ཀྲུང་གོ་བོད་ཀྱི་དྲ་བ།

འཇམ་མགོན་བླ་མ་དྲན་པའི་ངག་རིག་མགུར་གྱི་མཆོད་པ་རྣམ་ཐར་པདྨོ་རྒྱས་པའི་ཉིན་བྱེད་ཀྱི་ཟུར་རྒྱན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཅོང་ཆུའི་གྲོལ་སྡེ།(སེར་ཤུལ།)   སྤེལ་དུས། : 2021-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོར་རྒྱ་ཆེན་ཐོས་པའི་མེ་ཡིས་ཤེས་བྱའི་ནགས་ཚལ་མང་དུ་བསྲེགས།།

བར་དུ་གཞུང་ལུགས་ཐམས་ཅད་རི་མོ་ཐུགས་ཀྱི་ཡིད་དུ་གདམ་པར་ཤར།།

ཐ་མར་ཉིན་མཚན་ཀུན་ལ་རྒྱལ་བསྟན་དགོངས་དོན་ཇི་བཞིན་ཉམས་སུ་བླངས།།

རྣམ་པར་ཐར་བ་འདི་ཡི་གོ་རིམ་ཇི་བཞིན་འབྲི་བརྩོམ་དབྱངས་ཅན་བསྙེན།།

1

འཇམ་མགོན་བླ་མ་དྲན་བྱུང་།།

བསྟན་འགྲོའི་དོན་ཆེན་དྲན་བྱུང་།།

བགྲང་ཡས་བསྐལ་བ་མང་བོར།།

ཡང་ཡང་བྱོན་པ་དྲན་བྱུང་།།

2

འཇམ་མགོན་བླ་མ་དྲན་བྱུང་།།

ཡབ་ཡུམ་ཟུང་གཅིག་དྲན་བྱུང་།།

བསིལ་ལྡན་སཱ་ལའི་ལྗོངས་སུ།།

བསམ་བཞིན་འཁྲུངས་པ་དྲན་བྱུང་།།

3

འཇམ་མགོན་བླ་མ་དྲན་བྱུང་།།

བག་ཡོད་སྤྱོད་པ་དྲན་བྱུང་།།

ཆུང་ཆུང་བྱིས་པའི་དུས་ནས།།

ཆོས་ལ་གཞོལ་བ་དྲན་བྱུང་།།

4

འཇམ་མགོན་བླ་མ་དྲན་བྱུང་།།

བསྟན་སྒོར་ཞུགས་པ་དྲན་བྱུང་།།

ཀརྨ་རོལ་བའི་རྡོ་རྗེས།།

དགེ་བསྙེན་བསྒྲུབས་པ་དྲན་བྱུང་།།

5

འཇམ་མགོན་བླ་མ་དྲན་བྱུང་།།

སྡོམ་གསུམ་མནོས་པ་དྲན་བྱུང་།།

ཆོས་རྗེ་དོན་གྲུབ་རིན་ཆེན།།

བདུན་པར་ཕྲད་པ་དྲན་བྱུང་།།

6

འཇམ་མགོན་བླ་མ་དྲན་བྱུང་།།

མནལ་ལམ་བཟང་བ་དྲན་བྱུང་།།

ཕྱག་རྡོར་ཨ་ཏི་ཤ་གཉིས།།

བྱོན་པའི་ངང་ཚུལ་དྲན་བྱུང་།།

7

འཇམ་མགོན་བླ་མ་དྲན་བྱུང་།།

དབུས་སུ་ཕེབས་པ་དྲན་བྱུང་།།

ཆོས་ཀྱི་རྒྱལ་བོའི་གསུང་གི།།

བདུད་རྩི་མྱངས་པ་དྲན་བྱུང་།།

8

འཇམ་མགོན་བླ་མ་དྲན་བྱུང་།།

གསོ་དཔྱད་རིག་པ་དྲན་བྱུང་།།

དཀོན་མཆོག་སྐྱབས་ཞེས་ཞུ་བའི།།

མཁན་དང་མཇལ་བ་དྲན་བྱུང་།།

9

འཇམ་མགོན་བླ་མ་དྲན་བྱུང་།།

ཤེར་ཕྱིན་རྩ་འགྲེལ་དྲན་བྱུང་།།

