ལྷ་ས་དྲན་ཚུལ་འདི་སྲིད་པའི་སྒྲུང་ཞིག་ཡིན།

ངས་རང་ཉིད་ངོ་ཤེས་པ་ནས་བཟུང་།

ལྷ་སའི་ཕོ་བྲང་དཀར་དམར་ཞེས།

སྙན་གྲགས་ཀྱི་བ་དན་འཛིན་མའི་ཁྱོན་ན་འབར་ཞིང་།

མེས་པོ་སྲོང་བཙན་གྱི་ཐུགས་ཀ་ནས།

གསེར་གྱི་ཕོར་བ་བཞིན་ལྷུང་ཡོང་བ་ཞིག་ཨེ་ཡིན་བསམས་མྱོང་།

དེ་དུས།

ངས་ཟླ་གཟུགས་ཆུ་ལ་ཤར་བར་ཨ་མཚར་སྐྱེས་མ་མྱོང་ཡང་།

ལྷ་ས་ཞེས་པའི་ཐ་སྙད་དེའི་འཕྲོས་སྟངས་ལ།

སྣང་བའི་བལ་སྐུད་ཀྱི་རྐྱ་མ་བཤིག་སྟེ་ཡང་ཡང་དཔྱད་མྱོང་།

དེ་ནི་ཕལ་ཆེར་དུང་ཞེན་ལ་རག་ལས་ཏེ།

ངས་རྨི་ལམ་གཉོར་ཚུལ་གཞན་ཞིག་ཡིན་ཡང་ཐང་།

སྐད་ཡིག་དགེ་རྒན་གྱིས་བཤད་ན།

ལྷ་ས་ནི་ཕོ་བྲང་དཀར་དམར་གྱིས་བརྒྱན་སྟབས།

བོད་པའི་དག་ཞིང་དུ་ངེས་ཟེར།

ངས་བསམ་ན།

ལྷ་ས་ནི་རིག་གནས་ཤིག་གི་ཆད་ཁུངས་དང་།

ལོ་རྒྱུས་ཤིག་གི་གནས་མལ་ཨེ་ཡིན་སྙམ།

སྐབས་རེར།

ངས་དྲན་འཛིན་གྱི་སྒོ་དར་ལྷོད་ཀྱིས་ཕྱེས་དུས།

རྨི་ལམ་གྱི་ཆོན་ཐག་དམ་དུ་དཔྱངས་ཡོད་པ་ཚོར་ཞིང་།

ཉག་ཕྲ་བའི་རང་ཉིད་བཀན་མོ་བཀན་མོ་ཞིག་ཏུ་གྱུར་ཡོད་པ་རྟོགས་ཡོང་།

དེ་ནི་དུས་རབས་ཀྱིས་ང་ལ་བདེན་ཁ་བྱིན་པས་ཡིན་ལ།

སྤྱི་ཚོགས་ཀྱིས་ལོ་རྒྱུས་ལ་བརྩི་མཐོང་བྱས་པས་ཡང་ཡིན་ཤོས་ཆེ།

གང་ལྟར།

ངས་ལྷ་ས་ཁོ་ན་དྲན་པ་མིན་གྱི།

ཕོ་བྲང་དཀར་དམར་གྱི་གཟི་བྱིན་གྱིས།

ང་ལ་བཞག་པའི་གཏམ་རྒྱུད་མང་དྲག་པས་ཡིན།

ང་རང་ཟང་ཟིང་ལ་མི་དགའ་མོད།

ལྷ་སའི་བར་སྐོར་གྱི་འཇགས་པ་མེད་པའི་གོམ་སྒྲ་དག

ངས་དབྱངས་ཅན་མའི་རོལ་མོར་སྒོམ་གྱི་ཡོད།

མཇུག་མ་གྲུབ་པའི་གཏམ་རྒྱུད་དག་གིས།

ང་ལ་གོ་སྐབས་ལན་གཅིག་ཨེ་སྟེར་མི་ཤེས་མོད།

བདག་གི་སྣང་བ་ལྷོག་ལྷོག་འཕྱུར་བའི་ཆུ་འཛིན་གྱི་རླབས་རིས་རེ་རེ་ཡིན་སྟབས།

ངས་སྙན་ངག་ལས་ལྷ་ས་བྲིས་ཏེ།

ཚིག་རྒྱན་གྱིས་ཕོ་བྲང་དཀར་དམར་བཞེང་བར་ངེས།

ཁྱོད་ཀྱིས་བཤད་ན།

ངའི་སྙན་ངག་ལ་གསང་སྟབས་གཞན་ཞིག་འདུག་ཕྱིར།

བསྣམ་འདོད་པའི་དྲི་མ་དེ་ཁྱོན་ནས་མི་འདུག་ཟེར།

ཡིན་ཡང་ངས།

ལན་ཆགས་གཞན་ཞིག་སྤྱད་དེ།

ཁྱོད་དང་ཉེ་བར་བཅར་གྱིན་པ་སུ་ཡིས་ཤེས།

