ཀྲུང་གོ་བོད་ཀྱི་དྲ་བ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཁྲི་གོང་ཨོ་རྒྱན་ཚེ་རིང་།   སྤེལ་དུས། : 2021-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20211221141111.jpg

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

                          ཁྲི་གོང་ཨོ་རྒྱན་ཚེ་རིང་།

         

          གཅིག

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ནི་བདག་གི་སེམས་ཁོང་ན་ནམ་ཡང་འཇགས་མཐའ་མེད་པའི།

མིད་པའི་ཕྲེང་ན་ཁད་ཀྱིས་མཆོང་ཉེན་ཆེ་ཞིང་།

བརྩེ་བས་བརླན་པའི་གློ་སྙིང་བར་གྱི་ན་ཟུག་དྲོན་མོ་དེའམ།

གང་ལ་བྲེལ་ཞིང་སྨྲེང་བའི་འཕར་ལྡིང་ཆུང་ཆུང་སྟེ།

མིག་གི་ཁ་ན་མཆི་མའི་ཆར་སྤྲིན་མེད་ཀྱང་།

བ་སྤུའི་བུ་ག་རེ་རེ་ནས་བདུད་རྩིའི་ཚུལ་གྱིས་འཛུམ་ཞིང་།

རང་ལུས་ཤེལ་གྱི་གུར་ཁང་དུ།

མཚན་མའི་ཆར་རྒྱུན་བཞིན་ཡང་ནས་ཡང་དུ་འབབ་པར་གྱུར།

         

             གཉིས།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ནི་མི་རྣམས་ཀྱི་སེམས་ཁོང་ན་བཞད་ཅིང་།

ཤེས་རིག་གི་སྦུབས་སུ་བཞུར་བའི་འཆོར་སྒེག་གི་འདུ་འཛི་དང་།

འདོད་ཡོན་གྱིས་འཇོ་བའི་རིག་བྱེད་རྒྱལ་མོ་སྟེ།

བདག་ལ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང་།

གཡུ་ཡི་མཎྡལ། དེ་བཞིན་གདུགས་དང་རྒྱལ་མཚན།

དུང་དང་རྒྱ་གླིང་། མར་མེ་དང་བདུག་སྤོས།

མེ་ཏོག་ལ་སོགས་མེད་ཀྱང་། ཁོ་བོའི་སེམས་ཀྱི་ལྡིང་ཁང་དུ།

སྔ་མོ་ནས་ག་ལེར་གདན་འདྲེན་ཞུ་བསམས་ཡོད།

        

            གསུམ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་རང་ཕྱི་ནང་གསང་བའི་མཆོད་སྤྲིན་གྱི་ཆིབས་སུ་བཞུགས་ན།

བདག་གིས་ཉི་ཟླས་བརྒྱན་པའི་མི་མཇེད་ཀྱི་འཇིག་རྟེན་འདི།

གང་གི་སྤྲོས་བ་བྲལ་བའི་ཞིང་ཁམས་ཤིག་ལ་དམིགས་ཏེ།

ཡ་རབས་གུས་ཞབས་དང། འཚེ་བ་མེད་པ། སྨོན་འཇུག

སྟོང་རྟེན་འབྲེལ་གྱི་འདུ་ཤེས་ཟབ་མོ་ཞིག་དང་སྤྱོད་པ་ཡང་དག་ཅིག་གིས།

ཁོ་བོའི་འཚོ་གཞེས་ཁྲོད་དུ་ཞུས་ཚེ། ཁྱེད་རང་

ལྟ་བ་ཟབ་མོ་གང་གི་མཁའ་ན་འཕྱོ་བའི་ཁྱུང་ཆེན་བཞིན།

ཁོ་བོའི་རྨི་ལམ་མམ། ཡང་ན་འཚོ་བའི་འདུར་རྒྱུག་ཁྲོད་དུ།

ཞོགས་པའི་ཉི་གཞོན་དང་བཅོ་ལྔའི་དུང་ཟླའམ།

ཤ་རུས་གདོས་བཅས་ཀྱི་གཟུགས་སུ་འཕོས་པའི་སྨན་ཤར་བུ་མོ་བཞིན་

ཅི་ལ་མི་ཕེབས།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།


             བཞི།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ཆུ་སྐྱེས་རྒྱས་པ་ལྟ་བུའི་ཁ་དོག་དང་ལང་ཚོ།

