ཀྲུང་གོ་བོད་ཀྱི་དྲ་བ།

སྣང་མཐུན་མི་ཞིག་ཡོད་ཆོག་ཨང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བཟོ་བཅོས་པ   སྤེལ་དུས། : 2022-03-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྣང་མཐུན་མི་ཞིག་ཡོད་ཆོག     


མི་ཚེ་ཐུར་ལམ་རིང་མོ།།

འགྲོ་སའི་ལམ་བུ་ཀྱག་ཀྱོག།

སྐྱེ་འཆིའི་མགོ་རྐང་བསྒྲིགས་དུས༎

རང་ཉིད་ཁོ་ན་ཡིན་རུང་༎

འཇིག་རྟེན་འདི་རུ་འཚོ་ན༎

སྣང་མཐུན་མི་ཞིག་ཡོད་ཆོག།


དུས་ཚོད་ལྷགས་རླུང་ཐུན་གཅིག། 

གར་འགྲོའི་སྣང་ཆ་མི་ངེས༎

ལོ་གཞོན་དུས་ཚོད་བརྒལ་རྗེས།།

རྒས་དུས་རྒས་སེམས་ཡོད་རུང་༎

སྣང་བ་གནམ་གྱི་སྐབས་ལ༎

སྣང་མཐུན་མི་ཞིག་ཡོད་ཆོག།


རྒྱལ་ཕམ་འཁོར་ལོ་རེས་མོས༎

དམིགས་ཡུལ་ནམ་ཡང་བརྟན་དཀའ༎

ཡར་མར་ལངས་ཞོར་འགྱེལ་ཞོར༎

འཚོ་གནས་ཡང་སྙིང་དཀའ་རུང་༎

ཕུགས་བསམ་གཤོག་པ་ཐོགས་སྐབས༎

སྣང་མཐུན་མི་ཞིག་ཡོད་ཆོག།  

2021ལོའི་ཟླ1པོའི་ཚེས8ཉིན་གྱི་ས་སྲོད་ལ།


གྱེས་གདུང་མིག་ཆུའི་འཕྲིན་པ།  


ད་ཆར་དུས་ཚོད་དྲུག་དང་ཕྱེད་ཀར་ཟིན༎

ཕ་གིའི་རི་མགོར་མཚམས་སྤྲིན་མཛེས་སྡུག་ཆགས།།

ཡིད་སེམས་ཤིན་ཏུ་སྐྱོ་ནས་རྒྱང་ལ་བལྟས།།

རྒྱང་གི་སྙིང་ཉེ་མ་ཉིད་རབ་ཏུ་དྲན༎


ཡིད་ཀྱི་སྐྱོ་བ་གནམ་མཐའི་སྤྲིན་ལ་འདྲེས༎

སྨྲེང་སྐྱོ་སྤྲིན་དང་འདྲེས་ཏེ་ལྷོག་ལྷོག་འཕྱུར།།

སྐྱོ་བའི་འདས་དོན་གདོང་གི་མཆི་མར་ཐིམ༎

མིག་མཐའི་མཆི་མ་ཤམ་ཤམ་བྲང་གཞུང་བརླན༎


ཡུད་ཙམ་རྗེས་སུ་གྲིབ་མས་རི་ལུང་གཡོགས༎

སྙིང་གི་ཁོང་ལ་སྡུག་གི་ན་བུན་འཐིབས༎

སྐྱི་བསེར་རླུང་བུས་སྐྲ་ལོ་བསེད་ཐེངས་རེར༎

ཁེར་རྐྱང་སེམས་ལ་དབང་མེད་གྲང་འདར་རྒྱུགས༎


རིམ་བཞིན་ཉི་མ་ནུབ་རིའི་ཕག་ཏུ་ཡིབ༎

ངུ་མ་དགོད་ཀྱི་ཚོར་སྣང་རབ་ཏུ་སྐྱེན༎

འདབ་ཆགས་ཁེར་བགྲོད་ཚང་མལ་སྙེག་པ་མཐོང་༎

དབང་མེད་ཤུགས་རིང་འབྱིན་བཞིན་མགོ་བོ་སྨད༎


ཧ་ཅང་ཐེག་པར་དཀའ་བའི་ན་ཟུག་འདི༎

ཁ་ལག་འདར་ཞོར་ཡི་གེའི་ཚོགས་པར་བསྟབས༎

གྱེས་བྲལ་གདུང་བ་མ་བཟོད་མཚོན་རྟགས་སུ༎

