ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ཡུལ་སྟག་ལུང་ལ་བཞེངས་པའི་མགུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།   སྤེལ་དུས། : 2021-10-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལྷོ་བཞུད་ཁུ་བྱུག་སྔོན་མོ།།

ལྷོ་མོན་ཕྱོགས་ལ་འཕུར་ན།།

ཡུལ་འདིའི་གནས་ཀྱི་བཀོད་པ།།

མ་བརྗེད་ཐུགས་སུ་ཟུངས་ཤིག།

ཚང་ཚིང་འཁྲིགས་པའི་ནགས་ཀླུང་།།

ཤུགས་དྲི་འཐུལ་བའི་བསྟི་གནས།།

སྐྱིད་ལ་སྟག་ལུང་གཡང་སྡེ།།

གནམ་སྔོན་ཐང་ལ་བཏིང་འདྲ།།

དལ་འབབ་རྨ་ཆུ་ལུ་མ།།

གཡུ་འབྲུག་དགུང་ནས་འཁྱུག་འདྲ།།

བྲེལ་འབབ་ཆུ་ལེན་ཆུ་ཆུང་།།

དར་གྱི་སྐ་རགས་དཔྱངས་འདྲ།།

གནག་ཕྱུགས་ངུར་སྒྲ་ལྷང་ལྷང་།།

ཐང་ཆེན་གཡུ་ཡི་མེ་ལོང་།།

གཡང་དཀར་འབའ་སྒྲ་སིམ་སིམ།།

སྤྲིན་གྱི་རི་བོ་བཏུམས་འདྲ།།

གྱི་ལིང་རྨིག་སྒྲ་ཐག་ཐག།

སྟག་ཤར་གནམ་གྱི་སྲས་པོ།།

དགོ་དགོ་བཞོ་དབྱངས་སྙན་སྙན།།

འབྲོག་མོ་ཀླུ་ཡི་སྲས་མོ།།

ཨ་འགྲིག་རྣ་ལོང་ཆ་མ།།

བྱུ་རུའི་ཕྲ་རྒྱན་འཇོག་ས།།

ཡང་འགྲིག་དངུལ་གྱི་མེ་ཆར།།

རྟགས་བརྒྱད་རི་མོ་ཕབ་ས།།

ལུགས་དེ་གནའ་ཡི་ལུགས་ཡིན།།

དྭངས་གཙང་སྲོལ་རྒྱུན་རིང་མོ།།

གཤིས་ཡང་གནའ་ཡི་གཤིས་ཡིན།།

སླུ་མེད་བྱང་ཆུབ་སེམས་ཡིན།།

མཐོན་པོ་མཐོ་སར་བཞག་ན།།

གཉོམ་པོ་བྱམས་ཀྱིས་སྐྱོང་ས།།

དམའ་མོ་དམའ་སར་ལྷུང་ན།།

བྱམས་པ་འབངས་ཀྱིས་སྐྱོང་ས།།

ལས་ངན་བར་ཆད་ཐོན་ན།།

ལྷ་ཆོས་ཞི་བའི་སྒྲུབ་ས།།

ལྟས་བཟང་དགའ་སྟོན་སླེབས་ན།།

སོ་དཀར་མགོ་དཀར་འཛོམས་ས།།

ཁ་ཞག་ཀྱུག་གེར་ཡོད་དུས།།

ལྷ་ཆོས་སྙིང་བོ་སྒོམ་ས།།

ཁུ་ཞག་ལྡེམ་མེར་ཡོད་དུས།།

མི་ཆོས་རིན་ཐང་གླེང་ས།།

རྨ་ཆེན་ཐོང་ཀར་བླངས་ནས།།

གཏམ་གྱི་རྒྱ་མཚོ་བསྐྱིལ་ས།།

དམར་ཡག་གོང་བར་བཟུང་ནས།།

དགྲ་ལྷ་ཞི་བའི་བསྟོད་ས།།

འཛོམས་པོ་སྟ་ལུང་གཡང་སྡེ།།

བརྩེ་སེམས་ཆུ་མིག་དགུ་སྒྲིལ།།

མཛའ་བ་རྒན་དར་གཞོན་གསུམ།།

མཐུན་པ་སྤུན་བཞིའི་རང་རྣམ།།

དགོང་གའི་མཚམས་སྤྲིན་ཀྱིག་ཀྱིག།

འབྲོག་མོའི་མཁུར་ཚོས་འདྲ་ལེ།།

ལྕང་ནག་ལོ་འདབ་ལྕུག་ལྕུག།

ལན་ཆེན་ལན་ཆུང་བསྟར་འདྲ།།

སྒོ་གཉིས་སྒོ་དར་དཔྱངས་འདྲ།།