མེ་ཏོག་ཨུཏྤལའི་སྤྱན་དཀྱུས། རི་དྭགས་ཨེ་ན་ཡའི་མིག་ཟུང་།

བདུད་རྩིའི་བུམ་པའི་མཆུ་སྒྲོས། དྲི་ཟའི་བུ་མོའི་ལུས་གཟུགས།

ཁྱེད་ལ་མཁའ་ཁྱབ་མཛེས་སྡུག་ཡོད་ཚད་ཅིག་ཅར་བསྡུས་པའི།

བསིལ་བསེར་རླུང་གི་འཇམ་ཤ་དང་ཏིང་འཛིན་ཟབ་མོའི་ཤན་སྦྱངས་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

གཟུགས་ཀྱི་ཉམས་འགྱུར་བར་མེད་འགྱེད་པའི་རྡོ་རྗེ་ཡིད་འཕྲོག་མ།

བདག་གི་ལྷ་མོ་སྒེག་མོ་མ། དལ་མོར་ཕེབས་དང་།

མཛེས་པས་གཙང་པོ་དང་རྒྱ་མཚོའི་རླབས་རྒྱུན་ཡང་འགོག་ན།

བདག་ལ་ཕྱི་ནང་གསང་བའི་མཛེས་སྡུག  མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ཐར་བའི་མགྲོན་ལ་དགུག་པར་ཕེབས་དང་།


            ལྔ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་བསིལ་ཟེར་ཟླ་བ་སྐྱེངས་པའི་ཞལ་རས་དང་འཛུམ་མདངས།

གསེར་གྱི་སྙན་ཤལ། དངུལ་གྱི་ལག་གདུབ།

གཡུ་དང་བྱུ་རུའི་མགུལ་རྒྱན། ནོར་བུའི་དོ་ཤལ།

ཁྱེད་ལ་སྲིད་གསུམ་ནོན་པའི་འཆོར་སྒེག་འཛུམ་གྱིས་གྲོལ་བའི།

ཀླུ་རྒྱལ་གཙུག་གི་འབྱོར་ཕྱུག་དང་རི་ཁྱིམ་ངང་བའི་གོམ་འགྲོས་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

འདོད་པའི་ཡོན་ཏན་ཁྲི་ཕྲག་གིས་ཕྱུག་པའི་རྡོ་རྗེ་ནོར་བུ་མ།

བདག་གི་ལྷ་མོ་ཕྲེང་བ་མ། དལ་མོར་ཕེབས་དང་།

འབྱོར་བས་དགའ་བ་དང་མྱ་ངན་གྱི་མཐིལ་ཡང་བཀོག་ན།

བདག་ལ་ཡིད་བཞིན་ནོར་བུའི་གསང་བ། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་དབུལ་ཕོངས་ཀྱི་ནད་ལས་བསྒྲལ་བར་ཕེབས་དང་།


              དྲུག

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་པུཎྡ་རི་ཀའི་ལང་ཚོ་དང་ཚངས་དབྱངས།

ཀུ་ཤུ་དམར་པོའི་མཁུར་ཚོས། ཀ་ལ་པིང་ཀའི་གསུང་སྙན།

བྱང་སེམས་དགུ་འགྱུར་ཕྲ་མོ། གསང་བ་སྔགས་ཀྱི་འགྱུར་ཁུགས།

ཁྱེད་ལ་གྲེ་འགྱུར་སྟོང་གིས་ཁམས་གསུམ་བསྣོལ་མར་བརྡོལ་བའི།

རྨ་འབྲི་ཆུ་བོའི་བཞུར་རྒྱུན་དང་ཁུ་བྱུག་སྔོན་མོའི་གསུང་དབྱངས་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