བཀྲ་ཤིས་སེངྒེ་ལ་སོགས།།

ཡོངས་འཛིན་འཕྲེང་བ་དྲན་བྱུང་།།

10

འཇམ་མགོན་བླ་མ་དྲན་བྱུང་།།

བྱམས་ཆོས་སྡེ་ལྔ་དྲན་བྱུང་།།

འཇམ་དབྱངས་རིན་ཆེན་དྲུང་དུ།།

ལེགས་པར་གསན་པ་དྲན་བྱུང་།།

11

འཇམ་མགོན་བླ་མ་དྲན་བྱུང་།།

ཟབ་ཆོས་རྗེས་གནང་དྲན་བྱུང་།།

བླ་མ་བསོད་ནམས་རྒྱལ་མཚན།།

སྤྱི་བོར་བསྟེན་པ་དྲན་བྱུང་།།

12

འཇམ་མགོན་བླ་མ་དྲན་བྱུང་།།

གྲྭ་སྐོར་གནང་བ་དྲན་བྱུང་།།

དགུང་གྲངས་བཅུ་དགུའི་དུས་ལ།།

ཕར་ཕྱིན་རྫོགས་པ་དྲན་བྱུང་།།

13

འཇམ་མགོན་བླ་མ་དྲན་བྱུང་།།

གཙང་ལ་ཕེབས་པ་དྲན་བྱུང་།།

རིན་ཆེན་ས་བཟང་གཉིས་ལས།།

མདོ་སྔགས་ཐོས་པ་དྲན་བྱུང་།།

14

འཇམ་མགོན་བླ་མ་དྲན་བྱུང་།།

སྦྱོར་དྲུག་ཡན་ལག་དྲན་བྱུང་།།

ཕྱོགས་ལས་རྣམ་རྒྱལ་དྲུང་དུ།།

ཁྲིད་སྦྱངས་གནང་བ་དྲན་བྱུང་།།

15

འཇམ་མགོན་བླ་མ་དྲན་བྱུང་།།

མཛོད་དང་ཕར་ཕྱིན་དྲན་བྱུང་།།

དོན་བཟང་ཉ་དཔོན་སྤྱན་སྔར།།

ཡོངས་སུ་སློབ་པ་དྲན་བྱུང་།།

16

འཇམ་མགོན་བླ་མ་དྲན་བྱུང་།།

མཛོད་འགྲེལ་མངོན་པ་དྲན་བྱུང་།།

རྗེ་བཙུན་རེད་མདའི་དྲུང་ནས།།

ཚར་གཅིག་ཐོབ་པ་དྲན་བྱུང་།།

17

འཇམ་མགོན་བླ་མ་དྲན་བྱུང་།།

དབུས་ནས་བཞུགས་པ་དྲན་བྱུང་།།

ལོ་ཆེན་བྱང་ཆུབ་རྩེ་མོར།།

གསན་ཆོས་ཞུས་པ་དྲན་བྱུང་།།

18

འཇམ་མགོན་བླ་མ་དྲན་བྱུང་།།

འདུལ་བར་གནས་པ་དྲན་བྱུང་།།

སྐྱོར་མོ་ལུང་གི་མཁན་པོ།།

བློ་གསལ་བསྟེན་པ་དྲན་བྱུང་།།

19

འཇམ་མགོན་བླ་མ་དྲན་བྱུང་།།

ཀུན་བཏུས་གཟིགས་པ་དྲན་བྱུང་།།

དགུན་གཞུག་གནས་རྙིང་བཞུགས་མཛད།།

ཚིག་དོན་མཁྱེན་པ་དྲན་བྱུང་།།

20

འཇམ་མགོན་བླ་མ་དྲན་བྱུང་།།

བཀའ་བསྟན་གསན་པ་དྲན་བྱུང་།།

ས་སྐྱར་རེད་མདའི་དྲུང་དུ།།

ལུང་མང་ཐོབ་པ་དྲན་བྱུང་།།

21

འཇམ་མགོན་བླ་མ་དྲན་བྱུང་།།

དཔག་མེད་དད་ཤུགས་དྲན་བྱུང་།།

ཆོས་ཀྱི་གྲགས་པའི་རྣམ་འགྲེལ།།

བརྩོན་པས་གཟིགས་པ་དྲན་བྱུང་།།

22

འཇམ་མགོན་བླ་མ་དྲན་བྱུང་།།

