ཀྲུང་གོ་བོད་ཀྱི་དྲ་བ།

རྟ་ནག་མ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་དོན།(རྨ་ཆུ།)   སྤེལ་དུས། : 2021-08-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རིག་སྨོན་མདོ་ནས་

མཚོ་ཡི་སྐོར་འགོ་བཟུང་།

འཁོར་ལོ་དང་ཚོར་བ་གཅིག་ཏུ་འདྲེས།

གནམ་ས་ལྟེབས་རྗེས།

གཞི་ནས་རྟ་ནག་མར་སླེབས།

མེ་ཏོག་གི་སྙིང་ནས་

མིག་གི་འཇིག་རྟེན་གླེང་།

ཁྲག་རྒྱུན་དང་ཞལ་མདོག་གཅིག་ཏུ་འདྲེས།

རྔུལ་ཁྲག་སྤྲུགས་རྗེས།

གཞི་ནས་རྟ་ནག་མར་སླེབས།

མཚོ་མོ་ཡི་གོང་ནས་

རྒྱང་གི་རླབས་རིས་སྙེགས།

འབྲུག་སྒྲ་དང་གློག་ཞགས་གཅིག་ཏུ་འདྲེས།

ཇ་ཆང་མཆོད་རྗེས།

གཞི་ནས་རྟ་ནག་མར་གྱེས།

རྟ་ནག་མ།

ངས་ལོ་དང་ལོ་ལ།

རྟ་ནག་མ།

ངས་ཉིན་དང་མཚན་ལ།

ཁྱེད་རང་བརྗེད་བསྡད་མེད།

གནམ་སྔོན་པོ།

ལྷས་བྱིན་གྱི་སྤྱན་ཆབ་དེ་

མེ་ལོང་གི་ངོས་སུ་འཐིམས་

མཐིང་མདོག་གི་རྣམ་ཤེས་ཤིག་

དུས་དེ་ནས་

གནམ་སྔོན་པོར་གྱུར།

དབྱངས་ཅན་མའི་ཞལ་ཆུ་དེ་

སྒྲ་དང་སྒྲ་ལ་འཁྱུད་ཅིང་

སྒྲ་ཡི་ཚོར་བར་འཐིམ་པས་

རེག་བྱའི་ནམ་མཁའ་དེར་

ཁྱོད་ཀྱི་ཁུ་བ་བར་མེད་དུ་འཛགས

ས་ཆེན་གྱི་དངས་མ་དེ།

མི་ལོ་སྟོང་གི་ངར་ཁར་འཐབ་པས

རླུང་གི་གཤོག་བར་ནས་

ཁྱེད་རང་གཞི་ནས་ཟད

རྟ་ནག་མ།

མཚོ་སྙིང་མ་ཧ་དེ་བ་དང་ཤིན་ཏུ་ཉེ།

མཚོ་ཆུང་ནོར་བུའི་བྱ་ཁྱུ་དང་ཤིན་ཏུ་ཉེ།

སྲོད་ཀྱི་མུན་རླངས་གྲང་མོ་ཞིག་གིས་

རྟ་ནག་མར་

གཞི་ནས་ཞལ་ཁེབས་གཡོགས།

རྟ་ནག་མ།

ཁུ་བ་ནག་པོ་ཞིག་གི་བསྐྱེད་འབྲས་འེ་ཡིན།

གནམ་མཁའ་སྔོན་པོ་ཞིག་གི་མིག་ཆུ་འེ་ཡིན།

ཁེར་རྐྱང་གི་གླིང་ཕྲན།

ཁེར་འཁྱིལ་གྱི་མཚོ་མོ།

བུ་ཧ་ཆུ་བོའི་བཞུར་ལམ་ནས།

བྱེ་མ་ལ་བདུན་གྱི་སྒང་གཞུང་དུ།

ཁྱེད་ཀྱི་དྲན་པ་བསྲིངས་ཡོད།

