ཀྲུང་གོ་བོད་ཀྱི་དྲ་བ།

ཡིད་ཀྱི་ཆུ་བོ་འདྲེས་ས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : རྣམ་ཤེས་ཕྲ་མོ།   སྤེལ་དུས། : 2022-03-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སེམས་ཀྱི་ཆར་སྤྲིན་ཡུན་དུ་འཁྲིགས་པ་ལས། །

དུངས་པའི་མེ་ཏོག་ཕྲེང་རྒྱུད་བརླན་གྱིས་གསོས། །

འདི་དང་འདི་མིན་ཅི་ཞིག་གླེང་གྱུར་ཀྱང་། །

སེམས་ཀྱིས་འཚོས་པའི་ཡུལ་དེ་དྲན་ཞིང་དྲན། །

སྙིང་གི་དཀྱིལ་ལ་བསྙལ་བའི་ཡིག་ཆུང་འདི། །

བདག་གིས་བླ་ཡིག་བྱས་པའི་དམ་ཚིག་ཡིན། །

ཚེ་རབས་ལས་ཀྱིས་གསོག་པའི་སིལ་ཆང་འདི། །

ཉིན་སྲིབ་འཚོ་བའི་བར་གྱི་ཚེ་ཆང་ཡིན། །

ཆར་སྤྲིན་སྟུག་པོར་འཁྲིགས་པའི་དབྱར་གཞུང་ལ། །

ཞེ་འདང་བརྩེ་བའི་མེ་ཏོག་ལྷུག་པོར་བཞད། །

སྙན་འཇེབས་ངག་རིག་པདྨའི་སྐྱེད་ཚལ་དུ། །

ཚིག་གསུམ་གཏམ་གྱི་འདབ་བརྒྱ་ཕྱོགས་ཀུན་འཕྲོ། །

སྲིད་པའི་གྲོང་ཁྱེར་འདི་ཡི་ཡང་སྟེང་ན། །

དགའ་ཞིང་སྤྲོ་བའི་ངང་དུ་གསོན་གྱུར་ཀྱང་། །

ལས་ཀྱིས་རྙེད་པའི་ཕ་ས་སྨུག་པོ་ལ། །

ཞེན་ཆགས་འཁོར་བའི་དགའ་སྐྱོ་དྲག་ཏུ་གཡོ། །

དེ་ལྟར་བསམ་ཞིང་བསམ་པའི་ཡང་རྩེ་རུ། །

གཏམ་གྱི་ཞལ་ཁ་ཞིག་ཀྱང་འབྱེད་ན་བསམས། །

ཚེ་རབས་ལས་འཕྲོ་ཞིག་གིས་ཡུལ་ལུང་འདིར། །

ན་གཞོན་ཁྱེད་ཅག་མཇལ་བའི་བསོད་ནམས་ལྡན། །

ཞེ་ལ་ཐོགས་པའི་མནར་གཅོད་ཅིག་གིས་ཀྱང་། །

ཡིད་ཁམས་རྒྱ་མཚོ་འདི་ཡང་རབ་ཏུ་སྨྲེང་། །

སྐྱོ་བའི་མིག་ཆུ་གདོང་ནས་མི་འཐོར་བ། །

ན་གཞོན་ཕོ་རབ་ཅིག་གི་རང་ཚུགས་ཡིན། །

ཞོགས་ཀའི་ཉི་འོད་མཁའ་རུ་དལ་གྱིས་བསྐྱོད། །

ལས་ཀྱི་དཔལ་ཡོན་གཙང་པོའི་རླབས་དང་འདྲེས། །

སྡེ་བཞིའི་ཕུན་ཚོགས་རྒྱས་པའི་ལུང་ཁོག་འདིར། །

ཚེ་གང་རྨི་ལམ་རྨི་སའི་ཞིང་ཁམས་ལགས། །

མཚན་མོའི་གློག་འོད་སྟོང་གི་བར་གསེང་ན། །

རྒྱང་རིང་ཁམས་སུ་མིག་གིས་བཙལ་ན་ཡང་། །

ཡིད་ཆུང་དམར་པོ་བརྐུས་པའི་ཡུལ་གྲུ་དེ། །

མ་རྙེད་སེམས་ཀྱི་རྩ་ཡང་བསྐུམས་པར་གྱུར། །

ནམ་མཁའི་ལྷ་ཡིས་གནང་ཞེས་མི་འབོད་ལ། །

ལས་ཀྱི་བཀོད་པ་འགྲིག་སོང་མི་གླེང་ཞིང་། །

དམ་ཚིག་ཆེན་པོས་བྲིས་པའི་ཡིག་འབྲུ་འདི། །

ཡུལ་དེའི་སྒོ་བྱང་སྟེང་དུ་ཤུགས་ཀྱིས་བྲིས། །

སྙན་སྙན་དབྱངས་ལ་སྦྱོར་བའི་སྙན་ཚིག་འདི། །

བདག་གིས་ཁྱོད་ལ་གནང་བའི་ཐོབ་སྐལ་ཡིན། །

རང་ཡུལ་ཕྱོགས་ལ་ཞེ་འདང་གཙང་མ་འདིར། །

འགྱུར་མེད་དམ་ཚིག་སྟོང་གི་ཐམ་ཀ་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།