གསུང་དབྱངས་ཡན་ལག་དྲུག་ཅུའི་སྤྲུལ་བ་རྡོ་རྗེ་གླུ་ལེན་མ།

བདག་གི་ལྷ་མོ་གསུང་དབྱངས་མ། དལ་མོར་ཕེབས་དང་།

སྙན་འཇེབས་གླུ་ཡིས་འགྲོ་དྲུག་མཆི་མས་སྦངས་ན།

བདག་ལ་གསུང་དབྱངས་ཀུན་གྱི་ཉིང་བཅུད། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་མ་རིག་གཉིད་ལས་སད་པར་ཕེབས་དང་།


             བདུན།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་བུང་བ་པདྨའི་ཚལ་ན་གཡོ་བའི་ཉམས་འགྱུར་དང་ཟུར་མིག

ཁྲུང་ཁྲུང་དཀར་མོའི་སྟངས་སྟབས། ལྕང་ལྕུག་ཕྲ་མོའི་ལྡེམ་མྱུར།

ཕྱག་གཡས་འདབ་སྟོང་གེ་སར། ཕྱག་གཡོན་དར་ཟབ་འཕྱང་འཕྲུལ།

ཁྱེད་ལ་ལྕུག་ཕྲན་སོར་མོའི་གློག་ཞགས་གར་ལ་བརྫུ་བའི།

མེ་ལྕེའི་དམར་པོའི་ངང་རྒྱུད་དང་གཡུ་འབྲུག་སྔོན་མོའི་འཁྱུག་རྩལ་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

སྣོད་བཅུད་ཉམས་འགྱུར་འབུམ་གྱིས་རྩེན་པའི་རྡོ་རྗེ་གཡོ་ལྡན་མ།

བདག་གི་ལྷ་མོ་གར་མཁན་མ། དལ་མོར་ཕེབས་དང་།

སྟངས་སྟབས་གར་གྱིས་རི་ཀླུང་མྱོས་པར་བྱེད་ན།

བདག་ལ་སྡུག་བསྔལ་སེལ་བའི་ཐབས་དང་ཤེས་རབ། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་སྡིག་ལྟུང་རྙི་ལས་བསྒྲལ་བར་ཕེབས་དང་།


           བརྒྱད།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་བཅུ་དྲུག་ལང་ཚོས་མྱོས་པའི་རྣམ་འགྱུར་དང་སོ་ཕྲེང་།

འཇའ་ཚོན་སྣ་ལྔའི་དར་ཟབ། ཙན་དན་སྡོང་པོའི་དྲི་ཞིམ།

བཟང་དྲུག་སྨན་གྱི་སྤོས་ཕོར། ཟག་མེད་བདེ་བའི་དྲི་ངད།

ཁྱེད་ལ་ཆུ་ཕྲན་སྔོན་མོའི་ཝུ་དཀར་དྲི་བཟང་སྨན་ལ་ཕབ་པའི།

གསང་བ་མཛོད་ཀྱི་མན་ངག་དང་སྡིག་གྲིབ་བསང་བའི་ཕྱག་ལེན་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

ཉོན་མོངས་གྲིབ་སྐྱོན་མ་ལུས་བསང་བའི་རྡོ་རྗེ་བདུག་སྤོས་མ།

བདག་གི་ལྷ་མོ་སྤོས་ཕོར་མ། དལ་མོར་ཕེབས་དང་།

ཙན་དན་སྡོང་པོས་དུག་སྦྲུལ་སྙིང་པོར་བྱེད་ན།

བདག་ལ་འཇིག་རྟེན་ནད་ལས་སངས་པའི་མན་ངག  མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ཉེས་སྐྱོན་རྡང་ལས་དབབ་པར་ཕེབས་དང་།


