས་ང་ཚོས‘ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར’དམིགས་ནས་སྒྲོག་འགྲེལ་བྱ་འགུལ་རྣམ་པ་སྣ་ཚོགས་སྤེལ་རྒྱུ་ཡིན་ལ། དུས་མཚུངས་སུ། གྲོང་གསེབ་དར་སྤེལ་ཀྱི་ཐོན་ལས་ཡོང་འབབ་བརྟན་བརླིང་ངང་འཕར་བར་ཧུར་བརྩོན་བྱེད་པ་དང་། ང་ཚོའི་སྡེ་བའི་ས་ཁམས་གནས་སྟངས་ཀྱི་དགེ་མཚན་ལ་གཞིགས་ཏེ། ཁྱད་ལྡན་ཞོག་ཁོག་འདེབས་འཛུགས་སྲུང་འཛིན་དང་ནོར་གནག་ལེགས་པོར་གསོས་ནས། སྡེ་མི་ཡོངས་ཀྱི་སྣེ་དྲངས་ཏེ་མཉམ་དུ་ཐུན་མོང་ཕྱུག་འགྱུར་གྱི་བགྲོད་ལམ་སྟེང་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་ཀུན་བཟང་རིག་འཛིན་གྱིས་དགའ་སྤྲོའི་ངང་བཤད་བྱུང་།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།