ཀྲུང་གོ་བོད་ཀྱི་དྲ་བ།

ལམ་འདི་ཁོ་ནར་དབུལ་ཕྱུག་འདྲ་མཉམ་ཡིན།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ལུག་རྫི།   སྤེལ་དུས། : 2021-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བ་ཟེར་བ་འདི་ཆུ་ཚོད་འཁོར་ལོ་དང་འདྲ་ཞིང་།

ཚག་ཚག་གི་སྒྲ་ཆུང་རེ་རེ་སྙིང་གི་འཕར་ལྡིང་གི་མཚོན་བྱེད་ཡིན་ལ།

དལ་མེད་བགྲོད་པའི་སྐར་མདའི་འཁོར་སྟངས་དེ་ནི་ཚེ་སྲོག་གི་བསྡུས་གཟུགས་སིལ་བུར་གཏོང་བའི་གོ་རིམ་ཞིག་ཡིན།

མི་རེ་རེར་རང་ཉིད་ལ་དབང་བའི་འཚོ་བ་རེ་ཡོད།

མི་ལ་ལའི་འཚོ་བར་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཚང་ཡོད།

རེ་འགར་འཇའ་ཚོན་སྣ་ལྔའི་ཁ་དོག་གིས་བརྒྱན་ཡོད།

ཁ་ཅིག་ངན་པ་དགུ་འཛོམས་ཀྱི་གནས་ཚང་ཡིན།

ཁ་ཤས་ཡི་དྭགས་ཁྱུ་ཡི་འཇིག་རྟེན་དུ་ངེས།

ནམ་ཞིག་ཚག་སྒྲ་ཐོས་རྒྱུ་མེད་ཚེ་སྐྱིད་ལ་སྡུག་པའི་མི་ཚེར་ཞལ་གྱེས་ཞུ་བའི་སྟ་གོན་བྱེད་རན་ཨང་།

སྐར་ཆ་རེ་རེས་འགྲུལ་མཚམས་མ་བཞག་པར་ཐྲིག་ཐྲིག་གི་གོམ་སྒྲ་དང་བཅས་ཏེ།

སྐར་མདར་ཚ་འདེད་གཏོང་ཞིང་ཆུ་ཚོད་མདུན་ནས་མདུན་ལ་འདེད། ཉིན་སྲིབ་རེས་མོས་ཀྱིས་གཟའ་འཁོར་ལ་དཔུང་འཇུག་བྱས།

ཟླ་བ་ཞེས་པའི་རྒྱལ་ཕྲན་སིལ་མ་དབང་དུ་བསྡུས་ཏེ། ལོ་ཡི་རྒྱལ་ཁམས་ཆེན་པོའི་སྲིད་ཁྲིར་ཞབས་སོར་འཁོད།

བྱ་བ་ཡོད་མཁན་དག་ཆུ་ཚོད་ཀྱིས་ལུག་ཁྱུ་བཞིན་སྒང་གཤོང་འབར་འབུར་ལ་དེད་དེ་ལྷོད་པོར་བཞུགས་ལོང་མི་སྟེར་ཞིང་།

བྱ་བ་མེད་མཁན་དག་ནི་ཉི་ཟླ་རེས་འཁོར་གྱིས་ན་ཚོད་ཀྱི་ཁུར་པོ་བཀལ་ཏེ་སྐྱིད་པོའི་མལ་ནས་ཉལ་བཟོད་མི་བདེ་བར་གཏོང་།

མི་རེ་རེས་རང་རང་ས་ན་ཁ་སང་གི་བྱ་བར་ཉོབ་སྣང་ཅི་ཡང་མེད་པར་ལས་སྐྱོར་བྱེད་ཅིང་།

ཁ་སང་གི་མི་ལ་སུན་སྣང་ཁྱོན་ནས་མེད་པར་ཐུག་སྙིང་འདོད།

ཁ་སང་ལ་ལད་མོ་བྱས་ནས་དེ་རིང་གི་བྱ་བ་བསྒྲུབས་ཤིང་།

ལད་མོ་སུ་མཁས་ཀྱི་འགྲན་སྡུར་ཁྲོད་སང་ཉིན་གྱི་བྱ་བའི་ཡང་ལྕིའི་ཁྱད་པར་བྱུང་།

དེ་རིང་གི་བྱ་བ་ནི་ཁ་སང་གི་ལས་འཕྲོ་ཡིན་པས།

དེ་རིང་གི་ལས་གཞུག་ཀྱང་སང་ཉིན་ལ་གཞག་དགོས། སང་ཉིན་གྱིས་སླར་ཡང་སང་ཉིན་ལ་བཅོལ་འགྲོ།

སང་ཉིན་ནི་གམ་དུ་ཡོང་གིན་པའི་སང་ཉིན་འབུམ་ཕྲག་གི་མིག་དཔེར་ངེས་ལ།

རྒྱང་དུ་བཞུད་ཟིན་པའི་དེ་རིང་ཁྲི་སྟོང་གི་ལས་གཞུག་གུ་སྐྱོང་མཁན་ཡང་ཡིན། །

ཆོག་ཤེས་ནི་བདེ་སྐྱིད་ཡིན་ན། བདེ་སྐྱིད་ལ་སྣང་བ་མི་འཇོག་དོན་ག་རེ་ཡིན་ནམ།

ཟས་ཞིམ་པོ་ཁམ་གང་དང་གཉིད་སྐྱིད་པོ་མཚན་གང་ཁུག་ན་དེ་ཡིས་འདོད་བློ་ཅིས་མི་ཚིམ།

ཡོད་ན་སྲུང་བའི་སེམས་ཁྲལ་ཕྱུག་པོའི་སེམས་ལ་ལྕི་ཞིང་།

མེད་ན་གསོག་པའི་འོ་བརྒྱལ་དབུལ་པོའི་ལག་ན་གསལ།

འཚོ་བ་ཟེར་བ་ནི་ཆུ་ཚོད་འཁོར་ལོ་དང་འདྲ་བས། དབུལ་ཕྱུག་སུ་ཡིན་ཡང་མི་ཚེ་འཁྱོལ་འགྲོ།

ཕྱུག་པོས་བསགས་ཚད་མཛོད་ཁང་དུ་བསྡུས་ཏེ་ལག་སྟོང་མཆན་ལ་བཅུག་ནས་འགྲོ་མཁན་མོད་ལ།

དབུལ་པོས་བྱུང་ཚད་ཕངས་མེད་དུ་བཀོལ་ཞིང་འགྲོ་ཆས་བསྒྲིགས་ཏེ་སྙེག་མཁན་དེ་བས་མང་།

མདོར་ན་ཆེས་མཐའ་མའི་འགྲོ་ལམ་གཅིག་པུ་ཡིན་ཞིང་།

དེ་ཡང་མྱུར་ལམ་ན་རླུང་ལྟར་བགྲོད་པའི་རླངས་འཁོར་ནང་བཞིན་ད་དུང་མི་འགྲོ་ཞེས་ཁ་ཕྱིར་འཁོར་ནས་ལྟག་ལོག་རྒྱག་ས་ཞིག་ཁྱོན་ནས་མེད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།