སྙན་ངག་གཙུག་རྒྱན་དྲན་བྱུང་།།

ལོ་ཆེན་ནམ་མཁའ་བཟང་པོ།།

བསྟེན་ནས་སྦྱངས་པ་དྲན་བྱུང་།།

23

འཇམ་མགོན་བླ་མ་དྲན་བྱུང་།།

མཁས་ཀུན་གྲགས་པ་དྲན་བྱུང་།།

དབུས་གཙང་སྣར་ཐང་ཕྱོགས་ཀྱི།།

བཀའ་ཆེན་གྲྭ་སྐོར་དྲན་བྱུང་།།

24

འཇམ་མགོན་བླ་མ་དྲན་བྱུང་།།

བསྙེན་རྫོགས་བཞེས་པ་དྲན་བྱུང་།།

མཁན་ཆེན་ཚུལ་ཁྲིམས་རིན་ཆེན།།

བླ་མར་བཀུར་བ་དྲན་བྱུང་།།

25

འཇམ་མགོན་བླ་མ་དྲན་བྱུང་།།

ནཱ་རོ་ཆོས་དྲུག་དྲན་བྱུང་།།

ཆོས་རྗེ་རིན་ཆེན་གྲགས་པའི།།

སྤྱན་སྔར་གཏུག་པ་དྲན་བྱུང་།།

26

འཇམ་མགོན་བླ་མ་དྲན་བྱུང་།།

བཀའ་བསྟན་གཟིགས་ཚུལ་དྲན་བྱུང་།།

ལེགས་བཤད་གསེར་གྱི་ཕྲེང་བ།།

སྐྱི་ཤོད་མཛད་པ་དྲན་བྱུང་།།

27

འཇམ་མགོན་བླ་མ་དྲན་བྱུང་།།

ཕར་ཚད་དབུ་མ་དྲན་བྱུང་།།

འུ་སྟོད་བྱ་བའི་ཡུལ་དུ།།

དམ་ཆོས་གསུངས་པ་དྲན་བྱུང་།།

28

འཇམ་མགོན་བླ་མ་དྲན་བྱུང་།།

དུས་འཁོར་འགྲེལ་ཆེན་དྲན་བྱུང་།།

རྟོགས་ལྡན་ཡེ་ཤེས་རྒྱལ་མཚན།།

ཞབས་ཟུང་མཇལ་བ་དྲན་བྱུང་།།

29

འཇམ་མགོན་བླ་མ་དྲན་བྱུང་།།

མངོན་འདུལ་གསུངས་པ་དྲན་བྱུང་།།

གོང་ཀར་ཆོས་ཀྱི་རྒྱལ་བོའི།།

གསུང་ལྟར་བྱོན་པ་དྲན་བྱུང་།།

30

འཇམ་མགོན་བླ་མ་དྲན་བྱུང་།།

བསྟན་བཅོས་བཅུ་བདུན་དྲན་བྱུང་།།

མོན་དཀར་བཀྲ་ཤིས་གདོང་དུ།།

བཤད་པ་མཛད་པ་དྲན་བྱུང་།།

31

འཇམ་མགོན་བླ་མ་དྲན་བྱུང་།།

འཇིགས་བྱེད་ཐུགས་དམ་དྲན་བྱུང་།།

ཆགས་མེད་སྲོད་ཆོས་གྲོལ་དུས།།

ཐུགས་དམ་གནང་བ་དྲན་བྱུང་།།

32

འཇམ་མགོན་བླ་མ་དྲན་བྱུང་།།

རྟོགས་པ་འཁྲུངས་པ་དྲན་བྱུང་།།

ཡར་ལུང་ཨོ་དཀར་བྲག་ཏུ།།

རྣལ་འབྱོར་བརྩོན་པ་དྲན་བྱུང་།།

33

འཇམ་མགོན་བླ་མ་དྲན་བྱུང་།།

སྐྱོར་མོ་ལུང་རིང་དྲན་བྱུང་།།

སྡེ་སྣོད་འཛིན་པ་མང་པོར།།

ཕར་ཚད་གསུངས་པ་དྲན་བྱུང་།།

34

འཇམ་མགོན་བླ་མ་དྲན་བྱུང་།།

ལྷ་མོ་དབྱངས་ཅན་དྲན་བྱུང་།།

དབུ་མ་བརྩོན་འགྲུས་སེངྒེར།།

རྗེས་གནང་སྩལ་བ་དྲན་བྱུང་།།

35