ལན་རེར།

ངས་རི་བོ་ཤོག་སྐྱ་བཞིན་ལྟེབས་ཀྱིན།

ལྷ་སར་འཐམ་འཁྱུད་བྱེད་འདོད་ཀྱང་།

ངག་ལ་རོལ་མོའི་རམ་འདེགས་མེད་པ་བཞིན།

ཁྱོད་དང་ང་ལ་ཐུན་མོང་གི་གླེང་སྟངས་མེད་རྐྱེན།

ནང་སེམས་རྒྱ་རུ་ཚུད་པའི་བདག་གིས།

ཅི་ཞིག་ནུས་སམ་ཞེས་བཤད་ན་འདོད།

ཡིན་ཏེ།

ངས་ལྷ་ས་དྲན་ཚུལ་འདི་སྲིད་པའི་སྒྲུང་ཞིག་ཡིན་ལ།

ལོ་ཟླ་དང་ལྷན་དུ་ང་ཡང་རྒས་ཀྱིན་ཡོད་པས།

ངས་རྣམ་ཤེས་ཆུང་ཆུང་འདི་ཤོག་བྱ་ཞིག་ལ་གཡར་ཏེ།

པོ་ཏ་ལའི་མདུན་ངོས་ནས་འཕུར་བསྐྱོད་བྱས་ཏེ་རླུང་གིས་གཟད་ན་སྙམ།

རེད་ཡ།

སྟོང་བསམ་གྱི་ལིང་ལ་ཁ་ལོ་མེད་རུང་།

ནང་སེམས་ཀྱི་ཐ་སྙད་ལ་རྣམ་ཤེས་ཡོད་རྐྱེན།

དོ་ནུབ་བདག་གིས།

སྙན་ངག་གི་སྒ་ཆ་ས་རུ་བཞག་སྟེ།

ལྷ་སར་འཁྲེང་གིན་ངལ་ཞིམ་པོ་ཞིག་གསོ་བར་བྱ།

རྩོམ་པ་པོ་ངོ་སྤྲོད། མགར་ཐང་དཀར་རམ་གཅོད་པ་ཐར་ནི་དགུ་བཅུའི་སྨད་ལ་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་དུ་སྐྱེས་ཤིང་། ༢༠༡༨ལོའི་ཟླ་དྲུག་པར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་མཐོ་འབྲིང་སློབ་མཐར་ཕྱིན།རྩོམ་འབྲི་དང་ཕ་སྐད་མ་ཡིག་ལ་དུང་བ་ཆེ་རྐྱེན་སྔ་ཕྱིར«སྦྲང་ཆར»དང«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»«གངས་དཀར་རི་བོ»«ཁ་བཏགས་དཀར་པོ»«དགེ་ལུགས་ཞིབ་འཇུག»«ལོ་བརྒྱའི་ལེགས་མཛད»«སྤང་ལྗོངས»«ཁྲི་ཤོར་རྒྱལ་མོ»«བོད་ལྗོངས་ཉིན་རེའི་ཚགས་པར»«མཚོ་སྔོན་བོད་ཡིག་གསར་འགྱུར»«མཚོ་སྔོན་ཁྲིམས་ལུགས་ཚགས་པར»«ཁམས་པའི་ཚགས་པར»«མཚོ་ལྷོ་བོད་ཡིག་ཚགས་པར»«རྔ་བའི་གསར་འགྱུར»མ་ཟད«མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»«ཀྲུང་གོ་བོད་ཀྱི་དྲ་བ»«བཙན་པོ་མགར་གྱི་དྲ་བ»སོགས་ཞིང་ཆེན་ཕྱི་ནང་གི་དྲ་རྒྱ་དང་ཚགས་དེབ་འགའ་རེའི་སྟེང་སྙན་ངག་གཙོས་བརྩམས་ཆོས་མང་ཙམ་སྤེལ་མྱོང་།ད་ལྟ་སྡེ་ཁུལ་དུ་རང་ནུས་ཀྱིས་ལས་ཀ་སྒྲུབ་བཞིན་མཆིས།

6a55b3f6657ba25a2520a1a624042c4.jpg

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།