སྨྲེང་བ་བཞུར་ཡོད།

རྟ་ནག་མ།

ལོ་ངོ་བཅུ་ཡི་སྐྲ་ལོ་འཐོར་ས།

རྟ་ནག་མ།

ལོ་ངོ་བཅུ་ཡི་རྒྱང་གླུ་སྐུར་ས།

རྟག་པ་སྔོན་པོ།

རྟ་ཁྱུ་དང་འདྲེས་ནས་ལུས་སོང་།

མི་རྟག་པའི་ལང་ཚོ།

རྟ་ཁྱུ་དང་འགྲོགས་ནས་བོར་སོང་།

རྟ་ནག་མ།

ཤ་ལ་བསྟིམས་པའི་རྟ་བའི་རྣམ་ཤེས་ནག་པོ།

རྟ་ནག་མ།

རུས་ལ་ཟུག་པའི་མཚོ་ཁའི་རྟ་བ་ནག་པོ།

རྟ་ནག་མ།

ང་སླེབས་ཐེངས་རེར་སེམས་པ་བཟི་འགྲོ།

ང་འགྲོ་ཐེངས་རེར་སེམས་རྩ་བརླན་འགྲོ།

ངའི་རྐང་འོག་གི་ཟིལ་ཆུ་དང་།

ངའི་མཐོང་ལམ་གྱི་ནམ་མཁའ།

སྙིང་གཏམ་ཚར་གཅིག་དང་།

ལྦུ་ཆང་ཧུབ་གང་ངོ་།

རྟ་ནག་མ།

ང་བཟི་རྗེས་བྲང་གཞུང་གླན་ས་དེ།

ང་གཉིད་རྗེས་རྣམ་ཤེས་འགྱེལ་ས་དེ།

རྟ་ནག་མ།

བེམ་པོ་ནག་པོ་ཞིག་དང་

དྲན་པ་དཀར་པོ་གཉིས་

ཁུ་ཁྲག་བཞིན།

གཞི་གཅིག་ཏུ་འདྲེས་ས།

རྟ་ནག་མ།

ནག་པོ་ནག་པོ་ཞིག

སྔོན་པོ་སྔོན་པོ་ཞིག

༢༠༢༡ ༨  ༡༩ལ་རྨ་ཆུ་ནས་བཅོས།


1(1).jpg

ཚེ་རིང་དོན་གྲུབ། སྨྱུག་མིང་ལ་ཨ་དོན་དུ་འབོད། གྱ་གཉིས་ལོར་མདོ་སྨད་བྱང་ཉི་མ་བླ་བྲང་གི་མི་སྡེ་ཆེ་ཁག་ཨ་མཆོག་ཚོ་བརྒྱད་ཀྱི་ཡ་གྱལ་མུ་ཏོ་སྔོན་པོ་རྒྱལ་གྱི་ཚོ་བར་གཏོགས་པའི་ཡུལ་སྡེ་ལྦ་སྣ་ས་ཆར་སྐྱེས་ཤིང་།རང་ལོ་བརྒྱད་ཀྱི་སྟེང་ནས་ལོ་ངོ་བཅུ་དགུ་ལ་ཡ་རུ་རྒྱུད་ཞང་ལྟེ་བའི་སློབ་ཆུང་དང་། དེ་ནས་རིམ་བཞིན་གཙོས་བོད་རིགས་སློབ་འབྲིང་། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་བཅས་སུ་འགྲིམས་མཐར་བོད་ཀྱི་དེང་རབས་རྩོམ་རིག་གི་ཞིབ་འཇུག་སློབ་མའི་འབྲས་རྟགས་ཐོབ། ཉིས་སྟོང་ལྔ་ལོ་ནས་བཟུང་རྨ་ཆུ་རྫོང་དུ་གཞུང་ཞབས་པའི་ལས་ལ་ཞུགས་པ་ནས་ད་ལྟའི་བར་མི་ལོ་བཅོ་ལྔ་ཙམ་འདས་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།