འཇམ་མགོན་བླ་མ་དྲན་བྱུང་།།

གསང་འདུས་རྩ་རྒྱུད་དྲན་བྱུང་།།

རྗེ་བཙུན་རེད་མདའ་བ་ལས།།

སླར་ཡང་མཉན་པ་དྲན་བྱུང་།།

36

འཇམ་མགོན་བླ་མ་དྲན་བྱུང་།།

འཇམ་དབྱངས་བྱིན་མཐུ་དྲན་བྱུང་།།

དབུ་མ་བརྩོན་འགྲུས་སེངྒེར།།

ཆོས་སྐོར་ཞུས་པ་དྲན་བྱུང་།།

37

འཇམ་མགོན་བླ་མ་དྲན་བྱུང་།།

དུས་ཀྱི་འཁོར་ལོ་དྲན་བྱུང་།།

ཆོས་ཀྱི་དཔལ་བའི་དྲུང་དུ།།

ཐུགས་སུ་ཆུད་པ་དྲན་བྱུང་།།

38

འཇམ་མགོན་བླ་མ་དྲན་བྱུང་།།

ཡོ་གའི་དཀྱིལ་འཁོར་དྲན་བྱུང་།།

བྲི་ཐིག་གར་དབྱངས་ཕྱག་རྒྱ།།

མཐའ་དག་སྦྱངས་པ་དྲན་བྱུང་།།

39

འཇམ་མགོན་བླ་མ་དྲན་བྱུང་།།

ཟབ་ཡངས་བཀའ་ཆོས་དྲན་བྱུང་།།

ཆེན་པོ་ཕྲེང་བ་སྐོར་གསུམ།།

ཐུགས་སྦྱོངས་འདྲེས་པ་དྲན་བྱུང་།།

40

འཇམ་མགོན་བླ་མ་དྲན་བྱུང་།།

རྒྱུད་སྡེའི་བཀའ་ལུང་དྲན་བྱུང་།།

སྔགས་འཆང་ཁྱུང་བོ་ལྷས་པའི།།

ཞབས་དྲུང་བཅར་བ་དྲན་བྱུང་།།

41

འཇམ་མགོན་བླ་མ་དྲན་བྱུང་།།

རྒྱུད་དང་རྒྱ་གཞུང་དྲན་བྱུང་།།

ཆོས་རྗེ་རྒྱལ་མཚན་གྲགས་པར།།

རྩ་རྒྱུད་གསན་པ་དྲན་བྱུང་།།

42

འཇམ་མགོན་བླ་མ་དྲན་བྱུང་།།

དྲི་བ་མཛད་ཚུལ་དྲན་བྱུང་།།

བླ་མ་དབུ་མས་མཚམས་སྦྱར།།

འཇམ་དབྱངས་ཞལ་མཇལ་དྲན་བྱུང་།།

43

འཇམ་མགོན་བླ་མ་དྲན་བྱུང་།།

ལྷག་ལྷའི་ཞལ་གཟིགས་དྲན་བྱུང་།།

བླ་མ་ཡི་དམ་ངོ་བོ།།

དབྱེར་མེད་སྒོམ་པ་དྲན་བྱུང་།།

44

འཇམ་མགོན་བླ་མ་དྲན་བྱུང་།།

བསགས་སྦྱངས་བརྩོན་པ་དྲན་བྱུང་།།

འོལ་ཁ་ཆོས་ཀྱི་ལུང་བར།།

འཁོར་བརྒྱད་བཞུགས་པ་དྲན་བྱུང་།།

45

འཇམ་མགོན་བླ་མ་དྲན་བྱུང་།།

ཡན་ལག་ཆོ་ག་དྲན་བྱུང་།།

བདེ་གཤེགས་སུམ་ཅུ་སོ་ལྔ།།

མངོན་སུམ་གཟིགས་པ་དྲན་བྱུང་།།

46

འཇམ་མགོན་བླ་མ་དྲན་བྱུང་།།

རྫིང་ཕྱིའི་ཇོ་བོ་དྲན་བྱུང་།།

མཇལ་ཁ་ཐེངས་གཅིག་ཞུས་པས།།

ཉམས་སྣང་སྣ་ཚོགས་དྲན་བྱུང་།།

47

འཇམ་མགོན་བླ་མ་དྲན་བྱུང་།།

བྱིན་གྱིས་བརླབས་པ་དྲན་བྱུང་།།

རྫང་ཕྱིའི་གཙུག་ལག་ཁང་ཆེན།།

