གསར་འགོད་པའི་དུས་ཆེན་ལ་ཕུལ་བ།

ཉི་མ་ལྟ་བུའི་གསར་འགོད་པ་ལགས། 

ཁྱེད་ཀྱིས་ཕྲ་རགས་ཀྱི་སྣང་ཚུལ་སྣ་ཚོགས་པ་དེ། 

སྐྱ་གསལ་གསལ་དུ་བཤམས་པས། 

མུན་ནང་སྦར་སྙོབས་ཀྱི་ང་ཚོར་བློ་བསྐྱེད་ཀྱི་དྲོད་འཁོལ་དེ་སྦྱིན།


ཟླ་བའི་རྗེས་མཚུངས་གསར་འགོད་པ་ལགས། 

ཁྱེད་ཀྱིས་མཐའ་མེད་པའི་བྱ་དངོས་ཀྱི་རྣམ་འགྱུར་ངོ་མཚར་བ་དེ། 

འོད་འཆེམ་འཆེམ་དུ་བཏེགས་པས།

ཆུ་སྣ་གར་ཁྲིད་ཀྱི་ང་ཚོར་ཡ་མཚན་གྱི་འཆར་སྣང་དེ་སྦྱིན། 


རྒྱུ་སྐར་འདྲ་བའི་གསར་འགོད་པ་ལགས། 

ཁྱེད་ཀྱིས་གྲངས་ལས་འདས་པའི་འགྱུར་ལྡོག་བགོད་བྲོ་བ་དེ།

ཁྲ་ལམ་ལམ་དུ་སྟོན་པས། 

ཕྱོགས་ལྷུང་ཨུ་ཚུགས་ཀྱི་ང་ཚོར་བག་ཡངས་ཁོག་རྒྱ་དེ་སྦྱིན།


ས་ཆེན་ལྟ་བུའི་གསར་འགོད་པ་ལགས། 

ཁྱེད་ཀྱིས་ཡ་ང་བག་ཚའི་མི་ཡུལ་གྱི་སྐྱིད་སྡུག་ཆགས་འཇིག་དེ། 

རང་གི་བདེ་སྡུག་ཚོར་བའི་ལུས་སེམས་དུ་ཐིམ་པས།

སྒེར་སེམས་རང་གཅེས་ཀྱི་ང་ཚོར་དྲན་སྐུལ་གྱི་ཅོང་བརྡ་དེ་གྲགས་བྱུང་།


རྒྱ་མཚོའི་རྟུལ་བཞུགས་ཀྱི་གསར་འགོད་པ་ལགས། 

ཁྱེད་ཀྱིས་རླུང་རྒྱུན་རླངས་རླབས་ཀྱི་འཁོར་རྒྱུན་ངེས་མེད་དེ། 

སྒྲ་གཟུགས་གཉིས་ལྡན་གྱི་ལམ་ནས་གོ་ལའི་ཕྱོགས་ཀུན་ཏུ་སྤེལ་བས། 

གཡོར་གྲུའི་མཚོ་ཇག་ང་ཚོར་ཚ་གྲང་གི་ཁ་ཕྱོགས་དེ་སྟོན་བྱུང་། 


གསོ་རླུང་རྗེས་མཐུན་གྱི་གསར་འགོད་པ་ལགས། 

ཁྱེད་ཀྱིས་ས་མཐོའི་ཚེ་སྲོག་གི་དབུགས་རྒྱུན་འཁོར་ལུགས་དེ། 

ཐ་དད་སྐྱེ་འགྲོའི་རྟེན་འབྲེལ་གྱི་གཅིག་མཐུན་འདུས་གྲུབ་ཏུ་ཟིན་པས། 

སྲོག་ལྡན་ནང་འཁྲུག་གི་ང་ཚོར་འཚོ་གནས་ཀྱི་གནས་ལུགས་དེ་བཤད་བྱུང་།  

              གཡས་རྒྱན།   2021ལོའི་ཟླ་11ཚེས་8ཉིན། ཤེལ་ཚྭ་ནས།

རྩོམ་པ་པོ་ངོ་སྤྲོད། ཨུ་རྒྱན་ནི་བོད་ལྗོངས་གཞིས་ཀ་རྩེ་རྣམ་གླིང་རྫོང་གི་མི་ཡིན་ཞིང་། ལོ་བདུན་ནས་བཟུང་སྔ་རྗེས་སུ་སློབ་གྲྭ་ཆུང་འབྲིང་ཆེ་གསུམ་རིམ་པར་བརྒྱུད། 2015ལོའི་ཟླ་བདུན་པར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་2011ལོའི་བོད་སྐད་ཡིག་རྩོམ་རིག་ལས་རྒྱ་བོད་ལོ་ཙཱའི་འཛིན་གྲྭ་ནས་སྦྱངས་འབྲས་མི་དམན་པ་བླངས་ཤིང་དངོས་གཞིའི་དམ་བཅའ་བཞག་ཏེ་མཐར་ཕྱིན། དེ་སྔ་2014ལོའི་ཟླ་བཞི་པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཡིག་སྒྱུར་ཁང་དུ་ཟླ་བ་གཅིག་ལྷག་ཙམ་སྲིད་གཞུང་གི་གཞུང་ཡིག་ལོ་ཙཱ་བྱས། ལོ་དེའི་ཟླ་བ་དྲུག་པ་ནས་བཟུང་ཀྲུང་གོའི་བོད་ལྗོངས་དྲ་བར་གསར་འགྱུར་ལོ་ཙཱར་བཞུགས། སྔ་ཕྱིར་བྱིས་སྒྲུང་ལོ་ཙཱ་དང་རྩོམ་རིག་ལོ་ཙཱ་བྱས་ཤིང་འགྱུར་རྩོམ་མི་ཉུང་བ་ཞིག་བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་བོད་ཡིག་གསར་འགྱུར། གཞིས་རྩེའི་ཚགས་པར། བོད་ལྗོངས་གཞོན་ནུའི་ཚགས་པར་སོགས་སུ་སྤེལ་མྱོང་། ཞར་ཞོར་དུ་བོད་རྒྱ་སྐད་གཉིས་ཀྱི་རྩོམ་འབྲིའི་ལམ་ལ་འབད་བཞིན་མཆིས།  2015ལོའི་ཟླ་བ་12པ་ནས་2020ལོའི་ཟླ་6ཚེས་30བར་གཞུང་གི་སྤྱི་ཞབས་པའི་ཡིག་ཚད་བླངས་ནས་ཉི་མ་རྫོང་མི་དམངས་ཁྲིམས་ཁང་དུ་བྱ་བར་བཞུགས། ལོ་དེའི་ཟླ་7པར་ཤེལ་ཚྭ་རྫོང་ཁྲིམས་ཁང་དུ་བྱ་བ་སྒྱུར། ད་བར་རྫོང་ཁྲིམས་ཁང་གི་རྒྱ་བོད་སྐད་གཉིས་དང་སྲིད་འཛིན་བྱ་བ་སྒྲུབ་བཞིན་ཡོད། །


རྩོམ་སྒྲིག་པ། རིག་འཛིན་ཚེ་རིང་།

དཔྱད་མཆན 0 ཡོད།