            དགུ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ཚངས་དབང་བུ་མོའི་འཇོ་སྒེག་དང་དཀར་ཤ

མཉེན་ཞིང་འཁྲིལ་བའི་སྐུ་ལུས། འཇམ་ཞིང་མཉེན་པའི་ཕྱག་སོར།

དབྱར་གསུམ་རླུང་གི་རེག་བྱ། བཅོ་ལྔའི་ཟླ་བའི་ཞལ་རས།

ཁྱེད་ལ་ཟླ་བའི་བསིལ་ཟེར་བློས་བསླངས་གཟུགས་ལ་བསྙལ་བའི།

མཛེས་སྡུག་ལུས་ཀྱི་སྲེད་པ་དང་དགའ་བ་འབུམ་གྱི་དགྱེས་སྟོན་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

བྱ་དང་བྱེའུས་ཀྱང་མཆིལ་མ་དབང་མེད་ཟགས་པའི་རྡོ་རྗེ་སྨིན་ལེགས་མ།

བདག་གི་ལྷ་མོ་མེ་ཏོག་མ། དལ་མོར་ཕེབས་དང་།

གཟུགས་སོགས་ལང་ཚོས་འཇིག་རྟེན་ཆགས་པར་དཀུ་ན།

བདག་ལ་ཉོན་མོངས་གདུང་བའི་དཀའ་ཐུབ་ཀྱི་མཆོད་ཡོན། མྱུར་བར་སྩོལ་

བཞིན།

མ་གྱུར་སེམས་ཅན་ལ་བཟོད་པའི་གོ་ཆ་བགོ་བར་ཕེབས་དང་།

 

             བཅུ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ཞོགས་པའི་མཚམས་སྤྲིན་ལ་འཁུ་བའི་མཁུར་ཚོས་དང་འཆོར་སྒེག

ཤེས་རབ་འོད་ཀྱི་མར་མེ། ཕྱི་ནང་གསལ་བའི་གུར་ཁང་།

རྣམ་པར་དག་པའི་སྤྱན་ཟུང་། དཔྲལ་བ་ཤེལ་གྱི་མེ་ལོང་།

ཁྱེད་ལ་འཁོར་འདས་མཉམ་རྗེས་ཀློང་ལས་འཕོས་པའི།

ལེགས་ཉེས་བླང་དོར་དང་མ་རིག་མུན་པ་སེལ་བའི་ཉི་ཟླའི་སྒྲོན་མེ་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

ལས་འབྲར་ལྡོངས་པའི་སྨག་མུན་ཅིག་ཅར་སེལ་མཛད་རྡོ་རྗེ་སྒྲོན་མེ་མ།

བདག་གི་ལྷ་མོ་སྣང་གསལ་མ། དལ་མོར་ཕེབས་དང་།

མ་རིག་མུན་པས་འཇིག་རྟེན་འཐོམ་པར་བྱེད་ན།

བདག་ལ་དེ་ཉིད་གསལ་བའི་མིག་གཅིག  མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ཤེས་རབ་སྡིངས་ཆར་འགོད་པར་ཕེབས་དང་།


           བཅུ་གཅིག

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ལྷ་ཡི་བུ་མོ་སྟོང་གི་འཛུམ་བག་དང་བཀྲགས་མདངས།

ཨུཏྤལ་རྣམ་བཞིའི་དྲི་བསུང་། དྲི་ངད་དཔལ་གྱི་དགྱེས་སྐོང་།

སྤོས་སྦྱོར་སྨན་གྱི་སྡེབ་ཁ། དྲི་ཆབ་སྟོང་གི་བྱིན་རླབས།

ཁྱེད་ལ་ལུས་སེམས་བདེ་བར་འདྲེན་པའི་སྔོན་མོ་ཆབ་ཀྱི་གསང་མིག་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