རབ་གནས་མཛད་པ་དྲན་བྱུང་།།

48

འཇམ་མགོན་བླ་མ་དྲན་བྱུང་།།

དཔོན་སློབ་ཐུགས་མཐུན་དྲན་བྱུང་།།

ལྷོ་བྲག་གྲུབ་ཆེན་མདུན་གྱི།།

ལམ་རིམ་གསན་སྦྱངས་དྲན་བྱུང་།།

49

འཇམ་མགོན་བླ་མ་དྲན་བྱུང་།།

ཡང་དག་དོན་བསྟོད་དྲན་བྱུང་།།

རྒྱལ་ཚབ་མི་ཕམ་མགོན་པོར།།

བསྟོད་ཆེན་མཛད་པ་དྲན་བྱུང་།།

50

འཇམ་མགོན་བླ་མ་དྲན་བྱུང་།།

འཁོར་ལོའི་སྡོམ་པ་དྲན་བྱུང་།།

བདག་འཇུག་ལེགས་པར་བཞེས་པའི།།

དཔོན་སློབ་སུམ་ཅུ་དྲན་བྱུང་།།

51

འཇམ་མགོན་བླ་མ་དྲན་བྱུང་།།

ལུང་བསྟན་གནང་བ་དྲན་བྱུང་།།

ཞག་བཞུགས་རྨི་ལམ་ཞིང་དུ།།

བྱམས་མགོན་ཕེབས་པ་དྲན་བྱུང་།།

52

འཇམ་མགོན་བླ་མ་དྲན་བྱུང་།།

གཉལ་སྨད་བཞུགས་པ་དྲན་བྱུང་།།

བཅོམ་ལྡན་འཁོར་ལོ་དཔའ་གཅིག།

གཟིགས་སྣང་བྱུང་བ་དྲན་བྱུང་།།

53

འཇམ་མགོན་བླ་མ་དྲན་བྱུང་།།

བསྟན་པའི་ཞབས་ཏོག་དྲན་བྱུང་།།

དམ་ཆོས་འདུལ་བའི་ཆོས་སྐོར།།

མང་དུ་བསྐྱངས་པ་དྲན་བྱུང་།།

54

འཇམ་མགོན་བླ་མ་དྲན་བྱུང་།།

གདུལ་བྱ་སྨིན་མཛད་དྲན་བྱུང་།།

གཉལ་གྱི་སྤངས་ཆུང་སྟེང་དུ།།

དགེ་སྐུལ་མཛད་པ་དྲན་བྱུང་།།

55

འཇམ་མགོན་བླ་མ་དྲན་བྱུང་།།

ཐུགས་ཀྱི་སྲས་གཅིག་དྲན་བྱུང་།།

རྒྱལ་ཚབ་དར་མ་རིན་ཆེན།།

སྤྱན་སྔར་བྱོན་པ་དྲན་བྱུང་།།

56

འཇམ་མགོན་བླ་མ་དྲན་བྱུང་།།

ལྷ་ལྡིངས་དགོན་པ་དྲན་བྱུང་།།

དགོན་ནང་རྨི་ལམ་ནང་གི།།

སངས་རྒྱས་བསྐྱངས་ཁོང་དྲན་བྱུང་།།

57

འཇམ་མགོན་བླ་མ་དྲན་བྱུང་།།

ལེགས་བཤད་སྙིང་བོ་དྲན་བྱུང་།།

བུད་ངྷ་པ་ལི་གཟིགས་ནས།།

ལྟ་བ་འཁྲུངས་པ་དྲན་བྱུང་།།

58

འཇམ་མགོན་བླ་མ་དྲན་བྱུང་།།

མཆོད་པ་ཕུལ་བ་དྲན་བྱུང་།།

རྫིང་ཕྱིའི་ཇོ་བོའི་མདུན་དུ།།

དུས་མཆོད་མཛད་པ་དྲན་བྱུང་།།

59

འཇམ་མགོན་བླ་དྲན་བྱུང་།།

དབུ་འདུལ་གསུངས་པ་དྲན་བྱུང་།།

ཕོ་བྲང་པོ་ཏ་ལ་རུ།།

བློ་གསལ་བསྐྱངས་པ་དྲན་བྱུང་།།

60

འཇམ་མགོན་བླ་མ་དྲན་བྱུང་།།

རེད་མདའ་དཔོན་སློབ་དྲན་བྱུང་།།