མིག་ཆུས་བྲིས་ཏེ་འཕྲིན་ཡིག་ཚུལ་དུ་སྦྲན༎

2021ལོའི་ཟླ3པའི་ཚེས9ཉིན་གྱི་མཚན་མོར་ཕ་ཡུལ་ནས་སྦྱར།


སྐྱེ་བ་ཕྱི་མར་སྨོན་ལམ་བཏབ་ཆོག་ཨང་།


མི་འགྱུར་དམ་བཅའ་རང་རང་སེམས་ཉར་ནས།།

ཕལ་ཆེར་ལོ་ངོ་གཅིག་ཡང་རྫོགས་ལ་ཁད།།

ཁྱོད་འདྲའི་གཤིས་འཇམ་བུ་མོ་འདང་ཆེན་ཞིག།

ཚེ་འདིར་ང་ལ་གཏན་ནས་ཐོབ་མ་མྱོང་༎


འུ་གཉིས་ངོ་མ་འཕྲད་ཀྱི་ལོ་ཟླའི་རིང་༎

ཕན་ཚུན་བརྩེ་གདུང་རང་རང་སེམས་སུ་ཉར༎

ལེ་དབར་དྲུག་ཅུ་ལྷག་གི་དཀའ་ངལ་ཡང་།།

འཕྲུལ་རྟའི་གོང་ནས་དྲན་གདུང་སྐྱ་བོས་བརྒལ༎


དགུན་གྱི་ཁ་བ་ས་རུ་འཐོར་ཉིན་རེར༎

སྙིང་གཏམ་ཡོད་ཚད་ཁ་པར་ལམ་ནས་བཤད༎

བརྡ་རྟགས་ཡོད་ཙམ་འདྲ་བའི་རི་སྒང་ནས༎

ཕན་ཚུན་དྲན་གདུང་སྙིང་གཏམ་བཤད་པ་དྲན༎


ཆར་བ་ཤག་ཤག་འབབ་པའི་ཉིན་མོ་རེར༎

ལག་ཟུང་ཕན་ཚུན་དམ་དུ་བཅུག་ནས་བསྡད༎

རྫོགས་མི་ཚར་བའི་སྙིང་གཏམ་དེ་དག་ཀུན༎

ས་སྲོད་སླེབས་སྐབས་བར་དུ་གླེང་བ་དྲན།།


རྗེས་མ་ཟླ་འདིའི་སྔོན་གྱི་ཟླ་ཁུང་ནང་།།

འུ་གཉིས་ཕན་ཚུན་ལས་དབང་མེད་ཟིན་པས༎

ཉིན་ཞིག་ཁ་པར་བཏང་བའི་དུས་རྗེས་སུ༎

གཏན་དུ་དགའ་རོགས་སྒྲིག་པའི་འབྲེལ་ཐག་ཆད༎


འུ་གཉིས་གྱེས་བྲལ་བྱས་ནས་ཟླ་གཅིག་འགོར།།

མིག་ཆུས་ཉིན་ཐོ་བྲིས་ནས་ཡུན་ཙམ་འདིས༎

ཉིན་མཚན་སྡུག་གིས་སྐྱེལ་བའི་ཟླ་ཁུང་འདིས༎

ང་ལ་མཚོན་ན་ལོ་བཅུའི་ཚོར་སྣང་སྟེར༎


འུ་གཉིས་རང་སར་གྱེས་པའི་ལོ་ཟླའི་ཁྲོད༎

ང་ལ་གནམ་འོག་སྟོངས་པའི་ཚོར་སྣང་བྱུང་༎

ཕུགས་འདུན་རྨི་ལམ་སོགས་ཀྱང་གཞི་ནས་བོར༎

བླ་སྲོག་ཁ་ཁར་བཏང་བའི་སྣང་བ་སྦྱིན༎


རང་ལུས་འཇིག་རྟེན་འདི་རུ་ཡོད་ན་ཡང་།།

རང་སེམས་དམྱལ་བའི་ཡུལ་ནས་སྡུག་བསྔལ་མྱངས༎

སྣང་བ་རང་ཡན་ཞིག་གི་ཚོར་ཀློང་དུ།།

དམིགས་གཞི་གང་ཡང་མེད་པར་ཧད་དེ་བཟི༎


ཁེར་རྐྱང་སྐྱོ་གདུང་ཁྲོད་ཀྱི་སྡུག་ངོགས་སུ༎

ང་རང་མཆི་མའི་ཁུད་དུ་ཉལ་ཏེ་ཡོད༎

བདེ་བ་སྐད་ཅིག་ཙམ་ཡང་མི་མཐོང་བའི༎

ཁེར་རྐྱང་འཚོ་བ་མིག་ཆུས་ཟིན་བྲིས་བཏབ༎


འདི་ནི་འབྲོག་ལས་ཁོ་ན་གཉེར་མཁན་གྱི།།