དྲི་བཞོན་ལྷ་མོའི་ངོམས་མེད་བསྡོངས་གྲོགས་རྡོ་རྗེ་བུམ་བཟང་མ།

བདག་གི་ལྷ་མོ་དྲི་ཆབ་མ། དལ་མོར་ཕེབས་དང་།

རང་བྱུང་སྤོས་ངད་ཕྱོགས་བཅུའི་རླུང་གིས་འཁྱེར་ན།

བདག་ལ་བདེ་སྡུག་དྲང་མོར་སྲུང་བའི་ལྷ་ཆབ་བྱུགས་པ། མྱུར་བར་སྩོལ་

བཞིན།

མ་གྱུར་སེམས་ཅན་དགའ་བདེའི་ཞིང་ལ་འདྲེན་པར་ཕེབས་དང་།


           བཅུ་གཉིས།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ལང་ཚོའི་ཆ་ཤས་རྫོགས་པའི་གཟི་བྱིན་དང་སྤོབས་པ།

ཤེས་རིག་ཁོང་དུ་ཆུད་པའི་ཤེས་རབ། བརྩོན་འགྲུས་རི་བོ་འབིགས་པའི་སྙིང་

སྟོབས།

སྒྲོ་སྐུར་བསྐལ་བར་རྒྱང་བའི་རྣམ་དཔྱོད། ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་

འཛིན།

ཁྱེད་ལ་ཤེས་བྱ་མ་ལུས་གསལ་བར་མཛད་པའི་དུས་རབས་ཀྱི་མེ་ལོང་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

ཤེས་རིག་གི་དར་ཆ་སྲིད་གསུམ་རྩེ་ལ་བསྒྲོན་པའི་རྡོ་རྗེ་ཨ་དར་ཤ

བདག་གི་ལྷ་མོ་མེ་ལོང་མ། དལ་མོར་ཕེབས་དང་།

ཉི་མས་མུན་པ་དང་མཚན་མོས་འོད་སྣང་སེལ་ན།

བདག་ལ་འཇིག་རྟེན་མ་ལུས་རྗེན་པར་འཆར་བའི་མ་ཀུ་ར། མྱུར་བར་སྩོལ་

བཞིན།

མ་གྱུར་སེམས་ཅན་དྲང་བདེན་གྱི་ལམ་ལ་འདྲེན་པར་ཕེབས་དང་།


          བཅུ་གསུམ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ཏིང་འཛིན་རི་མོ་མཁན་གྱིས་བྲིས་པའི་གཟུགས་དང་བཞིན།

སེངྒེའི་ང་རོ། འབྲི་མོའི་ངུར་སྒྲ།

རྟ་མཆོག་གི་འཚེར་སྐད། འབའ་འབུའི་ལྟོགས་ཅོར།

ཁྱེད་ལ་ཟིན་པ་སེམས་ཀྱི་རླུང་དང་མ་ཟིན་ཆུ་སྒྲའི་གཟུགས་སོགས་འབྱིན་

པའི་ཐབས་ལམ་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

སྲིད་གསུམ་སྒྲ་དབྱངས་བྱང་སེམས་རྒྱུད་ལ་སྦྱོར་བའི་རྡོ་རྗེ་སྒྲ་དབྱངས་མ།

བདག་གི་ལྷ་མོ་རྔ་ཟླུམ་མ། དལ་མོར་ཕེབས་དང་།

དམག་དུང་ལ་སོགས་སྒྲ་རླབས་སྣ་ཚོགས་དམྱལ་བའི་ཕྲེང་ལ་སླེབས་ན།

བདག་ལ་སྟོང་ཆེན་ཟིལ་གྱིས་ནོན་པའི་ཟིལ་ཤུགས། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ལ་ཞི་བདེའི་ལམ་སྣ་སྟོན་པར་ཕེབས་དང་།


            བཅུ་བཞི།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་དྲི་ཟའི་བུ་མོའི་རྒྱུད་མངས་དཀྲོལ་བའི་སོར་མོ་དང་ཉམས་འགྱུར།