རྭ་བསྒྲེང་ཕྱོགས་སུ་ཕེབས་ནས།།

ཟབ་ཆོས་གསུངས་པ་དྲན་བྱུང་།།

61

འཇམ་མགོན་བླ་མ་དྲན་བྱུང་།།

འདུལ་བ་དག་ཐེར་དྲན་བྱུང་།།

ཡབ་སྲས་སྐྱབས་མཆོག་དཔལ་བཅས།།

སྟོད་ལུང་གདན་འཛོམས་དྲན་བྱུང་།།

62

འཇམ་མགོན་བླ་མ་དྲན་བྱུང་།།

བྱང་ཆུབ་ལམ་རིམ་དྲན་བྱུང་།།

ལོ་ཆེན་སྐྱབས་མཆོག་དཔལ་བས།།

ཞུས་བཞིན་བརྩམས་པ་དྲན་བྱུང་།།

63

འཇམ་མགོན་བླ་མ་དྲན་བྱུང་།།

འཆད་ཉན་མཛད་པ་དྲན་བྱུང་།།

ཚད་མའི་ངོ་བོ་གོ་རིམ།།

ཕལ་ཆེར་ལམ་བསྟུན་དྲན་བྱུང་།།

64

འཇམ་མགོན་བླ་མ་དྲན་བྱུང་།།

དབུ་ཚད་དཀའ་གནད་དྲན་བྱུང་།།

དད་ལྡན་བུ་སློབ་མང་བོར།།

དེ་ཉིད་བཀྲོལ་བ་དྲན་བྱུང་།།

65

འཇམ་མགོན་བླ་མ་དྲན་བྱུང་།།

སྔགས་རིམ་བརྩམས་པ་དྲན་བྱུང་།།

འོལ་ཁ་བྱམས་པ་གླིང་གི།།

གསང་སྔགས་ཉམས་རྟོགས་དྲན་བྱུང་།།

66

འཇམ་མགོན་བླ་མ་དྲན་བྱུང་།།

གསང་སྔགས་བཤད་ལུང་དྲན་བྱུང་།།

སྡེ་སྣོད་འཛིན་པ་དུ་མར།།

ཁྲིད་སྦྱངས་གནང་བ་དྲན་བྱུང་།།

67

འཇམ་མགོན་བླ་མ་དྲན་བྱུང་།།

སེ་ར་ཆོས་སྡིངས་དྲན་བྱུང་།།

དྲང་ངེས་རྩ་ཤེས་ཊཱིཀ་ཆེན།།

ཟུང་གཅིག་བརྩམས་པ་དྲན་བྱུང་།།

68

འཇམ་མགོན་བླ་མ་དྲན་བྱུང་།།

དགེ་ལེགས་དཔལ་བཟང་དྲན་བྱུང་།།

སྲས་ཀྱི་ཐུ་བོ་གཉིས་པ།།

མཚམས་སྦྱར་འོང་བ་དྲན་བྱུང་།།

69

འཇམ་མགོན་བླ་མ་དྲན་བྱུང་།།

རྒྱ་ནག་ཕོ་ཉ་དྲན་བྱུང་།།

གོང་མའི་གསེར་ཡིག་ཕུལ་ཡང་།།

ཆིབས་བསྒྱུར་མེད་པ་དྲན་བྱུང་།།

69

འཇམ་མགོན་བླ་མ་དྲན་བྱུང་།།

དགེ་འདུན་སྟོང་ཕྲག་དྲན་བྱུང་།།

ལམ་སྔགས་ཆོས་ཀྱི་ཕུང་བོ།།

གསུང་བསྐལ་བྱུང་བ་དྲན་བྱུང་།།

70

འཇམ་མགོན་བླ་མ་དྲན་བྱུང་།།

སྨོན་ལམ་སྟ་གོན་དྲན་བྱུང་།།

རྭ་ས་གཙུག་ལག་ཁང་གི།།

རྟེན་བཞེངས་ཞིག་གསོ་དྲན་བྱུང་།།

71

འཇམ་མགོན་བླ་མ་དྲན་བྱུང་།།

རྒྱལ་བ་དགྱེས་པ་དྲན་བྱུང་།།

གླང་ལོའི་ཧོར་ཟླ་དང་བོའི།།

མཆོད་པའི་སྤྲིན་ཕུང་དྲན་བྱུང་།།

72

འཇམ་མགོན་བླ་མ་དྲན་བྱུང་།།