དགའ་རོགས་ཁྱོད་ཀྱི་མི་ཚེའི་ལས་དབང་དང་།།

ཞེ་སེམས་སྡུག་གིས་བཅངས་པའི་ཁེར་རྐྱང་བ༎

སྐྱོ་བའི་བུ་ཆུང་མི་ཚེའི་དྲན་ཤིང་ཉིད།།


མདུན་ལམ་བསམས་ནས་སློབ་གྲྭར་འགྲོ་ཁུལ་བྱས༎

དྲིན་ཆེན་ཕ་མའི་རེ་འདུན་སྒྲུབ་མདོག་བསྟན།།

དོན་གྱི་ངོ་མར་འུ་གཉིས་གྱེས་བྲལ་ནས༎

སློབ་གྲྭ་འདི་ཡང་སུན་སྣང་ཁོ་ནས་བསྐྱལ།།


གཉེན་ཉེའི་རེ་བ་དྲིན་ཆེན་ཕ་མའི་བཀའ༎

རྒྱབ་འགལ་བྱེད་པར་ཧ་ཅང་སྐྲག་དགོས་པས།།

སློབ་མཐར་ཕྱིན་བར་སློབ་གྲྭར་འགྲོ་དགོས་པ།།

ཉམས་ཆུང་བུ་ངར་བསྐོས་པའི་ལས་དབང་ཞིག།


ཨ་ཕྱིའི་ཁ་ཆེམས་ཕ་མའི་འཆར་གཞི་ལྟར༎

ཆ་རྒྱུས་མེད་པའི་སྡེ་བ་དེ་གའི་ནང་༎

མི་འདོད་བཞིན་དུ་བཙན་གྱིས་འགྲོ་དགོས་པ༎

ས་མཐའི་བུ་མོའི་ཚེ་གང་ལན་ཆགས་ཤིག།


མིག་ཆུ་ཁོ་ནས་ཁྱོད་ཀྱི་ཚེ་མ་བསྐྱལ༎

རང་སྲོག་གཅོད་པར་འཆར་གཞི་ཁྱོས་མ་འཇོག།

ཁྱོད་ཉིད་ཡིད་སེམས་སྐྱོ་བར་མ་སྔ་ན།།

སྐྱེ་བ་ཕྱི་མར་སྨོན་ལམ་བཏབ་ཆོག་ཨང་༎

2020ལོའི་ཟླ9བར་སློབ་གྲྭ་ནས་བྲིས།


རྩོམ་པ་པོ་ངོ་སྤྲོད།

微信图片_20220322105134.jpg

དངོས་མིང་ལ་པདྨ་རྒྱ་མཚོ་རུ་འབོད། 2002ལོར་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་བདེ་རྫོང་གི་དུར་བུད་སྡེ་བའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། གསོན་ཡགས་བྱེད་མ་ཐུབ་ཀྱང་ཤི་ཡགས་བྱ་མི་འདོད་པའི་དན་རྟགས་སུ་བཟོ་བཅོས་པ་ཞེས་པའི་པིར་མིང་འདི་རང་གིས་རང་ཉིད་ལ་བསྩལ། ལོ་ལྔ་ལྷག་གི་ཡུན་ལ་ལག་རྩལ་སློབ་གྲྭ་དང་དགོན་སྡེ་རེ་ཟུང་ནས་སློབ་གཉེར་བ་ཞིག་གི་ཁུལ་ཙམ་བཟུང་མྱོང་།  བརྩམས་ཟིན་པའི་བརྩམས་ཆོས་མང་ཤོས་ཤིག རང་ཡུལ་གྱི་དུས་དེབ་དང་།  ཚགས་དེབ།  ཚགས་པར་སྣ་ཚོགས་སུ་བཀོད་མྱོང་། ལྷག་པར་དུ་ད་ལོ་སྔ་རྗེས་སུ་སྙན་རྩོམ་འགའ་ཞིག《རྒྱལ་ཡོངས་ས་ཆེན་དྲ་བ》དང་།  《ཀྲུང་གོ་བོད་ཀྱི་དྲ་བ》《མཚོ་སྔོན་པོ་དྲ་བ》སོགས་སུ་སྤེལ། སྔ་རྗེས་སུ་སློབ་གྲྭ་གང་རུང་ནས་སྙན་ངག་བྱ་དགའ་ཁ་ཤས་རེ་ཡང་བླངས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།