ཆགས་མེད་མནྡའི་མིག་མདའ། བདེ་སྟོང་འཛའ་མོའི་རོལ་དབྱངས།

སེམས་ཀྱི་རྣམ་འགྱུར། མིག་གི་དགའ་སྟོན།

ཁྱེད་ལ་སོར་རྩེའི་ལྡེམ་འཕྲུལ་རྒྱུད་དམངས་ལ་བརྒྱུས་པའི་ཚོར་ཤེས་ཁྱད་

མཚར་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

སྣང་སྟོང་རོལ་དབྱངས་ཐམས་ཅད་དུས་གཅིག་ཏུ་སེམས་ཉིད་ལ་སྦྲེང་བའི་རྡོ་རྗེ་

ཡིད་འཕྲོག་མ།

བདག་གི་ལྷ་མོ་པི་ཝང་མ། དལ་མོར་ཕེབས་དང་།

ཡོད་ཚད་གར་དང་སྒྲ་དབྱངས་ཀྱིས་ཉེ་བར་རྩོམ་པར་བྱེད་ན།

བདག་ལ་དུས་གསུམ་གོང་བུར་བསྒྲིལ་བའི་འཆར་ཡན་དང་ཚོར་སྣང་། མྱུར་

བར་སྩོལ་བཞིན།

མ་གྱུར་སེམས་ཅན་བདེ་སྐྱིད་ཀྱི་ཞིང་ལ་འགོད་པར་ཕེབས་དང་།


            བཅོ་ལྔ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་དགའ་བཞིའི་སྙན་འཇེབས་རླུང་ལ་བསྐྱོན་པའི་ལྡེམ་ཤུགས་དང་ཆོ་

འཕྲུལ།

དྲི་ཟའི་བུ་མོའི་བརྟན་པ་འཕྲོག་པའི་སྙན་དབྱངས། སྟོང་ཉིད་བཅུ་དྲུག་གསུང་

ལ་གྱེར་བའི་ཁྱད་ནུས།

ལྷ་མོ་མེ་ན་ཀཱ་ཡི་སྟངས་སྟབས། ལྷ་མོ་མེ་ཏོག་མ་ཡི་འཆོར་སྒེག

ཁྱེད་ལ་སྲིད་ཞིའི་སྒྲ་དབྱངས་སོར་མོའི་རྩེ་ལ་ཕབ་པའི་བདུད་རྩིའི་ཆར་རྒྱུན་

ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

འགྲོ་དྲུག་བདེ་བའི་ཞིང་ལ་འགོད་ཅིང་སྡུག་བསྔལ་གྱི་གཡང་ལས་སྐྱོབ་པའི་རྡོ་

རྗེ་སྙན་དབྱངས་མ།

བདག་གི་ལྷ་མོ་གླིང་བུ་མ། དལ་མོར་ཕེབས་དང་།

དཔྱིད་གསུམ་རླུང་གི་འབོད་སྐུལ་སྔོ་ལྗང་རླབས་གཉེར་ལ་བཅོལ་ན།

བདག་ལ་དབྱངས་ཅན་ལྷ་མོའི་གསུང་དབྱངས་ཀྱི་བྱིན་རླབས་དང་རྔམ་

བརྗིད། 

མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ཚིག་དོན་གྱི་གཟུངས་ལ་འཇུག་པར་ཕེབས་དང་།


           བཅུ་དྲུག

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་ཟླ་གཞོན་པད་དཀར་ལྟ་བུའི་ཞལ་གྱི་དཀྱིལ་འཁོར་དང་སྒེག་ཉམས།