ཐུགས་སྨོན་གནང་བ་དྲན་བྱུང་།།

ཇོ་ཤཱཀ་རྣམ་གཉིས་དབུ་ལ།།

རིན་ཆེན་རྒྱན་པ་དྲན་བྱུང་།།

73

འཇམ་མགོན་བླ་མ་དྲན་བྱུང་།།

འབྲོག་རི་དགའ་ལྡན་དྲན་བྱུང་།།

གནས་གཟིགས་མཛད་པས་དུས་ལ།།

ངོ་མཚར་བྱུང་བ་དྲན་བྱུང་།།

74

འཇམ་མགོན་བླ་མ་དྲན་བྱུང་།།

སླར་ཡང་སེ་ར་དྲན་བྱུང་།།

མདོ་སྔགས་ཟབ་ཆོས་མང་བོ།།

ཅི་དགུར་བསྩལ་བ་དྲན་བྱུང་།།

75

འཇམ་མགོན་བླ་མ་དྲན་བྱུང་།།

ཟངས་རིར་བྱོན་པ་དྲན་བྱུང་།།

སྤྱན་སྔ་བསོད་ནམས་བཟང་པོས།།

གསོལ་བ་བཏབ་པ་དྲན་བྱུང་།།

76

འཇམ་མགོན་བླ་མ་དྲན་བྱུང་།།

དགའ་ལྡན་ཕྱག་བཏབ་དྲན་བྱུང་།།

རྒྱལ་ཚབ་ཆོས་ཀྱི་རྗེ་ལ།།

བཀའ་སློབ་གནང་དྲན་བྱུང་།།

77

འཇམ་མགོན་བླ་མ་དྲན་བྱུང་།།

རིམ་ལྔ་གསལ་སྒྲོན་དྲན་བྱུང་།།

འཆད་རྩོད་རྩོམ་པའི་དེ་གར།།

ཉིན་མཚན་འདའ་བ་དྲན་བྱུང་།།

78

འཇམ་མགོན་བླ་མ་དྲན་བྱུང་།།

དགུང་གྲངས་ལྔ་བཅུ་དྲན་བྱུང་།།

སྐུ་ཚེ་ཟླ་བཞིན་འཕེལ་བའི།།

རིམ་གྲོ་མཛད་པ་དྲན་བྱུང་།།

79

འཇམ་མགོན་བླ་མ་དྲན་བྱུང་།།

མི་དབང་གྲགས་རྒྱན་དྲན་བྱུང་།།

འོན་གྱི་བཀྲ་ཤིས་དོ་ཁར།།

ལེགས་པར་ཕེབས་པ་དྲན་བྱུང་།།

80

འཇམ་མགོན་བླ་མ་དྲན་བྱུང་།།

སྔགས་ཀྱི་བསྟན་བཅོས་དྲན་བྱུང་།།

བདེ་མཆོག་ལཱུ་ཨི་པ་ཡི།།

ཊིཀ་ཆེན་བརྩམས་པ་དྲན་བྱུང་།།

81

འཇམ་མགོན་བླ་མ་དྲན་བྱུང་།།

གསང་སྔགས་བསྟན་རྒྱས་དྲན་བྱུང་།།

དཀྱིལ་འཁོར་སྒྲུབ་མཆོད་བཞེངས་ནས།།

འཕྲིན་ལས་ཁྱབ་པ་དྲན་བྱུང་།།

82

འཇམ་མགོན་བླ་མ་དྲན་བྱུང་།།

གངས་ཁྲོད་འགྲན་མེད་དྲན་བྱུང་།།

འཁོར་ལོ་གསུམ་གྱི་མཛད་བཟང་།།

བསྟན་འགྲོར་ཕན་པ་དྲན་བྱུང་།།

83

འཇམ་མགོན་བླ་མ་དྲན་བྱུང་།།

ལྷ་སར་ཕེབས་པ་དྲན་བྱུང་།།

མཛད་པ་ཐ་མ་ཉེ་དུས།།

ཇོ་ཤཱཀ་མཆོད་པ་དྲན་བྱུང་།།

84

འཇམ་མགོན་བླ་མ་དྲན་བྱུང་།།

ཐུགས་བཞེད་བསྐངས་པ་དྲན་བྱུང་།།

དཔལ་ལྡན་འབྲས་དཀར་སྤུངས་སུ།།

གྲྭ་ཚང་སྤེལ་བ་དྲན་བྱུང་།།

85

འཇམ་མགོན་བླ་མ་དྲན་བྱུང་།།

