ཀྲུང་གོ་བོད་ཀྱི་དྲ་བ།

མེས་པོའི་དབུས་ལམ། བདག་གི་དབུས་ལམ།(ཞར་བཀོད་གཉིས།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མུན་གྲོལ།(ཡུལ་ཤུལ།)   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབུས་ལམ། 

ཉི་འོད་མག་མོག་གི་རྡོག་སྣེར། 

དུག་སྦྲུལ་བཞིན་འཁྱིལ་ཡང་། 

མེས་པོ་ཚོས་རྐྱང་ཕྱག་ས་རྡོ་ལ་ཕབ་སྟེ།

དད་པའི་བསླུ་བྲིད་འཚོལ།


དབུས་ལམ། 

རྔམ་མཐུག་པའི་ཁ་བའི་ནང་།

ཀྱག་ཀྱོག་ཏུ་ཟུག་ཀྱང་།

སྙིང་ཉེ་ཚོས་རྡོག་ཁྲེས་ལྗིད་མོ་རེ་ཁུར་སྟེ།

གནས་མཆོག་གི་པང་དུ་བསྙེགས། 


དབུས་ལམ།

ཕྱི་ནང་གི་རྒྱུ་རྐྱེན་དུ་མས། 

བདག་གིས་རྨི་ལམ་ཁོ་ནའི་ནང་རྨིས།

རྨི་ལམ་ཁོ་ན་རྨི་ཆོག་པའི་ལམ་བུ་གྱུར།

དེ་རིང་མཁའ་ལམ་ནས།

སྤྲིན་གྱི་བང་རིམ་གཏོར་ཏེ།

གློ་བུར་ལྷ་ས་མཇལ་དགོས་སམ།


ཡང་ན་ལྕགས་ལམ་ནང་།

ས་ཆེན་པོའི་བྲང་ཁོག་གཤགས་ཏེ།

པོ་ཏ་ལའི་མཚན་མོ་ལ་དམ་དུ་འཁྱུད། 

2020/12/17 

ཁེར་རྐྱང་གི་ཕ་བོང་ཁ་དང་ཡིག་དྲུག

——སྐུ་མཁར་མ་རུ་མཇལ་བའི་དད་ཚོར་ཙམ།

འདི་ན། རྡོ་ཡི་ཕ་བོང་སྟེང་།

ཡ་ཐོག་ཤེས་རིག་གི་ས་བོན་སྐྱ་བོ་བཏབ་མྱོང་བས།

སྨུག་པོ་གདོང་གི་མི་རྒྱུད་ངའང་།

དད་གུས་དང་ཡིད་ཆེས་དབུགས་ཀྱིས་

མི་ཐེག་པ་འཚངས།


སྐུ་མཁར་མ་རུ།

རྒྱལ་རབས་ནང་གི་ཁྲོ་ཆུ་ཁོལ་མ་འཇགས་རྗེས།

བསྐལ་པའི་གནམ་ལ་སྙེག་པའི་ཕོ་བྲང་དགུ་བརྩེགས།

ཆེས་སྙིང་དུ་སྡུག་པའི་གྲོང་ལྟག་གི་

མཁར་ཆུང་ཕྲ་མོ་ཞིག་ཏུ་གྱུར།


སྐུ་མཁར་མ་རུ།

ལོ་རྒྱུས་ཡང་ཡང་བརྡབ་གསིག་སོང་སྟེ།

རྡོ་ཡི་ཕ་བོང་། བརྩེགས་པའི་མཁར།

མ་ཎི་འབྲི་དྲུག་གི་སྙིང་ཁམས་སོགས་སུ།

བཙན་པོའི་ལོ་གསུམ་གྱི་ཏིང་འཛིན་གང་དུ་སྦས་ཡོད།


སྐུ་མཁར་མ་རུ།

བློན་ཆེན་ཞིག་གི་ང་རྒྱལ་གྱིས་འགྱིང་གླུ་ལེན་ས།

ད་ལྟ་ཞུམ་ཞིང་བག་འཁུམས་ཀྱི་ངང་།

འདི་འདྲའི་འཁོས་ཀ་ཞན་པ་ཡིན་དགོས་སམ།

འདི་འདྲའི་ཉམ་ཆུང་ཡིན་དགོས་སམ།

2020/12/20

མེ་ཏོག་ལྡུམ་རའི་ཀླན་ཀ

མེ་ཏོག་ལྡུམ་ར་ནང་།

ངེས་མེད་ཀྱི་མགྲོན་པོ་བསླུ་བའི་

ཟོལ་ཚོང་མཁན་ལས། 

དུག་སྦྲང་ཡོད་ཚོད་མི་འདུག།


མེ་ཏོག་ལྡུམ་ར་ནང་།

རིན་གོང་ལྡབ་འགྱུར་འཕར་བའི་

ཤིང་མར་གྱི་འབག་བཙོག་ལས། 

བསིལ་རླུང་ཡོད་ཚོད་མི་འདུག།


མེ་ཏོག་ལྡུམ་ར་ནང་།

དུས་ཚོད་མི་འགྲོ་བའི་

ཨ་ཅག་ཚོའི་ངག་འཆལ་ལས།

ཚངས་མགུར་ཡོད་ཚོད་མི་འདུག།


མེ་ཏོག་ལྡུམ་རའི་ནང་།

ཁྲག་རྒྱུན་མི་ཤེས་པའི་

ལྡོམ་པོ་ལས། 

གནམ་གྱི་སྐུ་སྲས་ཡོད་ཚོད་མི་འདུག། 


མེ་ཏོག་ལྡུམ་རའི་ནང་། 

འཁོར་འདས་བར་གྱི་ཀླན་ཀ་ལས།

ལྷིང་འཇགས་ཀྱི་

སྐྱེད་མོས་ཚལ་ཡོད་ཚོད་མི་འདུག །

   (མཆན།)གླང་མདུན་དཔལ་འབྱོར་གྱི་སྒྲུང་རྩོམ་ཞིག་གི་མིང་འདིར་བཏབ་པ་ཡིན།

2020/12/26


    1629690705665731.jpg

   མུན་གྲོལ། ལོ་རབས་དགུ་བཅུ་པའི་ནང་ཟུར་མང་དུ་སྐྱེས། ནང་བསྟན་མཚན་ཉིད་རིག་པ་དང་སྙན་གཞུང་མེ་ལོང་མ་སོགས་ལ་སྦྱངས་པ་ཅུང་ཟད་བྱས་ཤིང་། བར་སྐབས་སུ་རིག་གཞུང་དཔྱད་རྩོམ་དང་མི་གཤིས་མངའ་བའི་སྙན་ངག་ཁ་ཤས་བྲིས་ཏེ《གཏན་ཚིགས》དང《གངས་རྒྱན་མེ་ཏོག》《མི་རིགས་ཀྱི་རྩོམ་རིག》སོགས་སུ་སྤེལ། ད་ལྟ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་ནང་ཆེན་རྩོན་རིག་འཕྲིན་སྟེགས་ཀྱི་རྩོམ་སྒྲིག་འགན་ཁུར་མི་སྣ་བཅས་ཡིན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།