ཚོར་འདུ་ཤེལ་གྱི་བུམ་པར་འཇུག་པའི་སྦུབ་སྒྲ། རྟོག་པ་ཀུ་ཤའི་རྩེ་ལ་སྡུད་པའི་

འགྱུར་ཁུགས།

དྲན་པའི་ཟིལ་བ་གཏོར་བའི་དབྱུ་གུ། ཡིད་ཀྱི་འགྱུ་བ་འཕྲི་བའི་འདར་སྒྲ།

ཁྱེད་ལ་རི་རབ་ཁོང་དུ་སྦ་ཞིང་ལུས་སེམས་བདེ་བར་འདྲེན་པའི་བསམ་གཏན་

གྱི་སྔོན་འགྲོ་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

སྒོམ་པ་ཏིང་འཛིན་གྱི་དངོས་གྲུབ་ལ་སྐུལ་བའི་རྡོ་རྗེ་སྒྲ་སྒྲོག་མ།

བདག་གི་ལྷ་མོ་རྫ་རྔ་མ། དལ་མོར་ཕེབས་དང་།

རྟོག་པ་ཐ་སྙད་ཀྱིས་དཀྲོག་བཞིན་ཚིག་དོན་མཚན་མར་སྒྲུབ་ན།

བདག་ལ་ཉམས་ལེན་གསེར་གྱི་སྒོ་མོའི་ལྡེ་མིག་དང་མཆོག་སྦྱིན། མྱུར་བར་

སྩོལ་བཞིན།

མ་གྱུར་སེམས་ཅན་བདེན་པའི་དཔལ་ལ་འཇུག་པར་ཕེབས་དང་།


          བཅུ་བདུན།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་འཆི་མེད་བུ་མོའི་དར་ཟབ་འཕྲོག་པའི་གཞོན་ཤ་དང་འཛུམ་མདངས།

བུང་བ་མེ་ཏོག་འཁོར་བའི་འཇམ་མཉེན། ཆུ་མོ་དྲོད་གྱིས་བརླན་པའི་བདེ་

སྦྱངས།

བསིལ་ཟེར་ཟླ་བའི་འོད་སྣང་། སྐྱི་བསིར་རླུང་གི་རེག་བྱ།

ཁྱེད་ལ་སྟོང་བསངས་ནམ་མཁའི་རྒྱན་གོས་འཕྲུལ་ལྡན་སོར་རྩེར་སྒྲོན་པའི་

སྲིན་བལ་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

དགའ་བ་འབུམ་གྱི་གསང་བའི་གེ་སར་རབ་ཏུ་རྒོད་པའི་རྡོ་རྗེ་འཛའ་ན་མོ།

བདག་གི་ལྷ་མོ་རེག་བྱ་མ། དལ་མོར་ཕེབས་དང་།

བདེ་སྡུག་ཚོར་བ་ལུས་ཀྱི་རེག་བྱ་ཁོ་ནར་འདྲེན་ན།

བདག་ལ་བདེ་སྟོང་ཆེན་མོའི་ཡེ་ཤེས་དང་མཚན་མ། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་བདེ་ཆེན་ས་ལ་འགོད་པར་ཕེབས་དང་།


            བཅོ་བརྒྱད།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་དཔའ་བོའི་སྙིང་ལ་མྱོས་པའི་ཆོམ་རྐུན་འཇུག་པའི་ཟུར་མིག་དང་དྲི་

ངད།

ནད་གདོན་གཞོམ་པའི་བདུད་རྩིའི་ཕབ་རྒྱུན། ལུས་ཟུངས་གསོ་བའི་རོ་བརྒྱའི་

ཉིང་ཁུ།

སྣོད་བཅུད་ཟས་ཀྱི་དྭངས་མ། རོ་བཅུད་ཕུད་ཀྱི་མཆོད་ཡོན།

ཁྱེད་ལ་གསེར་དངུལ་སྣོད་ཆས་སུ་སྤུངས་བའི་ཞིམ་མངར་མཆོད་པ་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