སེ་རར་ཕེབས་པ་དྲན་བྱུང་།།

བྱམས་ཆེན་ཆོས་ཀྱི་རྗེ་ལ།།

བཀའ་སློབ་གནང་བ་དྲན་བྱུང་།།

86

འཇམ་མགོན་བླ་མ་དྲན་བྱུང་།།

རྒྱ་ཆེའི་ཐུགས་སྨོན་དྲན་བྱུང་།།

ཡངས་པ་ཅན་དུ་ཕེབས་ནས།།

སྨོན་ལམ་བཏབ་པ་དྲན་བྱུང་།།

87

འཇམ་མགོན་བླ་མ་དྲན་བྱུང་།།

རླབས་ཆེན་མཛད་པ་དྲན་བྱུང་།།

ས་ཕག་བཅུ་བའི་ཉེར་ལྔར།།

དགའ་ལྡན་གཤེགས་ཚུལ་དྲན་བྱུང་།།

89

འཇམ་མགོན་བླ་མ་དྲན་བྱུང་།།

རྣམ་ཐར་རྒྱ་མཚོ་དྲན་བྱུང་།།

དེ་ལས་ཆུ་ཐིགས་ཙམ་ཞིག།

བརྗོད་ནུས་དགའ་བ་དྲན་བྱུང་།།

ཅེས་རྒྱལ་བ་ཐམས་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་འདུས་པའི་ངོ་བོ་ཁམས་གསུམ་འགྲོ་བའི་བླ་མ་ཙོང་ཁ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཀྱི་རྣམ་ཐར་ཕྱོགས་ཙམ་བརྗོད་པའི་དོན་བརྗོད་སྙན་ངག་འབྲིང་གྲས་འདི་ཉིད་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས་མཛད་པའི་རྣམ་ཐར་དད་པའི་འཇུག་ངོགས་ལ་སྔར་རང་ཉིད་ཐེངས་གཅིག་མཇལ་མྱོང་བའི་བག་ཆགས་བཟང་བོའི་རྐྱེན་བྱས་ཐོགས་༧རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་གྱི་ཚིགས་སུ་བཅད་པ་རྣམ་ཐར་པདྨོ་རྒྱས་པའི་ཉིན་བྱེད་ལ་བརྗོད་བྱ་དང་བརྗོད་བྱེད་གཉིས་ཀྱི་ཆ་ནས་སྒོ་ཀུན་ནས་བསྟུན་པ་འདི་ཉིད་རང་གིས་དམ་པའི་རྩོམ་རྩལ་ལ་སློབ་སྦྱོང་དང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་ཞིག་ཏུ་བསམ་ནས་མདོ་ཁམས་ས་ཡི་ཐིག་ལེ་བྱང་ཉི་མ་རྫ་ཆུ་ཁའི་དཔལ་མཉམ་མེད་རི་བོ་དགེ་ལུགས་པའི་རང་ལུགས་དྲི་མ་མེད་པ་འཛིན་པའི་ཆོས་སྡེ་ཆེན་པོ་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་གི་འདུས་མང་ཉིས་སྟོང་ཉེ་བའི་གྲལ་མཐའ་བ་ཅོང་ཆུའི་གྲོལ་སྡེ་རུ་འབོད་པའི་རབ་གནས་ལྕགས་གླང་ལོའི་བོད་ཟླ་༡༠བའི་ཚེས་༡༢ཉིན་རེས་གཟའ་ལྷག་དཀར་དང་བསྟུན་ནས་མཇུག་ལེགས་པར་བགྱིས་པ་དགེ་ལེགས་སུ་གྱུར་ཅིག

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།