ཕུ་ནུ་འཛུམ་མདངས་རང་འཁྱིལ།།

སྡོང་ངེ་སྡོང་རྐང་སྒྲིག་འདྲ།།

མཛའ་མཐུན་རུས་ཀྱི་སྒྲོག་གུ།

རྨ་འགྲམ་རྨ་དར་ཆགས་འདྲ།།

ལྷིང་འཇགས་བདེ་ལྡན་ཞིང་ཁམས།།

ཚང་ཚིང་སྣ་བརྒྱ་འཁྲིགས་པ།།

ཁུ་ལོའི་གསུང་དབྱངས་སྙན་ས།།

གོང་ཁ་སྟག་མོ་འགྱིངས་འདྲ།།

སྟག་ཤར་རང་སྣང་མཐོ་ས།།

དཔའ་བཙན་སེང་གདོང་འདྲ་ལེ།།

རྨི་ལམ་མངོན་དུ་འགྱུར་ས།།

བདེ་མོ་ཐང་ལ་འཛོམས་ན།།

ཕོ་མགོ་མོ་མགོ་མཉམ་ས།།

ཟང་ཟིང་གྲོང་ལ་སླེབས་ན།།

ཨ་གསར་དྲུངས་ནས་འབྱིན་ས།།

རྩྭ་མགོའི་ཟིལ་བ་ཁྲོམ་ཁྲོམ།།

དངུལ་གྱི་ཆར་བ་བབས་འདྲ།།

སྤང་ལྗོངས་མཐོན་མཐིང་འདྲ་ལེ།།

མདངས་ལྡན་གཡུ་ཡི་མཎྜལ།།

སྟག་ལུང་སྐྱིད་ཀྱི་རི་སྡེ།།

མི་ནུབ་རྒྱལ་མཚན་གནས་གྱུར།།

མཐུན་པོ་ཕུ་ནུ་མིང་སྲིང་།།

ཚེ་རིང་རྣམ་དྲུག་འདྲ་ལེ།།

བཀྲ་ཤིས་གནམ་ལ་བཅོལ་ཡོད།།

སྟག་ལུང་གཡང་ཁྱིམ་གྲུ་བཞི།།

ཚེ་རིང་ཀུན་འདུས་ངོ་བོ།།

ལྷན་རྒྱས་མི་འབྲལ་སྨོན་ལམ།།


རྩོམ་པ་པོ་ངོ་སྤྲོད། མགར་ཐང་དཀར་རམ་གཅོད་པ་ཐར་ནི་དགུ་བཅུའི་སྨད་ལ་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་དུ་སྐྱེས་ཤིང་། 2018ལོའི་ཟླ་དྲུག་པར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གསུམ་པར་མཐོ་འབྲིང་སློབ་མཐར་ཕྱིན།རྩོམ་འབྲི་དང་ཕ་སྐད་མ་ཡིག་ལ་དུང་བ་ཆེ་རྐྱེན་སྔ་ཕྱིར«སྦྲང་ཆར»དང«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ»«གངས་དཀར་རི་བོ»«ཁ་བཏགས་དཀར་པོ»«དགེ་ལུགས་ཞིབ་འཇུག»«ལོ་བརྒྱའི་ལེགས་མཛད»«སྤང་ལྗོངས»«ཁྲི་ཤོར་རྒྱལ་མོ»«བོད་ལྗོངས་ཉིན་རེའི་ཚགས་པར»«མཚོ་སྔོན་བོད་ཡིག་གསར་འགྱུར»«མཚོ་སྔོན་ཁྲིམས་ལུགས་ཚགས་པར»«ཁམས་པའི་ཚགས་པར»«མཚོ་ལྷོ་བོད་ཡིག་ཚགས་པར»«རྔ་བའི་གསར་འགྱུར»མ་ཟད«མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»«ཀྲུང་གོ་བོད་ཀྱི་དྲ་བ»«བཙན་པོ་མགར་གྱི་དྲ་བ»སོགས་ཞིང་ཆེན་ཕྱི་ནང་གི་དྲ་རྒྱ་དང་ཚགས་དེབ་འགའ་རེའི་སྟེང་སྙན་ངག་གཙོས་བརྩམས་ཆོས་མང་ཙམ་སྤེལ་མྱོང་།ད་ལྟ་སྡེ་ཁུལ་དུ་རང་ནུས་ཀྱིས་ལས་ཀ་སྒྲུབ་བཞིན་མཆིས།

6a55b3f6657ba25a2520a1a624042c4.jpg

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།