མཆོད་པའི་སྤྲིན་ཕུང་ནམ་མཁའི་མཐའ་ལ་དམིགས་པའི་རྡོ་རྗེ་ཞལ་ཟས་མ།

བདག་གི་ལྷ་མོ་རོ་མཆོག་མ། དལ་མོར་ཕེབས་དང་།

ཚེ་སྲོག་གི་དར་སྐུད་ངེས་པར་སྐྱེ་འཆིའི་མཐའ་ལ་སྦྱར་དགོས་ན།

བདག་ལ་འདོད་ཡོན་བྱེ་བ་རྒྱ་མཚོའི་འདབ་སྟོང་གྲོལ་བའི་ལྗོན་དབང་དང་

ནོར་བུ། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ལྟོ་གོས་ཕ་རོལ་དུ་བསྒྲལ་བར་ཕེབས་དང་།


             བཅུ་དགུ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

ཁྱེད་ལ་འཇིག་རྟེན་ཀུན་གྱི་མཛེས་སྡུག་སྙིང་པོར་བསྡུས་པའི་མཚན་དང་དཔེ་

བྱད།

སྲིད་ཞིའི་གནས་ལུགས་མཐར་ཐུག་འདྲེན་པའི་ཡེ་ཤེས། བདེན་པའི་ངོ་བོ་རྡུལ་

དུ་བརླག་པའི་ལྟ་བ།

དཀར་ནག་ལས་འབྲས་འཇལ་བའི་རྒྱ་མ། འགྲོ་དྲུག་སེམས་ཅན་སྐྱོང་བའི་

ཁྱིམ་གཞིས།

ཁྱེད་ལ་འཇིག་རྟེན་རྒུད་པ་མ་ལུས་པའི་རྩ་བ་འཇོམས་པའི་ཐབས་ཤེས་ཡོད་དེ།

བལྟས་པས་ངོམས་པ་མེད་ལ་རེག་ན་བདེ་བའི་མཆོག་སྟེར་བའི།

བདེ་ཆེན་ཆོས་ཀྱི་འབྱུང་གནས་མངལ་ཁུར་རྡོ་རྗེ་རྒྱལ་ཡུམ་མ།

བདག་གི་ལྷ་མོ་རྡོ་རྗེ་མ། དལ་མོར་ཕེབས་དང་།

ཉི་མ་དུས་ལྟར་འཆར་ཞིང་ས་གཞི་དུས་ལྟར་འཇིག་ན།

བདག་ལ་བདེན་པའི་མཐའ་དང་བྲལ་བའི་འདི་ཕྱིའི་གནས་ལུགས་དང་ཆོས་

ཉིད། མྱུར་བར་སྩོལ་བཞིན།

མ་གྱུར་སེམས་ཅན་ཞི་བདེའི་གྲོང་ལ་འདྲེན་པར་ཕེབས་དང་།


              ཉི་ཤུ།

དལ་མོར་ཕེབས་དང་། བདག་གི་ལྷ་མོ།

མདོར་ན་བདག་གིས་ཁྱེད་ལ་སྙན་ངག་གི་མཆོད་ཕྲེང་ཕུལ་བ་འདི་ཡང་།

ཁྱེད་ལ་མི་ཕྱེད་དད་པས་ཡིན་ལ། དགའ་བས་ཀྱང་ཡིན་ཏེ།

དགོངས་འགལ་མེད་པར་ཞུ།

ཁྱེད་ཀྱིས་བདག་ལ་ངག་གི་བྱིན་རླབས་ཏེ། ཟད་པ་མེད་པའི་ཟིལ་ཤུགས་སྩོལ་

བ་དང་ཆབས་ཅིག

དྲི་ཟའི་རྒྱུད་མངས་སྟོང་གིས་དཀྲོལ་བའི་སྙན་ངག་གི་རོལ་དབྱངས་དེའང་མི་

བརྗེད་པར།

བདེན་པ་དང་སྨོན་ལམ་གྱིས་བཞེངས་པའི་དུས་ཀྱི་དཀྱིལ་འཁོར་དེ་ལ་དྲངས་

ནས།

མཐུ་སྟོབས་དང་གཟི་བརྗིད་བསྐལ་བའི་བར་དུ་སྩོལ་བར་མཁྱེན་མཁྱེན་ཞུ།

2021ལོའི་ཟླ9པའིཚེས17ཉིན།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།