དབྱངས་ཀྱི་རྒྱལ་མོ་དགྱེས་པའི་མཆོད་སྤྲིན།

སྐུ་མདོག་དུང་ཟླའི་མདངས་བཞིན་ཡིད་འཕྲོག་པ། །

སྙན་པའི་རྒྱུད་མངས་དཀྲོལ་ལ་རབ་མཁས་པའི། །

སྒྲ་དབྱངས་རྒྱལ་མོའི་སྐུ་གསུང་ཐུགས་གསུམ་ལ། །

ཇི་སྲིད་བར་དུ་མི་འབྲལ་ཕྱག་འཚལ་ལོ། །

རྣམ་དཔྱོད་ཆུ་འཛིན་དཀར་པོའི་ལྡིང་ཁང་དུ། །

རབ་མཛེས་མཚོ་བྱུང་ལྷ་མོའི་ཐུགས་རྗེའི་འོད། །

བདག་ཡིད་མ་རིག་ཀློང་ལ་འཕྲོས་གྱུར་ནས། །

ཟབ་གསལ་མྱུར་བའི་ཤེས་རབ་ད་སྩོལ་ཅིག །

འཇོ་སྒེག་མཛེས་སྡུག་ལང་ཚོས་ས་གསུམ་གཡོ། །

སྙན་འཇེབས་སྒྲ་དབྱངས་རྣ་བའི་བུ་གར་སྨིན། །

དབྱངས་ཅན་ལྷ་མོའི་བརྩེ་བས་རྗེས་བཟུང་ནས། །

སྐུ་ཡི་དངོས་གྲུབ་བདག་ལ་སྩོལ་བར་ཤོག །

བདུད་རྩི་རྒྱ་མཚོའི་གནས་ལས་བྱུང་བ་ཡི། །

འཛུམ་མདངས་འབྲས་ལྡན་ཟླ་བ་རྒྱས་འདྲ་བ། །

ངག་དབང་ལྷ་མོའི་གསང་གསུམ་འཕྲིན་ལས་ཀྱི། །

གསུང་གི་དངོས་གྲུབ་བདག་ལ་སྩལ་དུ་གསོལ། །

ཤེས་བྱའི་གནས་ཀུན་མ་ལུས་མཁྱེན་པའི་གཏེར། །

རོལ་སྒེག་གར་གྱིས་འགྱིངས་པའི་ཚངས་སྲས་མའི། །

མ་ལྟར་བརྩེ་བ་ཆེན་པོས་རྗེས་བཟུང་ནས། །

ཐུགས་ཀྱི་འཕྲིན་ལས་བདག་ལ་དབབ་པར་མཛོད། །

མཛེས་སྡུག་ལང་ཚོའི་སྐུ་ཡི་དཔལ་འབར་ཞིང་། །

གསུང་གི་དངོས་གྲུབ་མཆོག་གིས་བཅུད་ལྡུད་པ། །

ཐུགས་ཀྱི་བརྩེ་བས་འགྲོ་ཀུན་སྐྱོང་མཛད་པའི། །

དབྱངས་ཀྱི་རྒྱལ་མོས་རྗེས་སུ་འཛིན་གྱུར་ཅིག །

རབ་དཀར་དུང་མདོག་སྟོང་གི་འཛུམ་རྒྱ་གྲོལ། །

རྒྱུད་དྲུག་པི་ཝང་ཐོས་འཛིན་བུ་གར་སྙན། །

ཕྲ་ཞིབ་ཤེས་བྱས་ཐུགས་རྒྱུད་རབ་མཛེས་པའི། །

དྲི་ཟའི་བུ་མོས་བདག་བློ་སྐྱོང་གྱུར་ཅིག །

དད་པའི་རླབས་ཕྲེང་གཡོ་བའི་གུར་ཁང་ནས། །

མཛེས་སྡུག་ལྷ་མོའི་འཕྲིན་ལས་གངྒཱའི་རྒྱུན། །

བདག་སོགས་འགྲོ་བའི་བློ་ཡིས་ཚིམས་གྱུར་ནས། །

མ་རིག་མུན་པའི་ཚོགས་ཀུན་འཇོམས་གྱུར་ཅིག །

ལྷ་ལམ་དབྱིངས་ན་རྩེན་པའི་ཚངས་སྲས་མའི། །

ཞལ་རས་ཟླ་བ་རྒྱས་པའི་འཛུམ་མདངས་ཀྱིས། །

བློ་དམན་ཡིད་ཀྱི་རྨོངས་མུན་དཔུང་ཚོགས་ལ། །

ཡེ་ཤེས་འོད་ཀྱི་སྣང་བས་བསལ་བར་མཛོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།